སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་དྲུག་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་དྲུག་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་དྲུག་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-06-01ལྟ་ཀློག (5137)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

        

སྟག་མཆོང་སར་ཝ་མཆོང་ན་ཉེན་ཆེ།

   མཁས་བླུན་དང་མཐོ་དམན་དྲག་ཞན་གྱི་སྐྱེ་བོ་སུ་ཡིན་ཡང་བསམ་བཞིན་ལོག་ལམ་ལ་དངོས་སུ་ཞུགས་ན་ནི་སྡུག་བསྔལ་དང་འགྱོད་པ་སྐྱེ་བའི་རྒྱུ་ལས་མ་འདས་ཤིང་ཐམས་ཅད་ཁྲེལ་བའི་གནས་ཡིན་པ་བཤད་མ་དགོས་མོད། ཇི་སྐད་དུ།  དེས་ན་ལས་ཀྱིས་མནར་བ་ན།  །མཁས་པ་བླུན་པོའི་ནང་དུ་འཁྱམས། །ཞེས་དང་། ལས་ཀྱི་ཤུགས་ཀྱིས་འཁྲིད་པ་ན། །བློ་ཆེན་ལོག་པའི་ལམ་དུ་འགྲོ། །ཞེས་གསུངས་པ་ལྟར།   ལས་འབྲས་ཀྱི་རང་བཞིན་མཐིལ་ཕྱིན་པ་ཤེས་ན་ཡང་ལས་དབང་བཙན་པོས་དབང་མེད་དུ་མི་དགེ་བར་འཇུག་དགོས་པའི་སྐབས་དང་། གློ་བུར་དུ་གྲོགས་ངན་པའི་རྐྱེན་གྱིས་ཤེས་མེད་ཚོར་མེད་ངང་ལོག་ལམ་དུ་ཞུགས་པའང་ཡོད་པས། དེ་འདྲའི་རིགས་ལ་ཆེས་ཆེར་མི་དམོད་པར་ཕན་གྲོགས་ཅི་ནུས་ཀྱིས་ལེགས་ལམ་དུ་འགོད་པར་བརྩོན་དགོས་པ་ཉིད་དོ།   །

      ཁྱད་པར་དུ་སྤྱོད་འཇུག་ལས།  གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་གསུངས་པ་ལྟར །  མཁས་པ་དང་སྐྱེས་ཆེན་དམ་པ་ཕལ་མོ་ཆེས་བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བ་དང་།  སྤྱི་ཕན་གྱི་བྱ་བཞག་རླབས་ཆེན་འགྲུབ་པ།   གནས་སྐབས་གནོད་ཀྱང་ཕུགས་སུ་ཕན་པ།   གཞན་གྱིས་ལས་འབྲས་བསླུ་མེད་ཡིན་ཚུལ་ལ་ངེས་པ་རྙེད་པ།   ཚེ་སྲོག་སྐྱོབ་པ།   རྒྱལ་ཁབ་དང་མི་རིགས་ཡར་རྒྱས་ལ་ཕན་བསྐྱེད་ཡོད་པ་སོགས་ཀྱི་ཆེད་དུ།   རང་ཉིད་བསམ་བཞིན་ལོག་པའི་ལམ་དུ་འགྲོ་བ་དང་ལོག་ལྟའི་སྐད་ཆ་བཤད་པ།   ལས་འབྲས་ལ་སྐུར་བ་འདེབས་པ།   དཀོན་མཆོག་གསུམ་ལ་མ་གུས་པའི་ཚིག་སྨྲ་བ།  མ་རུང་བའི་སྐྱེ་བོ་དག་དང་གྲོགས་བསྒྲིགས་ནས་དེ་དག་གི་ཁྲོད་དུ་གནས་པ།   སྙིང་རྗེ་མེད་པ།  བྱམས་བརྩེ་དང་བྲལ་བ།  ཁྲོ་ཞིང་གཏུམ་པ།   གདུག་རྩུབ་ཆེ་བ།  ངོ་ཚ་མེད་ཅིང་ཁྲེལ་གཞུང་མི་བརྩི་བ་སོགས་བྱེད་པའི་དུས་དང་སྐབས་ཀྱང་ཡོད་དེ།  དཔེར་ན། སྔོན་བདག་ཅག་གི་སྟོན་པ་ཞལ་བཞུགས་པའི་སྐབས། ལྷས་བྱིན་གྱིས་དགེ་འདུན་པ་ཕན་ཚུན་གྱི་བར་དུ་དབྱེན་དཀྲུག་རྒྱ་ཆེར་བྱས་ཏེ་གསར་ཞུགས་ཀྱི་རབ་ཏུ་བྱུང་བ་རྣམས་ལོག་པའི་ལམ་དུ་ཁྲིད་ནས་དགེ་འདུན་པའི་སྡེ་ཕྱོགས་གཉིས་སུ་གྱེས་པའི་སྐབས། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་སྟེ་མཆོག་ཟུང་གཉིས་ཀྱིས་ཀྱང་སྟོན་པ་ཐུགས་རྗེ་ཅན་བོར་ཏེ་ལྷས་བྱིན་གྱི་རྗེས་སུ་སོང་། གཞན་གྱི་སྣང་ཚུལ་ལ་མཆོག་ཟུང་གཉིས་ཀྱིས་སྟོན་པ་བོར་ཏེ་ལོག་པའི་ལམ་དུ་ཞུགས་པ་ལྟར་གྱུར་ཀྱང་། དོན་ལ་ཁོང་རྣམ་གཉིས་ཀྱིས་ལོག་པའི་ལམ་དུ་ཞུགས་པའི་དགེ་འདུན་པ་རྣམས་དང་ལྷན་ཅིག་ཏུ་གནས་ཤིང་འགྲོགས་པའི་གོ་སྐབས་བཙལ་ཏེ། རིམ་གྱིས་དེ་དག་ལ་བདེན་པའི་ཆོས་ཀྱི་གནས་ལུགས་དང་སྟོན་པའི་ཡོན་ཏན་བརྗོད་པ་སོགས་ཀྱིས་དེ་ཀུན་ཡང་དག་པའི་ལམ་དུ་སླར་ཡང་བཀྲི་བར་མཛད་པ་ལྟར་ཡིན་ལ། རིག་གནས་གསར་རྗེ་སོགས་ཀྱི་སྐབས་སུ་དགོན་པ་དང་བླ་མ།  སྐུ་གསུང་ཐུགས་རྟེན་སྲུང་སྐྱོབ་ཀྱི་ཆེད་དུ།  རང་ཉིད་སྔོན་ཐོན་པ་དང་ཆོས་དད་མེད་མཁན་དུ་བརྫུས་ཏེ་སྐད་ཆ་ལོག་བཤད་དང་སྤྱོད་པ་རྩུབ་མོ་སྟོན་མཁན་ཡང་མང་བོ་ཞིག་བྱུང་མྱོང་བ་ལྟ་བུའོ།  །

