སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བཞི་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བཞི་བ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་བཞི་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-25ལྟ་ཀློག (4574)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་རྒྱས་དབང་དྲག་གི་སློབ་གསོ།

  དེང་གི་དུས་འདིར་ནུབ་ཕྱོགས་རིག་གནས་དང་སློབ་གསོས་ཤུགས་རྐྱེན་ཐེབས་པའམ།  ལམ་ལུགས་གང་རུང་གི་སྒྲིག་གཞིའི་འོག་ནས།  སྤྱི་ཚོགས་དང་སློབ་གླིང་གི་སྡེ།  ཁྱིམ་ཚང་སོ་སོ་བཅས་ཟུར་དང་ངོས་མི་འདྲ་བ་ཕལ་མོ་ཆེ་ཞིག་ཏུ། ཕ་མས་བྱིས་པར་རྡུང་རྡེག་ལྟ་ཅི་སྐད་ཤུགས་བཙན་པོས་ཀྱང་སློབ་གསོ་གཏོང་མི་རུང་བ་དང་།  བྱིས་པར་རང་དབང་སྤྲོད་དགོས་པ།  ལས་བྱ་མ་བྲིས་ཀྱང་ཚ་འདེད་བྱེད་མི་ཆོག་པ།   བྱིས་པར་དབང་བའི་རྩེད་ཆས་དང་བཅའ་ལག་སོགས་གཞན་གྱིས་བེད་སྤྱོད་བྱས་ན་མི་འགྲིག་པ།  གལ་ཏེ་བེད་སྤྱོད་གཏོང་ཚེ་ཕ་མ་ཡིན་ཡང་བྱིས་པར་ཆོག་མཆན་ཞུ་དགོས་པ། བྱིས་པར་ཅུང་བཙན་ཤུགས་ཀྱིས་སློབ་གསོ་སྤེལ་ན་རང་ཉིད་ཀྱི་བསམ་བློ་སྔོན་ཐོན་མ་ཡིན་པ་དང་དུས་རབས་ཀྱི་རྗེས་སུ་ལུས་པ།  ཡང་ན་གདོད་མའི་འཚོ་སྟངས་དང་འགྲོ་སྟངས་སུ་ཕྱིར་ལྡོག་བྱས་པར་འདོད་དེ་ཅུང་དོགས་མི་བདེ་བ། མཁས་པ་དང་བསམ་བློ་བ། བླ་སྤྲུལ་དགེ་བཤེས་དང་མཁན་པོ། དགེ་རྒན་ཆེན་མོ་སོགས་ཀྱིས་དགོན་སྡེ་དང་སློབ་གྲྭ། སྤྱི་ཚོགས་བཅས་སུ་འདི་འགྲིག་དང་འདི་མི་འགྲིག་གི་སློབ་གསོ་སྤེལ་ན། བཀའ་འབེབ་རང་ལུགས་བྱས་པའམ་རང་གི་དགའ་ཕྱོགས་དང་ཁོར་ཡུག་རྒྱ་བསྐྱེད་པ། རང་དབང་གི་འཚོ་བ་དང་གུ་ཡངས་པའི་བསམ་བློར་བཀག་རྒྱ་བཟོས་པར་འདོད་པ། གལ་ཏེ་སློབ་གསོ་རེ་གཏོང་དུ་བཅུག་ན་ཡང་། ཆེས་འདྲ་མཉམ་དང་ཞི་འཇམ་བྱེད་དགོས་པ་ལས། བཙན་དྲག་བཀོལ་བ་དང་སྒྲིག་ལམ་འཛུགས་པ་སོགས་བྱས་ན་དེ་མ་ཐག་ངོ་རྒོལ་བྱེད་པར་བག་མི་ཚ་བ། ཅི་ཙམ་ཕྱིར་རྒོལ་བྱས་ན་དེ་ཙམ་གྱིས་རང་ཉིད་དཀྱེལ་ཡངས་དང་དུས་རབས་གསར་བའི་དཔའ་བོར་རློམ་མཁན་སོགས་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད། 

