རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར།
རྟ་ནག་སྐལ་བཟང་ལུང་རིགས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་བདུད་ཤུལ་གྱོལ་སྐོར་ཞེས་པའི་འབྲོག་སྡེ་ཆེན་མོ་ཞིག་ཏུ་སྐྱེས། ཆུང་དུས་ནས་ས་གནས་ཀྱི་སློབ་ཆུང་དང་གྱོལ་སྐོར་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་། སྐུ་འབུམ་བྱམས་པ་གླིང་སོགས་སུ་སློབ་གཉེར་བྱས། སྤྱི་ལོ༢༠༠༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་བོད་རྒྱ་དབྱིན་གསུམ་རྩིས་འཁོར་དང་བཅས་པར་སློབ་གཉེར་བྱས་ཏེ་སློབ་མཐར་ཕྱིན། ༼གངས་རྒྱན་མེ་ཏོག་༽གཙོས་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་དང་། ལྷུག་རྩོམ། དཔྱད་རྩོམ་ཉིས་བརྒྱ་ཙམ་སྤེལ། སྙན་ངག་བརྩམས་ཆོས་ཀྱི་སྐོར་ལ་༼མྱ་ངན་གྱི་རོལ་དབྱངས༽སོགས་དང་། ལོ་རྒྱུས་ཀྱི་སྐོར་ལ༼མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་འབྲོག་སྡེ་དག་གི་བྱུང་བ་བརྗོད་པ༽བཅས་དང་། གཞན་ཡང་འབྱུང་འགྱུར་དེབ་གཟུགས་སུ་དགྲམ་འགྱུར་གྱི་དཔེ་ཀློག་ཟིན་ཐོ༼རྣམ་ཐར་བརྒྱ་ཡི་བཀླག་བྱང་༽སོགས་ཡོད། གཞན་གྲགས་ཅན་མི་སྣའི་གཏམ་བཤད་བོད་འགྱུར་མ་སོགས་ཡོད་ལ། ད་ལྟ་རང་ཡུལ་དུ་སློབ་གཉེར་གྱི་རྒྱུནབསྐྱངས་དང་སྐྱོང་བཞིན་པ་བཅས་སོ།།
གསོལ་འདེབས་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།
བླ་མ་རིན་པོ་ཆེ་རྗེ་སྐལ་བཟང་ཡེ་ཤེས་གྲགས་ལ་ཕུལ་བ།
བདག་བློ་འཛིན་མའི་ལྟོ་བར་མ་ཤོངས་པའི།།
ཁྱོད་ཀྱི་མཁྱེན་པ་རྒྱ་མཚོའི་ཀློང་ཆེན་གྱིས།།
བདག་སེམས་དད་པའི་ཝུ་དཀར་རྩེན་པར་བྱས།།
ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།
རྒྱལ་བསྟན་འཛིན་ཅིང་སྤེལ་བར་མཛད་པ་ལ།།