  དེ་ལྟར་སྤྱི་དོན་དང་གཞན་ཕན་ལ་དམིགས་པའི་བསམ་བློ་དང་འཆར་གཞི་ཅི་ཡང་མེད་པར།  ངས་ཀྱང་ཁོར་ཚོ་ལྟར་བྱེད་རྒྱུ་ཟེར་ན། འཇིག་རྟེན་ཁ་དཔེར། སྟག་མཆོང་སར་ཝ་མཆོང་ན་སྐེད་པ་འཆག་པར་འགྱུར་ཟེར་བ་ལྟར་ལས་མ་འདས་པར་འགྱུར་རོ།   །

༢༠༢༢-༥-༢

 གཞུང་ཚིག་བློར་འཛིན་གྱི་དགེ་མཚན།

      འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། ། ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། ། དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། ། ཞེས་བརྗོད་བྱ་དོན་གྱི་རྒན་པོ་རྗོད་བྱེད་ཚིག་གི་འཁར་བ་ལ་བརྟེན་པའི་ཕྱིར་ཏེ་ཚིག་ལ་མ་བརྟེན་པར་དོན་རྟོགས་ཚུལ་མེད་པས། སློབ་གཉེར་བ་ལ་ལས་གཞུང་ཆེན་མོའི་ཚིག་བློ་འཛིན་མི་བྱེད་པར། དཔེ་ཆ་བམ་ཀློག་ཙམ་དང་གཞན་གྱི་ངག་སྒྲོས་ཐན་ཐུན་བསགས་ཏེ་ཉིན་རེའི་ཆོས་གྲྭའི་རྩོད་པ་སོགས་འགྲོ་ཐབས་འདུག་ཐབས་བྱས་ནས་སློབ་གཉེར་བའི་གཟུགས་བརྙན་ཙམ་བཟུང་བས་ཅི་ཡང་མི་ཕན་པ་སྟེ་ཕན་ཐོགས་ཡེ་ནས་མེད་པས། མདོ་སྔགས་ཀྱི་དཔེ་ཆ་མང་བོའི་རྩ་སྡོམ་སོགས་ཀྱི་ཚིག་བློ་ལ་འཛིན་ཕྱིར་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སྐྱོར་སྦྱོང་དང་གཤར་སྦྱང་ཡུན་ནས་ཡུན་དུ་བྱེད་དགོས་པར་གདམས་ཤིང་།

     བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་གངས་ཏི་སེ་ནས་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་གདན་དྲངས་ཀྱང་མ་འདོངས་པས། ཕོ་ཉས་ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བློ་ལ་བཟུང་ནས་ཕེབས་པ་སོགས་གཞུང་ཆེན་བློ་འཛིན་གྱི་སྲོལ་རང་རེའི་བོད་འདིར་གནའ་སྔ་མོའི་དུས་ནས་ཡོད་ལ། ཁྱད་པར་དུ་གྲྭ་ས་སོགས་དགོན་སྡེ་ཆེ་གྲས་རྣམས་སུ་ཆུང་དུས་དགེ་རྒན་གྱི་མདུན་ནས་བློ་འཛིན་གཙོ་བོར་བྱེད་ཅིང་ལོ་ཉི་ཤུ་ཙམ་ནས་རང་ཉིད་ཀྱིས་དཔེ་གཟིགས་དང་བསམ་སྒོམ་བྱེད་པའི་སྲོལ་བཟང་བོ་ཞིག་ཡོད་པས། དགེ་བཤེས་སོགས་སློབ་གཉེར་བ་རྣམས་ལྟ་ཅི་གྲོང་ཆོག་པ་དགའ་རབ་ཅིག་གི་བློ་ལའང་ཤོག་བུ་སྟོང་ཕྲག་ལས་བརྒལ་བ་ཤར་ཤར་འདོན་རྒྱུ་ཡོད་ལ། དེ་ནི་བོད་ཀྱི་དགོན་སྡེའི་སློབ་གཉེར་བ་དག་གི་ཁྱད་ཆོས་ཤིག་ཡིན་ཞེས་བརྗོད་ཀྱང་ཐལ་མི་ཆེ་བ་ལྟ་བུར་གྱུར་ཡོད་པས། གནས་གང་དུ་དུས་ནམ་ཞིག་ལ་འཆད་རྩོད་རྩོམ་གསུམ་གྱི་ལས་གང་ལ་ཞུགས་ཀྱང་གཞུང་ཚིག་མང་བོ་བློ་ཐོག་ནས་ཤར་ཤར་འདྲེན་པ་ལ་དཀའ་ཁག་མེད་དོ། །

     འོན་ཀྱང་བོད་སྤྱི་ཚོགས་ཀྱི་ཁྲོད་དང་ཁྱད་པར་དུ་དེང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་ཕལ་མོ་ཆེར་དཔེ་ཆ་བློ་ལ་འཛིན་པའི་གོམས་གཤིས་ལེགས་པོ་དེ་ཆགས་མ་ཐུབ་པར། དགེ་རྒན་འཆད་ཁྲིད་ལ་ཕེབས་ན་དཔེ་ཆ་པོ་ཏི་ལྔ་དྲུག་ཙམ་དང་ཟིན་བྲིས་བམ་ཁ་མཐུག་པོ་རེ་ཁྱེར་ནས་འོང་སྟེ་ཡིག་ཁྲིད་རྐྱང་བ་བྱེད་ལ། སློབ་བུ་ཚོས་ཀྱང་རྩོམ་པ་བོའི་འཁྲུངས་འདས་ཀྱི་ལོ་ཚིགས་ཙམ་མམ་མཚན་དང་ས་གནས་སོགས་རེ་འགའ་ལ་ངེས་ཆ་ཞིག་གཏོང་ཁུལ་བྱེད་པ་ལས་གཞུང་ཆ་ཚང་དང་རྩ་སྡོམ་ཡོངས་རྫོགས་བློ་ལ་འཛིན་མཁན་ཤིན་ཏུ་ཉུང་།  དཔེ་ཆ་ལག་ཏུ་མེད་ན་འཆད་རྩོམ་རྩོད་གསུམ་གང་ལ་བསྐུལ་ཡང་ལྐུགས་པ་དང་ལག་རྡུམ་ཡིན་པས། ངེས་པར་དུ་དགོན་སྡེའི་སློབ་གཉེར་བའི་ལེགས་ཆ་འདི་ལེན་པར་རིགས་སོ་ཞེས་བོད་སྤྱི་ཚོགས་ཀྱི་ཤེས་ཡོན་པ་ཡོངས་ལ་ཞུ་བར་འདོད་དོ། །