  དབུགས་ལྡན་སྤྱི་དང་ཁྱད་པར་དུ་མིའི་སྤྱི་ཚོགས་ཟེར་བ་འདི་བསམ་བློ་འདྲ་མིན་དང་གཤིས་ཀ་སྣ་ཚོགས་ཤིག་ཡིན་པས་ཡོད་ཚད་ལ་ལམ་ལུགས་གཅིག་དང་འགྲོ་སྟངས་གཅིག  སློབ་གསོ་གཅིག་དང་དད་མོས་གཅིག  སྐད་ཡིག་གཅིག་དང་རིག་གནས་གཅིག་གིས་དབང་སྒྱུར་བྱེད་འདོད་པ་ནི་རྨི་ལམ་ཞིག་ཡིན་ལ་ནོར་འཁྲུལ་ཞིག་ཀྱང་ཡིན།   ཁྱད་པར་དུ་བསམ་མེད་བྱིས་པ་དག་ལ་རང་དབང་དགོས་སྐད་ཀྱིས། གང་དྲན་བྱེད་དུ་བཅུག  སྒེར་སེམས་ཆེ་རུ་བཏང་།  ཁ་ཡག་ངོ་བསྟོད་རྐྱང་རྐྱང་བྱས། མཉམ་ལས་དང་མཐུན་སྒྲིལ།  དཀའ་ཁག་དང་རོགས་རམ།  གུས་བརྩི་དང་འཛེམ་དོགས་ཟེར་བ་ཞིག་གོ་ཐོས་ཙམ་ཡང་འབྱུང་དུ་མ་བཅུག་ན།  བྱིས་པ་དེ་ནི་རྗེས་ཕྱོགས་འཇོན་ནུས་དང་སྤྱི་སེམས་མེད་པ།  དྲིན་གཟོ་མི་ཤེས་ཤིང་རང་རྐང་མི་ཟིན་པ།  དཀའ་ཁག་ལ་གདོང་གཏོད་མི་ཕོད་ཅིང་སྤྱི་ཚོགས་དང་རྒྱང་ཐག་བཀྱེད་པ།  རང་རྟོགས་མེད་ཅིང་གཞན་ལ་བསྟུན་མི་ཤེས་པ།  བྱ་བ་གང་ལའང་དཔའ་སྤོབས་དང་བྲལ་ཞིང་རྒྱུན་སྐྱོང་མི་ཐུབ་པ།  ཕ་མར་བརྩེ་བ་མེད་ཅིང་གཉེན་གྲོགས་ཚོས་བློ་གཏོད་སར་མི་འགྲོ་བ་སོགས་ཉམས་རྒུད་དང་སྐྱོན་ཆ་མང་བོ་ཞིག་འབྱུང་བ་སྨྲོས་མེད་ཡིན་པས། ཞི་དྲག་དང་འཇམ་རྩུབ།  སྟབས་བདེ་དང་དཀའ་ཁག་སོགས་སློབ་གསོའི་ཐབས་ལམ་སྣ་ཚོགས་སྤྱོད་དགོས་པ་སྨྲོས་མེད་ཡིན་ཏེ།   འཇམ་མགོན་ས་པཎ་ཆེན་པོས།  གདུག་པ་ཅན་ལ་བྱམས་པ་དང་། །བུ་དང་སློབ་མ་མི་འཆོས་དང་། །སྲུང་བའི་འཁོར་ལོ་མི་བསྒོམ་ཞིང་། །ཁྲོ་བོའི་བཟླས་པ་འགོག་པ་སོགས། །རྒྱུད་སྡེ་ཀུན་དང་འགལ་བས་ན། །མ་དག་པ་ཡི་བྱམས་པ་ཡིན། །ཞེས་དང་།  མི་བསྲུན་འགྲོ་ལ་བྱམས་སེམས་བསྐྱེད། །རྩུབ་སྤྱོད་ཁོ་ནས་གདུལ་བར་བྱ། །རང་གི་ལུས་ལ་ཕན་འདོད་རྣམས། །གཏར་དཔྱད་ཀྱིས་ནི་ནད་རྣམས་འདོན། །ཞེས་གསུངས་པ་ལྟར། སྐྱེ་བོ་གདུག་པ་ཅན་དང་མི་བསྲུན་པ།  