ཐོས་བསམ་སྒོམ་པའི་དཔལ་ལ་རག་ལས་ཤིང་།།
དེ་ཡང་སྔོན་དུ་ཐོས་པ་གལ་ཆེན་གཟིགས།།
རྒྱ་ཆེན་ཐོས་པ་མཛད་ལ་གསོལ་བ་འདེབས།།
བདེན་པར་འཛིན་པ་ཆུ་འཛིན་ནག་པོའི་གཟུགས།།
ཀ་དག་གདོད་མའི་དབྱིངས་སུ་བསྐྲད་བྱས་ཏེ།།
སྣང་སྟོང་ཕན་ཚུན་གྲོགས་སུ་འཆར་བ་ཡི།།
ཀླུ་སྒྲུབ་དགོངས་དོན་རྟོགས་ལ་གསོལ་བ་འདེབས།།
རྟེན་འབྱུང་རིགས་པའི་ཞུགས་ཆེན་མཆེད་པའི་གཟིས།།
དངོས་འཛིན་རྐང་འཐུང་གཏན་དུ་སྲེག་མཛད་ནས།།
བློས་བྱས་ལྟ་ངན་མུན་པའི་དཔུང་བུ་ཆུང་།།
མིང་གི་ལྷག་མར་བཅོམ་ལ་གསོལ་བ་འདེབས།།
མཁྱེན་པ་རྟ་བདུན་འདྲེན་པའི་ཤིང་རྟ་ཡིས།།
ལེགས་པར་དྲངས་པའི་རྒྱུད་དོན་མཐའ་དྲུག་དང་།།
ཚུལ་བཞི་ཉིན་བྱེད་འོད་ཀྱི་རླབས་ཕྲེང་གིས།།
བླ་མེད་ཐེག་པ་འཛུམ་ལ་གསོལ་བ་འདེབས།།
ལུང་ཆོས་སྡེ་སྣོད་ནགས་མའི་དོ་ར་རུ།།
བསླབ་གསུམ་མེ་ཏོག་རྒྱན་གྱིས་སྦུད་པ་ཡིས།།
དད་འབངས་ཁུ་བྱུག་འགུགས་པའི་ལྕགས་ཀྱུ་ཅན།།
ཐར་བའི་ས་མཁན་ཁྱོད་ལ་གསོལ་བ་འདེབས།།
བསྟན་པའི་ནང་མཛོད་འདུལ་བའི་ཉམས་ལེན་ཀྱི།།
འདུལ་ཁྲིམས་ཆུ་ལོན་བརྟན་པོ་ཉེར་བཙུགས་ནས།།
བག་མེད་ཉེས་པའི་ཆུ་ཀླུང་འགོག་མཛད་པའི།།
གནས་བརྟན་འདུལ་བ་འཛིན་ལ་གསོལ་བ་འདེབས།།
བཀའ་པོད་ལྔ་སོགས་གཞུང་བརྒྱའི་གངྒཱ་མ།།
དགོན་འདིར་ལེགས་པར་དྲངས་པའི་ཉེར་ལེན་གྱིས།།
བསྟན་པའི་ཀ་ཆེན་སླར་ཡང་བཙུགས་སོ་ཞེས།།
ལྷ་རྣམས་བསྔགས་པ་མཛད་ལ་གསོལ་བ་འདེབས།།
ཀུན་བཟང་སྤྱོད་མཆོག་པད་མའི་མཚོ་ཆེན་ངོགས།།
ཡིད་ཀྱི་ངང་མོ་རྩེན་པའི་གདུལ་བྱའི་ཚོགས།།
དད་པའི་དབྱངས་སྙན་ཀུན་གསལ་མཐའ་ལས་འགོངས།།
འཕྲིན་ལས་མཁའ་དང་མཉམ་ལ་གསོལ་བ་འདེབས།།
འདི་ན་མྱ་ངན་མེད་པའི་རྐང་འཐུང་གིས།།
བསིལ་བའི་རེག་བྱ་སྦྱིན་པའི་འདབ་མ་སྟོང་།།
ཉིན་དང་མཚན་ལ་འདབ་ཡངས་ཟུམ་པར་བྱེད།།
