སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་ལྔ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་ལྔ་བ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་ལྔ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-28ལྟ་ཀློག (6483)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་ལྔ་བ། 

   རང་སྐྱོན་རང་གིས་ཤེས་དཀའ།
         འཇིག་རྟེན་གཏམ་དཔེར།  མི་སྐྱོན་མེད་འཛམ་བུའི་གླིང་ན་མེད།  །ཤིང་སྐྱོན་མེད་རྒྱ་རྫོང་ནགས་ན་མེད།  །ཅེས་ཟེར་བ་བཞིན་དུ།  ལས་ཉོན་གྱི་འཆིང་ཞགས་ལས་མ་གྲོལ་བའི་སོ་སོའི་སྐྱེ་བོ་སུ་དང་གང་ཡིན་ཡང་སྐྱོན་ཆ་ཅི་རིགས་རེ་མེད་པ་མི་སྲིད་མོད།  རང་སྐྱོན་རང་གིས་ཤེས་པ་ཤིན་ཏུ་དཀའ་ལ་ཤེས་ཀྱང་སྤོང་དཀའ་བ་དང་།  སྐྱོན་ལ་སྐྱོན་དུ་མཐོང་ཡང་སྤོང་འདོད་མེད་པ།  གཞན་གྱིས་ཁྱོད་ལ་སྐྱོན་དེ་འདྲ་ཡོད་པར་བརྗོད་ན་ཡིད་མི་ཆེས་ཤིང་ཁོང་ཁྲོ་ལངས་པ།  སྡིག་སྤྱོད་རྒྱན་དུ་རློམ་པ་སོགས་སྣ་ཚོགས་ཤིག་ཡོད་དོ།  །འོན་ཀྱང་། སྤྱོད་འཇུག་ལས།   བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླ། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱ་འོ། །ཞེས་དང་།  དགེ་བཤེས་ཕུ་ཆུང་བའི་ཞལ་ནས་ཀྱང༌། ང་ནི་ཉོན་མོངས་ཀྱིས་ལྗིར་གྱིས་མནན་ཡང་མ་མཐའ་ཡང་འོག་ནས་སོ་ཚིགས་བྱེད། ཅེས་གསུངས་པ་ལྟར།  ཅི་སྙམ་པར་འཇོག་པ་དང་དགའ་བ་དང་བཅས་རྒྱུན་སྐྱོང་བ་སོགས་མི་བྱེད་པར།  ཐབས་ཤེས་གང་ཡོད་ཀྱིས་སྐྱོན་ཆ་སེལ་བར་འབད་དགོས་ཏེ། རྒྱལ་སྲས་ཐོགས་མེད་བཟང་བོས།  རང་གི་འཁྲུལ་བར་རང་གིས་མ་བརྟགས་ན། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པས། །དེ་ཕྱིར་རྒྱུན་དུ་རང་གི་འཁྲུལ་བ་ལ། །བརྟགས་ནས་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པའི་ཕྱིར་རོ།  །  སྐྱོན་ལ་སྐྱོན་དུ་མཐོང་ནས་གཉེན་པོ་བསྟེན་ན་དེའི་ས་བོན་བག་ཆགས་དང་བཅས་པ་རྩད་ནས་སྤོང་ཡང་ཐུབ་སྟེ།  རྗེ་ཐམས་ཅད་མཁྱེན་པའི་ཞལ་ནས།    ཐ་མལ་བའི་དགྲ་ནི་ལན་ཅིག་བཏོན་ཡང་ཡུལ་གཞན་བཟུང་ནས་སྟོབས་རྙེད་པ་ན་སླར་རྒོལ་དུ་འོང་བ་དང་ཉོན་མོངས་གཉིས་མི་འདྲ་སྟེ། ཉོན་མོངས་རྒྱུད་ལ་ལན་ཅིག་རྩ་བ་ནས་འདོན་ཐུབ་ན་ཡུལ་གཞན་དུ་འགྲོ་བ་ཡང་མེད་ལ་སླར་ལོག་ནས་ཀྱང་མི་འོང་ངོ་། །ཞེས་གསུངས་པའི་ཕྱིར་རོ།   །
༢༠༢༢-༥-༢༦ 