གཤིས་སྤྱོད་རྩུབ་ཅིང་རང་ཉིད་རང་གིས་གཅུན་མི་ཐུབ་པ་དག་བྱམས་པས་བཏང་སྙོམས་སུ་འཇོག་པ་ནི་འོས་མ་ཡིན་པས། དྲག་རྩུབ་སོགས་གང་ལ་གང་དགོས་ཀྱི་ཐབས་ཤེས་སྤྱད་ནས་མི་ཚད་ལྡན་དུ་གཏོང་བར་འབད་དགོས།  

 དེའི་ཕྱིར་སློབ་གསོ་ལའང་ཞི་རྒྱས་དབང་དྲག་གི་སློབ་གསོ་ཡོད་ཆོག་སྟེ།   རྒྱལ་བ་རྒྱལ་སྲས་དག་གིས་ཀྱང་ཞི་བ་དང་ལྷོད་པ།  འཇམ་པ་དང་གཉོམ་པ་རྐྱང་རྐྱང་གིས་མཐའ་ཡས་པའི་སེམས་ཅན་རྣམས་འདུལ་ཐབས་མ་ཡོད་པར།  ཞི་རྒྱས་དབང་དྲག་གི་མཛད་པ་དང་རྣམ་པ་སྟོན་དགོས་བྱུང་བ་ཡིན་ཏེ།   གང་ལ་གང་འདུལ་དེ་ལ་སྟོན་པ།  །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།   །ཞེས་གསུངས་པ་ལྟར་ལགས་སོ།   །དེ་ལྟ་མིན་ན།  ཁྲོ་བོ་རྟ་མགྲིན་དང་ཕྱག་རྡོར་སོགས་ཀྱང་བྱམས་དང་སྙིང་རྗེས་དྲག་པོའི་སྐུ་རུ་བཞེངས་པ་མ་ཡིན་པར།  ཞེ་སྡང་དང་ཁོང་ཁྲོས་མ་བཟོད་པར་ཞལ་གདངས་ཤིང་སྤྱན་ཅེར།  མཆེ་བ་གཙིགས་ཤིང་མཚོན་ཆ་ཐོགས་ཏེ།  རང་གི་ཁོར་ཡུག་རྒྱ་བསྐྱེད་ཕྱིར་དང་བཀའ་འབེབ་རང་ལུགས་རྒྱུན་སྐྱོང་བྱེད་ཆེད། ཉིན་མཚན་གཡེལ་བ་མེད་པར་འབད་ཅིང་ངལ་བར་ཐལ་བའི་ཕྱིར་རོ།   །

 ༢༠༢༢-༥-༢༣ 

གྲིམ་ལྷོད་མ་ཤོར་བ།

   བྱ་བ་ཆེ་ཆུང་ལ་ལྟོས་ཏེ་སྒྲིམ་ལྷོད་ཤོར་བའི་གནས་ཚུལ་ཤིན་ཏུ་མང་སྟེ།   དཔེར་ན།  དགེ་རྒན་ཞིག་གིས་གྲ་སྒྲིག་འཛིན་གྲྭའམ་སློབ་མ་ལྟ་བུར་སློབ་ཁྲིད་བྱས་ན་དེ་ཙམ་ནན་མོ་མི་བྱེད་པ་དང་།  སློབ་ཆེན་དང་ཞིབ་འཇུག་སློབ་མ་ལྟ་བུར་སློབ་ཁྲིད་བྱེད་ཚེ་ཧ་ཅང་མཐོང་ཆེན་དང་ནན་ཏན་བྱེད་པ།  བླ་མ་ཞིག་གིས་ཆོས་གསུང་ཚེ་མང་ཚོགས་དཀྱུས་མ་ལྟ་བུར་འགྲོ་ཐབས་འདུག་ཐབས་ཙམ་གྱིས་ཆོག་པར་བྱེད་པ།  དགེ་འདུན་པའི་སྡེ་ལྟ་བུར་ཆོས་གསུང་ཚེ་ཧ་ཅང་ཞིབ་ཚགས་བྱེད་པ།  འཆད་ཁྲིད་པ་ཞིག་གིས་མི་ཁ་ཤས་ལ་འཆད་ཁྲིད་བྱེད་ཚེ་དུས་ཚོད་ཐུང་ལ་ནང་དོན་མི་ཟབ་པ།  