སྙིང་རྗེ་པད་དཀར་འཛིན་ལ་གསོལ་བ་འདེབས།།
ཕ་རོལ་མངའ་ཐང་མི་བཟོད་འབྱུང་བྱའི་ཁྱུས།།
མི་མཐུན་དབྱེན་གྱི་སྦྱོར་བ་བརྩམས་ན་ཡང་།།
བརྩེ་ཆེན་ཕྱག་གིས་ནམ་ཡང་མི་གཏོང་ཞེས།།
བདག་ལ་ལྷག་པར་བརྩེ་ལ་གསོལ་བ་འདེབས།།
ཤེས་རབ་ཉི་མའི་འོད་ཀྱི་འཛུམ་མདངས་ཀྱིས།།
དད་པའི་པད་མོ་མངོན་པར་འཛུམ་པ་ཅན།།
ནམ་ཡང་སྐྱབས་ལས་མི་འདོར་ཐུགས་རྗེ་ཅན།།
འདྲེན་མཆོག་ལྷ་ཡི་ལྷ་ལ་གསོལ་བ་འདེབས།།
མདོར་ན་ཡོངས་རྫོགས་བསྟན་པའི་གནད་རྣམས་ཀུན།།
ཇི་བཞིན་གཟིགས་ནས་ལེགས་པར་བསྟན་བྱས་པས།།
ཐར་བར་འདོད་པ་ཡོངས་ཀྱི་ས་མཁན་མཛད།།
ཚད་མའི་སྐྱེས་མཆོག་ཁྱོད་ལ་གསོལ་བ་འདེབས།།
དེང་ནི་བླ་སྤྲུལ་ཆེན་པོའི་ཆེན་པོ་དག།
རྒྱུ་འབྱོར་མངའ་ཐང་བླ་བྲང་རྫིག་པོ་ལ།།
དགྱེས་ཀྱང་ཁྱོད་ཉིད་འདོད་ཆུང་ཆོག་ཤེས་མཛད།།
སྙིགས་དུས་མི་ལ་གཉིས་པར་གསོལ་བ་འདེབས།།
ལེགས་ཉེས་མི་ཤེས་མུན་པར་འཁྱམས་པ་དང་།།
ཀུན་ནས་རབ་ཏུ་འཐོམས་པའི་ཡིད་ཅན་ལ།།
བཤད་དང་སྒྲུབ་པའི་སྣང་བའི་མཛོད་ཆེན་གྱིས།།
ཐར་བའི་ལམ་ཆེན་གསལ་བའི་དཔལ་ཐོབ་ཤོག།
དབྱངས་ཅན་མ།
བརྩེ་ཆེན་པད་དཀར་ཕུང་ཕུང་ཆགས་པའི་འོད།།
ཉམ་ཐག་སེམས་ལ་དར་ཅིག་ལྷུང་བ་ན།།
བདེ་ཆེན་དངོས་གྲུབ་རེག་པའི་དབྱངས་ཅན་ལྷ།།
ཟབ་དོན་གླུ་རུ་འགུགས་བཞིན་ད་ཚུར་སྤྱོན།།
ང་ཡིས་མེ་ཏོག་རྐང་གཅིག་བཏེགས་བྱས་ནས།།
ཁྱེད་ཀྱི་སྒོ་དྲུང་ག་ལེར་ཉུལ་བ་ན།།
བརྩེ་བའི་ཕྱག་རྒྱ་ཅན་གྱི་ལྷ་མོ་དེས།།
བདག་ལ་སྤྱན་མིག་གཡོར་རམ་དབྱངས་ཅན་མ།།
མྱ་ངམ་ཐང་གི་ཚོར་བ་མིག་ཆུ་ཅན།།
ཁྱོར་བར་བཏེགས་ནས་སྨྲེ་སྔགས་འདོན་ལགས་ན།།
ཞི་བའི་འཛུམ་མདངས་ཅན་གྱི་ལྷ་མོ་དེས།།
བདག་གི་མིག་ཆུ་འབྱིད་དམ་དབྱངས་ཅན་མ།།
སྨྲ་བ་ཆད་ཅིང་གྲེ་བ་འགག་པའི་ཚེ།།
ལུས་ཀྱི་ཕྱག་རྒྱས་གདུང་སེམས་སྟོན་ལགས་ན།།