     རང་གི་སྐད་ཆར་འགན་འཁུར་དགོས།
    ལེགས་པར་བཤད་པ་ཆུའི་བསྟན་བཅོས་ལས།  བསམ་ཚད་ཁ་རུ་འདོན་པ་དེར།  །གཏད་སོ་མེད་ཅེས་ཀུན་གྱིས་གླེང་།  །ཞེས་གསུངས་པ་ལྟར།  ཉམ་ཆུང་ནུས་མེད་དང་ཡོན་ཏན་ཆེན་པོ་མེད་མཁན་ཞིག་ཡིན་ན་ལྟ་ཅི།   རིག་པའི་ཀློང་བརྡོལ་ཞིང་རྣམ་དཔྱོད་ཉི་མ་ཤར་བ་ལྟ་བུར་ཡོད་ན་ཡང་།  ཡུལ་མཐོ་དམན་བར་གསུམ་ལ་དཔྱད་བརྗོད་སྤེལ་བ།  ཆོས་སྲིད་ལུགས་གཉིས་ཀྱི་ཕྱོགས་གང་ཡིན་ལ་ལེགས་ཉེས་བརྗོད་པ།   གྲུབ་མཐའི་བཟང་ངན་དང་ཡུལ་སྡེའི་དབུལ་ཕྱུག་གླེང་བ།  རང་ཉིད་ཀྱི་ཚད་ཐིག་གཞི་ནས་བརྗེད་དེ་ཡོད་ཚད་ལ་བསླབ་བྱ་སློབ་གསོ་གཏོང་བ། གཞན་གྱི་མི་གཞི་དང་དད་མོས་ལ་མཐོང་ཆུང་གི་སྐད་ཆ་འཛེམ་མེད་དུ་སྤེལ་བ།   ཡུལ་དུས་གནས་བབས་ལ་གང་ལའང་ཅི་མི་སྙམ་པར་བསམ་ཚད་དྲན་ཚད་བཤད་རྐྱང་བྱེད་པ།  རང་གིས་བཤད་པའི་སྐད་ཆར་འགན་འཁུར་གྱི་འདུ་ཤེས་མེད་ཅིང་ཁུངས་ལུང་རྒྱུ་མཚན་མི་དགོས་པ་སོགས་ཀྱིས།  ཕ་རོལ་བོར་ཕོག་ཐུག་བཟོ་ཞིང་དཀའ་ཁག་ལ་གཏུགས་པ།  ཡུལ་ལུང་འཁྲུག་རྩོད་ཀྱི་གཞི་རུ་འགྱུར་ཞིང་རང་ཉིད་ཀྱང་མི་གྲལ་ནས་འབུད་པ།  ཀུན་གྱིས་ཆ་འཇོག་མི་བྱེད་ཅིང་ཚབ་ཆེ་ན་མུན་པའི་བཙོན་དུའང་སྡོད་དགོས་འབྱུང་བ་སོགས་ཤིན་ཏུ་མང་བས།  ཆེས་ཆེར་གཟབ་ལ་བག་ཡོད་པར་བྱེད་དགོས་ཏེ།  བཤད་ཆེ་ན་ཨ་ཕའི་གཏམ་ཡིན་རུང་བུ་ལ་གནོད་པའི་དཔེ་ལྟར་རོ །  །  དེ་ལས་ལྡོག་སྟེ་དོན་གནད་གང་ཡིན་ལ་བརྟག་དཔྱད་ཞིབ་མོ་བྱས་ནས།  གནད་འགག་གི་སྐབས་སུ་བདེན་དོན་དང་བསམ་ཚུལ་དྲང་མོ་བརྗོད་མཁན་དག་ལ་སྐྱེ་བོ་སུ་ཡིན་གྱིས་མཐོང་ཆེན་པོ་སྤྲོད་ཅིང་སྐད་ཆ་དེའི་ནང་དོན་ལ་ཡང་བསམ་གཞིག་ཡག་པོ་གཏོང་སྟེ།   ཆུའི་བསྟན་བཅོས་ལས།   ཁ་ཉུང་བཞིན་འཛུམ་གནད་ཕིག་པ།  ། དེ་ལ་ཀུན་གྱིས་དོགས་ཟོན་བྱེད།  །ཅེས་གསུངས་པ་ལྟར་རོ།  །