གོ་རིམ་མེད་ལ་ཉོབ་སྣང་སྟོན་པ།  གསན་མཁན་མང་ཚོགས་ཁྲི་སྟོང་ཡོད་ན་གང་རྒྱས་ཅི་རྒྱས་བྱེད་པ།  རྣམ་རིག་བསྒྲིམས་པ།  སྐད་གསེང་མཐོ་བ་ལྟ་བུའི་ཁྱད་པར་ཆེན་པོ་འདོན་བཞིན་པ་ནི་ཕལ་ཆེར་སྤྱི་འགྲོས་ལྟ་བུ་ཞིག་ཏུ་གྱུར་ཡོད།   འོན་ཀྱང་།   ལོ་ཆུང་བྱིས་པའི་དུས་སྐབས་ནི་མི་ཚེར་སྟ་གོན་བྱེད་པའི་ཆེས་གནད་འགག་གི་དུས་ཚོད་ཅིག་ཡིན་པས།  བསམ་བློ་གཏོང་སྟངས་དང་ཤེས་རིག་གི་རྨང་གཞི་འཇོག་ཚུལ།  སློབ་སྦྱོང་ལ་དགའ་མོས་སྐྱེ་ཐབས་སོགས་གོ་རིམ་ཡོད་ལ་ཞིབ་ཚགས་ལྡན་པ་ཞིག་འཁྲིད་དགོས་པ་དང་།  དགེ་འདུན་པ་ལ་བལྟས་ན་མང་ཚོགས་དག་གིས་ཆོས་ཉན་པའི་གོ་སྐབས་ཉུང་ཞིང་ཆོས་ཀྱི་བསམ་བློ་ནར་མ་སོན་པ།  ཆོས་སྒྲུབ་སྟངས་དང་དགེ་སྡིག་གི་སྤང་བླང་མ་ཤེས་ན་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་དགོས་པའང་གཅིག་མཚུངས་ཡིན་པས།  གདུལ་བྱ་འཁྲིད་པའི་ཐབས་ལ་མཁས་པའི་སྒོ་ནས་གོ་རིམ་ཡོད་ལ་ཁ་གསལ་བ།  དོན་འདུས་ལ་ཉམས་སུ་བླངས་བདེ་བ།  དབང་ལུང་མན་ངག་གི་བརྒྱུད་པ་བར་མ་ཆད་པས་རྗེས་སུ་འཛིན་པ་སོགས་གལ་ཆེན་དོན་ཆེན་དུ་འཛིན་དགོས།   དེ་བཞིན་དུ་འཆད་ཁྲིད་པ་དག་གིས་ཀྱང་མི་མང་ཉུང་ལ་མ་ལྟོས་པར།   ཉན་མཁན་གཅིག་ལས་མེད་ཀྱང་།  ཕ་རོལ་བོར་འགན་ཁུར་བའི་འདུ་ཤེས་དང་ཕན་སེམས་གཙང་མས་ཀུན་ནས་བསླངས་ཏེ་གནད་ལ་ཁེལ་ཞིང་སྡོམ་ཚིག་གི་ཁྱད་ཆོས་ཡོད་པ་ཞིག་འཆད་དགོས་ཏེ།  མི་གཅིག་གི་བསམ་བློ་བསྐྱེད་བསྲིང་བྱས་པའི་དགེ་བའི་འབྲས་བུའང་མཐའ་མེད་པས་སོ།  །དེང་སྐབས་སྒྲ་གཟུགས་གང་རུང་དུ་འཕབ་རྒྱུ་ཤིན་ཏུ་ལས་སླ་བས་ཉིན་དེར་ཉན་མཁན་མང་བོ་མེད་ནའང་།  ཕྱིས་སུ་དོན་གཉེར་ཅན་མང་བོའི་བསམ་པའི་ཟས་སུ་མི་འགྱུར་བའི་ངེས་པའང་མེད་དོ།   །