པི་ཝང་རྒྱུད་སྟོང་ཅན་གྱི་ལྷ་མོ་དེས།།
བདག་ལ་སྙན་ངག་སྩོལ་ལམ་དབྱངས་ཅན་མ།།
རབ་མེད་འཁོར་བའི་ཆུ་བོ་བྲུགས་པའི་ཚེ།།
སྡུག་བསྔལ་གཅོང་རོང་ཟབ་མོར་ཚུད་ལགས་ན།།
པད་དཀར་ཕྱག་མཚན་ཅན་གྱི་ལྷ་མོ་དེས།།
བདག་ལ་སེམས་གསོ་ཨེ་མཛད་དབྱངས་ཅན་མ།།
གྲོགས་ཀྱི་ཕྱི་ཐག་བསྟུངས་ཤིང་ཁྲེལ་གཞུང་དབེན།།
ཡིད་རྟོན་ཉམས་ཉེས་ཆེན་པོར་འཕྲད་ལགས་ན།།
བརྩེ་ཞེན་ལྕགས་ཀྱུ་འཛིན་པའི་ལྷ་མོ་དེས།།
བདག་ལ་སྙིང་གཏམ་ཨེ་གསུང་དབྱངས་ཅན་མ།།
མི་སེམས་གཡོ་དང་སྒྱུ་ཡིས་བྲིད་བྱས་ནས།།
སྙན་ངག་སྣང་བ་མོག་པོར་བྱས་ལགས་ན།།
གཉུག་སེམས་རང་ཞལ་སྟོན་པའི་ལྷ་མོ་དེས།།
སྒྲིབ་མེད་སེམས་ངོ་ཨེ་སྟོན་དབྱངས་ཅན་མ།
དུས་ཀྱི་འགྱུར་བ་མེ་ལྕེ་རླབས་ཕྲེང་གིས།།
མི་གཤིས་བུད་ཤིང་སྐད་ཅིག་སྲེག་ཉེ་ན།།
ཞི་དུལ་གོས་དཀར་ཀླུབ་པའི་ལྷ་མོ་དེས།།
ཉེན་ཁའི་གཡང་ལས་ཨེ་སྐྱོབས་དབྱངས་ཅན་མ།།
སྣ་ཚོགས་ཤེས་རིག་ཧ་ལའི་དུག་ཆེན་གྱིས།།
ཡང་དག་ལྗོན་པའི་རྩ་བ་སྐམ་ཉེ་ན།།
བདུད་རྩིའི་བུམ་བཟང་སྣམ་པའི་ལྷ་མོ་དེས།།
བསིལ་བའི་རེག་བྱ་ཨེ་སྦྱིན་དབྱངས་ཅན་མ།།
གཞན་སྐད་ཉི་མས་གདུངས་པའི་གླང་ཆེན་ཁྱུས།།
རང་སྐད་པད་ཚལ་འཇོམས་ལ་མངོན་ཕྱོགས་ན།།
ལྗགས་ལ་བྱིན་རླབས་འཁྱིལ་བའི་ལྷ་མོ་དེས།།
སྐད་གཉིས་དངོས་གྲུབ་ཨེ་སྩོལ་དབྱངས་ཅན་མ།།
གཞན་དོན་ཡལ་བར་དོར་ནས་རང་དོན་ལ།།
བརྩོན་པའི་བློ་ཡིས་ཡོངས་སུ་བྲིད་ལགས་ན།།
བདག་གཞན་མཉམ་བརྗེར་གོམས་པའི་ལྷ་མོ་དེས།།
བྱང་སེམས་རིལ་བུ་ཨེ་གནང་དབྱངས་ཅན་མ།།
བདག་ནི་ཐ་མའི་ནང་གི་ཐ་མ་སྟེ།།
ཁྱེད་ཀྱི་མཚན་ཙམ་འབོད་པའང་བརྗེད་ལགས་ན།།
ཉེ་རིང་ཕྱོགས་ལྷུང་བྲལ་བའི་ལྷ་མོ་དེས།།
བདག་ལ་ཞལ་ངོ་གཟིགས་སམ་དབྱངས་ཅན་མ།།
ལས་ཀྱི་སྒྲིབ་པ་འདི་ཡིས་ནོན་ཆེ་བས།།