              ༢༠༢༢-༥-༣༠                 
           སེམས་གཟེངས་བསྟོད་ཚུལ།
     མི་སུ་ཞིག་ཡིན་ན་ཡང་སེམས་གཟེངས་བསྟོད་དེ། དཀའ་ཁག་དང་འཕྱ་སྨོད་ལ་གདོང་གཏད་ནས། ངས་མི་ནུས་དང་མི་ཤེས་སོགས་སེམས་ཞུམ་ཞིང་སྒྱིད་ལུག་པ་དག་སྤངས་ཏེ་བརྩོན་སེམས་དྲག་པོ་བསྟེན་དགོས། འོ་ན་ཇི་འདྲ་ཞིག་ལ་ལེ་ལོ་ཟེར་ཞེ་ན། ཡུལ་དགེ་ཞིང་ལེགས་པའི་དངོས་པོ་གང་ལ་དམིགས་ཀྱང་སེམས་མི་སྤྲོ་བའི་རྣམ་པ་ཅན་གྱི་སེམས་བྱུང་དེ་ལེ་ལོའི་མཚན་ཉིད་ཡིན། དེ་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། །ལེ་ལོ་ཅན་རྣམས་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ལ་ནི་གཞན་གྱི་དོན་མེད་དོ། །ཞེས་དང་། དྲན་པ་ཉེར་གཞག་ལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་དང་། བྱང་ཆུབ་ལམ་རིམ་ཆེན་མོ་ལས། བརྩོན་འགྲུས་མེད་ན་ལེ་ལོའི་དབང་དུ་སོང་ནས་དཀར་ཆོས་ཀུན་གྱིས་ཕོངས་པར་འགྱུར་བས་གནས་སྐབས་དང་མཐར་ཐུག་གི་སྐྱེས་བུའི་དོན་ཐམས་ཅད་ལས་ཉམས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ལེ་ལོའི་དབང་དུ་སོང་ན་མི་ཚེའི་འདུན་མ་རྩ་བླག་ཏུ་འགྲོ་བས་མགོའམ་གོས་ལ་མེ་ཤོར་བ་བཞིན་དུ་མྱུར་བ་མྱུར་བར་སྤང་དགོས་སོ། །
      སྤྱོད་འཇུག་ལས། དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང་། །སྒྱིད་ལུག་བདག་ཉིད་བརྙས་པ་འོ། །ཞེས་གསུངས་པ་ལྟར་ལེ་ལོ་ལ། ཕྱི་བཤོལ་གྱི་ལེ་ལོ་དང་། བྱ་བ་ངན་ཞེན་གྱི་ལེ་ལོ། སྒྱིད་ལུག་པའམ་བདག་ཉིད་བརྙས་པའི་ལེ་ལོ་དང་གསུམ་ཡོད་དེ། དང་བོའི་གཉེན་པོར། སྣོད་བཅུད་ཡོད་ཚད་མི་རྟག་པའི་རང་གཤིས་ཏེ་དུས་ཚོད་ཀྱི་ཐག་སྒྲའི་ཁྲོད་ནས་འཇིག་བཞིན་པ། དགེ་བ་སྣ་གཅིག་དང་དོན་ལྡན་གྱི་བྱ་བ་རྡོག་གཅིག་ཀྱང་མ་བསྒྲུབས་ན་འགྱོད་པ་དང་བཅས་ཏེ་འཆི་ཞིང་ཤི་བའི་འོག་ཏུ་ངན་འགྲོར་སྐྱེ་བ། སླར་ཡང་རྟེན་བཟང་བོ་འདི་འདྲ་བ་རྙེད་དཀའ་ཚུལ་སེམས་པའོ། །གཉིས་པའི་གཉེན་པོར། དམ་པའི་ཆོས་སོགས་རིག་གནས་ཡོན་ཏན་ལ་སློབ་པ་ནི་འདི་ཕྱིར་དགའ་བ་འབྱུང་བའི་རྒྱུ་དང་། དོན་མེད་འཆལ་གཏམ་དང་འདོད་ཡོན་སོགས་ལ་གཡེང་བ་ནི་རང་གཞན་གྱི་དོན་ཆེན་པོ་ལས་ཉམས་བྱེད། སྡུག་བསྔལ་དུ་མ་བསྐྱེད་པའི་སྣ་འདྲེན་དུ་སེམས་དགོས་སོ། །གསུམ་པའི་གཉེན་པོར། སེམས་ཞུམ་པ་དགག་པ་དང་གཟེངས་བསྟོད་དགོས་ཏེ། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པ་གསུང་བས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་བ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། ། བྱང་ཆུབ་འཐོབ་དཀའ་བླ་མེད་འཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་འཐོབ། །ཅེས་གསུངས་པ་ལྟར་རོ། །
 ༢༠༢༢-༥-༣༡            


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532775
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།