  ལེགས་བཤད་རིན་པོ་ཆེའི་གཏེར་ལས།  བྱ་བ་ཆེ་ཆུང་གང་བྱེད་ཀྱང་། །མཁས་པས་རྟག་ཏུ་བསྒྲིམས་ཏེ་བྱ། །སེང་གེས་རི་བོང་གླང་ཆེན་གཉིས། །གསོད་པའི་ཚེ་ན་སྒྲིམ་ལྷོད་མེད། །ཅེས་གསུངས་པ་ལྟར།  ཆོས་འཇིག་རྟེན་དང་ཚེ་འདི་ཕྱི།  རང་གཞན་གྱི་དོན་གང་ཡིན་ཡང་གྲིམ་ལྷོད་མ་ཤོར་བར་ཐམས་ཅད་གལ་ཆེན་རྩིས་ཆེན་དུ་བཟུང་ནས་བསྒྲུབས་ན།  རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ་ཡིན་པས་གྲུབ་དོན་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པར་འགྱུར་རོ།  །

 ༢༠༢༢-༥-༢༤  
ཡར་རྒྱས་ཀྱི་རྩ་བ།
  དེང་སང་རྒྱལ་སྤྱིའི་སྡོམ་ཚིག་ལྟ་བུ་ཞིག་ལ། མཐུན་སྒྲིལ་དང་བོ་དང་། མཛའ་བརྩེ་གཉིས་པ། རྒྱལ་ཁ་གསུམ་པ་ཡིན། ཞེས་དང་། མཐུན་སྒྲིལ་ནི་ཡར་རྒྱས་ཀྱི་རྩ་བ་ཡིན། ཞེས་ཟེར་བ་ལྟར། རྒྱལ་ཁབ་དང་རྒྱལ་ཁབ་བར། ཆོས་ལུགས་དང་ཆོས་ལུགས་ཀྱི་བར། དཔོན་པོ་དང་དཔོན་པོའི་བར། ཕྱུག་པོ་དང་ཕྱུག་པོའི་བར། མཁས་པ་དང་མཁས་པའི་བར། སྒྱུ་རྩལ་བ་དང་སྒྱུ་རྩལ་བའི་བར། ཡང་དཔོན་པོ་དང་འབངས་མིའི་བར། བླ་མ་དང་སློབ་མའི་བར། ཕྱུག་པོ་དང་དབུལ་བོའི་བར། མཁས་པ་དང་བླུན་པོའི་བར། ཕ་མ་དང་བུ་ཕྲུག་གི་བར། གཟའ་གྲོགས་ཕན་ཚུན་གྱི་བར་སོགས་སུ་ཆེས་གལ་ཆེ་བ་ནི་མཐུན་སྒྲིལ་དང་ཡིད་ཆེས། གོང་བཀུར་དང་མཛའ་བརྩེ་སོགས་ཡིན་ཏེ། དེ་དག་ཡོད་ན་སྲིད་འབྱོར་རིག་གསུམ་དང་བཤད་སྒྲུབ་བསྟན་པའི་བྱ་བ་སོགས་ཀྱང་ཡར་རྒྱས་གོང་འཕེལ་དང་སྲ་བརྟན་འགྱུར་མེད་ཀྱི་ངོ་བོར་གནས་ཐུབ་པ་ཡིན་པས། བོད་ཀྱི་གཏམ་དཔེར་ཡང་། མང་བོས་བཏེགས་ན་སྡོང་བོ་ཡང་། ཞེས་དང་། མཛུ་གུ་ལྔ་བཅིངས་ཁུ་ཚུར།  ཞེས་སོགས་མཐུན་སྒྲིལ་གལ་ཆེ་ཞིང་མཐུན་སྒྲིལ་ལ་གཞན་དང་མི་མཚུངས་པའི་ཡར་རྒྱས་ཀྱི་སྟོབས་ཤུགས་ཡོད་ཚུལ་སོགས་མང་དུ་བསྟན་ཡོད་དོ།   །
  དེས་ན་མཐུན་སྒྲིལ་གྱི་གལ་ཆེན་རང་བཞིན་ཤེས་པར་བྱས་ཏེ།  དོན་དང་མཐུན་པའི་ཡར་རྒྱས་ལ་མཐའ་གཅིག་ཏུ་བརྩོན་པར་བྱའོ། །
༢༠༢༢-༥-༢༥                 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23525005
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།