ཆོས་དོན་ཚིགས་བཅད་ཙམ་ཡང་གཟུང་དཀའ་ན།།
ཤེས་རབ་ལམ་ལམ་འབར་བའི་ལྷ་མོ་དེས།།
བདག་ལ་རིག་པ་སྩོལ་ལམ་དབྱངས་ཅན་མ།།
ཉོན་མོངས་ནགས་ཀྱི་ཞུགས་ཆེན་མཆེད་པའི་རླབས།།
དགེ་སེམས་ལྗོན་པའི་ཕུང་བོ་སྲེག་ཉེ་ན།།
སྒྲིབ་བྲལ་བདེ་ཆེན་ཕྱག་རྒྱའི་ལྷ་མོ་དེས།།
ཕྲ་རྒྱས་རྩ་བ་གཞོམས་སམ་དབྱངས་ཅན་མ།།
དཔེ་མང་བཀླགས་པས་ཤེས་རབ་འཆལ་གྱུར་ཞིང་།།
དཔེ་ངན་བལྟས་པས་ལོག་ལམ་འཁྲིད་ཉེ་ན།།
ཡང་དག་ལྟ་བར་གོམས་པའི་ལྷ་མོ་དེས།།
ལྟ་བའི་གོལ་ས་སྟོན་ནམ་དབྱངས་ཅན་མ།
འདི་ནས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ།།
ལྷ་མོ་ཁྱེད་ཀྱི་སྤྱན་གྱིས་མི་གཏོང་ཞིང་།།
ངག་གི་གདངས་ལ་ཞི་བའི་རེག་བྱ་ཅན།།
ཐོབ་པའི་སྐལ་བཟང་སྩོལ་ཅིག་དབྱངས་ཅན་མ།།
འོད་དང་ཁ་བ་ཡིན་པའི་ཙོང་ཁ་བ།
ཙོང་ཁའི་རི་ལ་སྨུག་པ་དམ་དུམ་ཆད།།
ཉི་ཟེར་བཅིབས་པའི་སྐྱེས་ཆེན་གང་དུ་འཁྲུངས།།
བྱ་ཁྱུང་རི་བོའི་དབུ་ལ་འཇའ་ཚོན་བབས།།
གསེར་གྱི་རྨུ་ཐག་ཅིག་ལ་ཨ་ཡིག་འཁྲུངས།།
གསེར་གྱི་ལོ་མ་འབུམ་ལ་བྱིན་རླབས་འཁྲུངས།།
སྐྱེས་ཆེན་གང་གི་མནལ་ལམ་འཇའ་འོད་ཟུག།
ཤར་ཕྱོགས་གངས་དང་རྫ་ཡི་ཟེ་བ་ལ།།
འོད་དང་ཁ་བ་གཉིས་ཀ་ལམ་ལམ་བབས།།
གངས་རིའི་ཐང་ལ་མེ་ཏོག་སེར་བོ་སྐྱེས།།
རྨ་ཆུའི་མདངས་ལ་གསེར་གྱི་ཞུན་མ་འདྲེས།།
བྱ་ཁྱུང་རི་ལ་སྐེ་རགས་སེར་བོ་བཅིངས།།
རྟེན་འབྲེལ་ཆོས་ཀྱི་དབྱིངས་ནས་འགྲིག་སོང་སྐད།།
དགུང་ལོ་བཅུ་དྲུག་ཁ་བ་དཀར་བོ་ཡིན།།
ཁ་བའི་མདངས་ལ་གསེར་གྱི་ཉི་འོད་འདྲེས།།
དབུས་ཀྱི་ལྷ་ལྡན་ཟེར་བའི་མཚན་ལམ་བྱུང་།།
ཆོས་ཀྱི་ཨ་ཡིག་གྲགས་པའི་རྟེན་འབྲེལ་བྱུང་།།
ཕྱིར་མི་ལྡོག་པའི་ཕྱི་མིག་གང་དུ་ཤོར།།
ཙོང་ཁའི་སྐྱེས་རི་བཤུམས་པ་ཨེ་མཐོང་ལགས།།
ཡུམ་ཆེན་སེམས་ནས་ངུས་པ་ཨེ་ཚོར་ལགས།།