   དེ་བཞིན་དུ། ཆོས་འཆད་པ་བོ་འཆད་རྩོད་རྩོམ་གསུམ་ལ་དབང་འབྱོར་ཞིང་དབང་ལུང་མན་ངག་གི་གཏེར་མཛོད་ལྟ་བུར་གྱུར་ཡོད་ཀྱང་།  གདུལ་བྱའི་རྒྱུད་ཚོད་སྨིན་མ་སྨིན་དང་དགོས་ཕན་ཡོད་མེད་སོགས་ལ་མ་ལྟོས་པར།  མི་མང་འཛོམས་ཡོད་པ་དང་དུས་ཚོད་ཀྱི་ཁོམ་ལུང་ཡོད་པ།  རྒྱུ་ནོམ་སྡུད་པའི་གོ་སྐབས་རྙེད་པ་སོགས་རྒྱུ་མཚན་དུ་བྱས་ཏེ་དམ་པའི་ཆོས་འཆད་སྤེལ་བྱེད་པ་དང་བྱིན་རླབས་གཉའ་འཇོག་བྱེད་མི་རུང་སྟེ།   འདུལ་བའི་མདོ་ལས། མ་གསོལ་བར་མི་བྱའོ། །ཞེས་དང་།  བྱང་ཆུབ་ལམ་རིམ་ཆེན་མོ་ལས།  གསོལ་བ་མ་བཏབ་པར་མི་བཤད་ཅིང་གསོལ་བ་འདེབས་པ་ལ༌ཡང་སྣོད་བརྟག་པ་དང་སྣོད་དུ་ཤེས་ན་མ་གསོལ་བར་ཡང་བཤད་དུ་རུང་།  ཞེས་དང་།   མདོ་ཏིང་ངེ་འཛིན་གྱི་རྒྱལ་བོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། །བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།   །

                 ༢༠༢༢-༥-༢༧

         བག་ཟོན།
   ཇི་སྐད་དུ། བདག་ཅག་དེ་དག་མཛའ་བོ་ཞེས། །གང་དང་ཕེབས་པར་སྨྲ་བའི་གཏམ། །བཟུར་བཅད་མེད་པར་ཁྲོམ་དུ་འཆད། །དེ་དག་བུག་པ་ཟང་ཐལ་ཡིན། །ཞེས་གསུངས་པ་ལྟར།  ཡུན་རིང་འཁོན་ཞིང་འགྲས་པའི་དགྲ་བོ་དང་རེ་ཞིག་མཐུན་པ་ཙམ་གྱིས་ལྟ་ཅི།  གྲོགས་པོ་ནང་མི་དང་སྐྱེ་བོ་བར་མ་སོགས་སུ་ལའང་བུག་པ་ཟང་ཐལ་བཞིན་དུ་བར་མཚམས་མེད་པར་སྙིང་གཏམ་དང་གསང་གཏམ་དག་ལྷུག་བརྗོད་བྱས་ན།   ཕྱིས་སུ་བློ་ཡུལ་ལས་འགོངས་པའི་ཆག་སྒོ་འབྱུང་ངེས་པ་དང་།  ཁྱད་པར་དུ།  བསམ་བློ་བ་ལ་ལས།   མཐོ་རིམ་མི་སྣའི་གཉེན་སྒྲིག་ནི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་ཡིན།  ཞེས་བརྗོད་མྱོང་བ་བཞིན་དུ།   རྒྱལ་ཁབ་ཕན་ཚུན་བར་དུ་བུ་མོ་མནའ་མར་བྱིན་ཅིང་བུ་ཆུང་མག་པར་སོང་སྟེ་མཛའ་མཐུན་གྱི་ཆུ་བོ་གཅིག་ཏུ་འདྲེས་པ་ལྟ་བུའི་ཐབས་ལམ་བརྒྱུད་ནས་གསང་བ་བརྐུ་འཁྱེར་དང་རྒྱལ་ཁབ་ཆག་འཇིག་ལ་གཏད་པའི་ལོ་རྒྱུས་ཤིན་ཏུ་མང་ལ།   མི་སྣ་ཁྱད་པར་བའི་གྲོགས་དང་འཁོར་དུ་བརྫུས་ཏེ་རླབས་ཆེན་གྱི་བྱ་བར་བར་གཅོད་དང་།  དེའི་མཛད་འཕྲིན་དང་སྐུ་སྲོག་ལ་གནོད་པའི་བྱ་ངན་བསྒྲུབས་པའི་གནས་ཚུལ་ཡ་ང་ཞིང་ཞེ་མེར་བ་མང་བོ་ཞིག་རིགས་དང་ཡུལ་གྱིས་ཕྱེས་པའི་འཛམ་གླིང་གི་ཡུལ་གྲུ་གང་སར་བྱུང་དང་འབྱུང་བཞིན་ཡོད་པས།  དགྲ་གཉེན་བར་མ་སུ་ཡིན་ཡང་རང་གི་ཁེ་ཕན་ཞིག་ལ་དམིགས་ཏེ་ཁྱོད་ཀྱི་ཉེ་སར་བཅར་ཞིང་འདུར་གྱིན་པ་ཚོར་ནམ་ཡང་བག་ཟོན་ལྷོད་མི་རུང་བ་ཡིན་འདུག་གོ།   །
 ༢༠༢༢-༥-༢༨    


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23534190
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།