ཨ་སྐྱོ་བ་ཡི་ལས་དབང་ལྕི་ལགས་སམ།།
བྱང་ཐང་བུ་ཡུག་འཚུབ་པས་གངས་རི་འགུལ།།
མནབས་བཟའ་སྲབ་སྲབ་ཡིན་པས་གྲང་ལགས་སམ།།
སྨུག་པ་བུ་ཡུག་བྱུང་བས་སྐྱས་ལམ་འགོག།
ཞབས་ཐང་བགྲོད་པ་འདི་ཡིས་ངལ་ལགས་སམ།།
རི་དང་ཆུ་ཆེན་བརྒལ་བར་དཀའ་བ་ཡོད།།
ཨ་ཆེན་གངས་ལ་སྐྱོ་བ་བརྩེགས་མར་བབས།།
ཤན་ཐབས་འདབ་ཁ་རལ་བའི་ཨ་སྐྱོ་བའི།།
མནལ་བའི་ལམ་ལ་གླེགས་བམ་ཁྲི་སྟོང་འཁོར།།
ཉི་མའི་གྲོང་དུ་གསེར་གྱི་ཆོས་འཁོར་མཐོང་།།
གསེར་ཁྲི་དག་ཀྱང་ག་ལེར་འགུལ་བ་མཐོང་།།
གླེགས་བམ་གསེབ་ལ་ཤར་བའི་ཨ་སྐྱོ་བ།།
གངས་ཀྱི་གསེར་ཏོག་ཡིན་པའི་དབུ་ཁྱུད་བྱུང་།།
དབུས་དང་གཙང་ལ་ཞབས་ཀྱི་རི་མོ་བབས།།
ལམ་བུ་མང་བོར་འོད་ཀྱི་སེར་ཀ་བཏོད།།
གངས་ཀྱི་སྲུབས་ལ་རྟེན་འབྱུང་མེ་ཏོག་གད།།
རི་རབ་འགུལ་བའི་སྒྱུ་འཕྲུལ་གང་ནས་བྱུང་།།
གླེགས་བམ་བཅུ་བདུན་ངག་སྒོ་མཉམ་དུ་ཕྱེས།།
རི་ཆེན་གཙང་ཆེན་དག་ཀྱང་ཡོམ་ཡོམ་འགུལ།།
གདན་ས་དག་ལ་སྤྲིན་རྒྱབ་ཉི་འོད་འཕྲོས།།
ཨེ་མ་གོ་ལའི་སྒང་ལ་མེ་སྟག་གད།།
ཡུམ་ཆེན་ལན་བུ་དཀར་བའི་ཉིན་ཐོ་འབྱོར།།
ཕ་ཡུལ་གཙང་བོ་བཞུར་བའི་ཤག་སྒྲ་ཐོས།།
གདུང་བ་ཞིག་དང་བརྩེ་བ་ངང་གིས་འཁོར།།
སེམས་དཔའ་ཆེན་པོ་ཁྱེད་ཉིད་ངལ་ལགས་སམ།།
ཡུམ་ཆེན་དྲན་པའི་སྤྱན་ཆབ་ཐུགས་ཀྱིས་མཆོད།།
རླབས་ཆེན་ཐུགས་བསྐྱེད་ཁ་བའི་མདངས་ཀྱིས་འཕྲོས།།
རྒྱལ་སྲས་སེམས་དཔའ་ཆེན་པོའི་སྙིང་སྟོབས་ཀྱིས།།
ཆིབས་ཁ་ཡང་བསྐྱར་དགའ་ལྡན་རི་ལ་བསྐོར།།
དགའ་ལྡན་རི་ལ་ཉི་ཟླ་སྟོང་ཕྲག་ཤར།།
རྟེན་འབྱུང་རིགས་པའི་མེ་ཏོག་སླར་ཡང་སྐྱེས།།
སྔར་མེད་དབུ་མའི་སྒྲོན་མེ་འོད་ཀྱིས་སྤར།།
ཤར་གྱི་གངས་རི་ཁྱེད་ཉིད་ད་དུང་དྲན།།
དགའ་ལྡན་ལྔ་མཆོད་ཉིན།
ལྟ་མགུར་དབེན་པའི་རྒྱང་གླུ།
འདི་ནས་ནུབ་ཀྱི་ནགས་མའི་ཚལ་ཆེན་ན།།
ཤིང་གི་ལོ་མས་རྟེན་འབྲེལ་མགུར་དུ་ལེན།།
ཆུ་ཡི་ཐིག་པས་སྙིང་རྗེ་བསིལ་བ་གཏོར།།
འོད་ཀྱི་དབུས་ལ་ཞི་བའི་ཕྱག་རྒྱ་འཛུམ།།
སྣང་ཡང་སྟོང་བའི་མི་བསླུའི་རྟེན་འབྲེལ་དང་།།
སྟོང་ཡང་སྣང་བའི་རྒྱུ་འབྲས་གཤིས་ལུགས་སོགས།།
སེམས་ཉིད་ནམ་མཁའ་ཡངས་པོ་གསལ་ལེར་འཆད།།
གཉིས་སྣང་ནུབ་པའི་གད་མོ་ལྷུག་ལྷུག་དགོད།།
སེམས་ཀྱི་སྨུག་པ་དྭངས་པའི་ཕ་རོལ་ན།།
ཆོས་ཉིད་དོན་གྱི་རྒྱལ་བོ་ཁྲི་ལ་བཞུགས།།
སྣང་བས་སྣང་བ་རྩོད་པའི་འཇིག་རྟེན་འདིར།།
གཉུག་མའི་ཟླ་ཞལ་མཐོང་བ་སུ་ཞིག་ཡོད།།
སྔ་དྲོ་སྐྱིད་སྐྱིད་འདྲ་བའི་སྣང་བ་དང་།།
ཕྱི་དྲོ་སྡུག་སྡུག་ཡིན་པའི་སྣང་བ་གཉིས།།
ཐ་སྙད་གཅིག་གི་བློ་ལ་ཇི་ལྟར་འཐད།།
ཚད་མ་གཅིག་གི་ཡུལ་ལ་ཇི་ལྟར་འཇོག།
དམར་ཟས་བཟའ་རུང་རྒྱལ་བའི་ལུང་གིས་སྒྲུབ།།
མི་རུང་ཚུལ་ཡང་རྒྱལ་བའི་བཀའ་ཡིས་སྒྲུབ།།
ཐ་སྙད་ལྕགས་རི་གཏོར་བའི་ཕ་རོལ་ན།།
རུང་དང་མི་རུང་རྣམ་གཞག་ཨེ་ཡོད་ན།།
རུང་དང་མི་རུང་ཚོར་བ་རྩོད་ཚུལ་དང་།།
དགེ་དང་མི་དགེ་འདུ་ཤེས་རྩོད་ཚུལ་གཉིས།།
ཟོ་ཆུན་འཁོར་ལོ་བཞིན་དུ་བརྒྱུད་མར་འཁོར།།
ཐ་སྙད་རླུང་གིས་ཁྱེར་ན་ཅི་ཞིག་བྱ།།
གསལ་བཤད།
གཟའ་འཁོར་རེའི་ནང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་ཆེད་དུ་སློབ་གླིང་འདིའི་མཐར་ཕྱིན་ཕུལ་བྱུང་ཡོན་ཏན་པ་དང་རྩོམ་འབྲི་བ་རེ་འོས་སྦྱོར་བྱེད་འཆར་ཡོད་པས། མཐར་ཕྱིན་འཛིན་གྲྭ་སོ་སོའི་ཕུལ་བྱུང་སློབ་མ་དག་སློབ་ཚོགས་གཞུང་ལས་ཁང་དུ་འོས་སྦྱོར་གནང་རོགས་ཞུ། སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས། (0975) 838 9857 སྐད་འཕྲིན། 15109745084
གཙོ་སྒྲུབ་ལས་ཁུངས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་།
|