རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། » རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་
རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-24ལྟ་ཀློག (16067)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར།

དོན་གྲུབ་རྒྱལ། ཕ་ཡུལ་ཅོ་ནེ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབྱིན་ཡིག་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས། སློབ་གྲྭ་དེ་གའི་དབྱིན་ཡིག་དགེ་རྒན་དང་འཛིན་བདག་སོགས་ཀྱི་འགན་ཁུར་ཅིང་། སྔ་རྗེས་སུ་སློབ་དོན་ཁང་གི་ཀྲུའུ་རིན་དང་སློབ་གཙོ་གཞོན་པའི་འགན་བཅས་ཁུར། ད་ལྟ་བོད་ལྗོངས་སློབ་ཆེན་གྱི་ཡིག་བསྒྱུར་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་རྒྱ་བོད་ལོ་ཙཱའི་ཞིབ་ཆེད་ལས་ལ་སློབ་སྦྱོང་བྱེད་བཞིན་ཡོད།ད་ལྟའི་བར་དུ་རྩོམ་ཡིག་ཉིས་བརྒྱར་ལོངས་པ་བོད་ཡིག་ཏུ་བསྒྱུར་ཅིང་དཔྱད་རྩོམ་ཁ་ཤས་ཀྱང་ཞིང་ཆེན་རིམ་པའི་རིག་གཞུང་དུས་དེབ་ཚད་ལྡན་དུ་བཀོད། 2016ལོར་རྒྱ་བོད་བཀའ་བསྟན་གསབ་བསྒྱུར་ལས་གཞི་ལས་ལུང་ཕྲན་ཚེགས་བསྒྱུར་བའི་ཚོགས་པར་ཞུགས་ཏེ་ལུང་སིལ་བའི་བམ་པོ་བཅུ་བཞི་བ་དང་ཉེར་གཅིག་པ་གཉིས་བོད་ཡིག་ཏུ་བསྒྱུར།

མཇུག་མཐའི་སློབ་ཐུན་གཅིག

ཏུ་ཏེས་བརྩམས། 

དོན་གྲུབ་རྒྱལ་གྱིས་བསྒྱུར། 

ཉིན་དེའི་ཞོགས་པར་ང་རང་སློབ་གྲྭར་ཆས་པ་ཤིན་ཏུ་འཕྱི་བས་དགེ་རྒན་ཧན་མེར་ལགས་ཀྱིས་བཀའ་བཀྱོན་པར་སྐྲག་བཞིན་སོང་།  ལྷག་པར་དུ་དགེ་རྒན་ལགས་ཀྱིས་ང་ཚོར་བྱ་ཚིག་གི་དྲི་བ་འདྲི་ངེས་ཞེས་གསུངས་མོད་ངས་ནི་ཡིག་རྡོག་གཅིག་ཀྱང་ལན་འདེབས་མི་ཤེས། སེམས་སུ་སློབ་གྲྭར་འགྲོ་འདོད་ཡེ་མེད་པས་ཕྱི་རོལ་དུ་རྩེད་མོར་གཡེང་ན་བསམ། གནམ་ངོ་ཅི་འདྲའི་དྭངས་ཤིང་ནམ་ཟླ་ཅི་འདྲའི་སྐྱིད་ཨང།  ལྗོན་པའི་གསེང་ནས་འཇོལ་མོས་སྐད་སྙན་སྒྲོག་ཅིང་། ཤིང་ཆ་གཅོད་སའི་ལྟག་རྒྱབ་ཀྱི་སྤང་ཐང་དུ་པུ་ལི་ཧྲིའི་དམག་མི་རྣམས་ཀྱིས་དམག་རྩལ་སྤྱོང་བའི་རྣམ་པ་སོགས་བྱ་ཚིག་གི་འཇུག་ཚུལ་ལས་ལྡབ་འགྱུར་གྱིས་སྤྲོ་སྣང་ལྡན་ཡང་། ངས་རང་གཅུན་བྱེད་ནུས་པས་བྲེལ་སྟབས་ཀྱིས་སློབ་གྲྭའི་ཕྱོགས་སུ་རྒྱུགས། ངས་གྲོང་སྡེའི་གཞུང་ཁང་སྒོ་ལམ་བརྒྱུད་སྐབས་མི་ཚོགས་མང་པོས་བསྒྲགས་པང་སྐོར་ནས་འདུག་པ་མཐོང་བྱུང་། ཉེ་བའི་ལོ་འདི་དག་ལ་གཡུལ་ལས་ཕམ་པ་དང་། དམག་བསྡུ་གཡུལ་བསྐྱོད་བྱེད་པ། དམག་དོན་ལས་ཁུངས་ཀྱི་བཀའ་རྒྱ་སྣ་ཚོགས་སོགས་བཀྲ་མ་ཤིས་པའི་གཏམ་ངན་ཡོད་ཚད་འདི་ནས་བརྒྱུད་ཡོང་བ་ཡིན། བདག་གི་སེམས་སུ་ཡང་དོན་རྐྱེན་ཅི་ཞིག་བྱུང་ངམ་བསམ་མོད་གོམ་མཚམས་མ་བཞག མགར་བ་ཧྭ་ཤིས་ཐིས་རང་གི་སློབ་ཕྲུག་དག་ཁྲིད་ནས་དེར་འཚང་ཁ་རྒྱག་ཞོར་བསྒྲགས་ཡིག་ལ་ལྟ་བཞིན་འདུག ཁོས་ང་རང་མདུན་ཐད་དུ་རྒྱུགས་བཞིན་པ་མཐོང་འཕྲལ་ང་ལ།‘‘བུ་ཆུང་། དེ་འདྲ་རྒྱུགས་དགོས་མི་འདུག གང་ལྟར་སློབ་ཁྲིད་ཀྱི་རྗེས་ཟིན་ཐུབ’’ཅེས་སྐད་མཐོན་པོས་བོས་བྱུང་། ངས་ནི་ཁོས་ང་ལ་ཀུ་རེ་སློང་བཞིན་འདུག་སྙམ་ཏེ་དབུགས་ཆད་ལ་ཁད་དུ་དགེ་རྒན་ཧན་མེར་གྱི་སྒོ་ར་ཆུང་ཆུང་དེར་རྒྱུགས། ནམ་རྒྱུན་ལྟར་ན་སློབ་ཁྲིད་མགོ་རྩོམ་སྐབས་སློབ་མ་རྣམས་ཀྱིས་སྒྲོག་ཙེའི་ཁ་ཕྱེ་བ་དང་གཏན་པ། ཕྱིའི་འུར་སྒྲ་འགོག་ཆེད་ལག་ཟུང་རྣ་བར་བཀབ་སྟེ་སྐད་གསེང་མཐོན་པོས་སྐྱོར་སྦྱོང་བྱེད་པའི་སྒྲ་སོགས་འུར་ཟིང་ཤིན་ཏུ་ཆེ་ལ། དེ་མིན་དགེ་རྒན་ལགས་ཀྱིས་ཁྲིད་དབྱུག་སྒྲོག་ཙེར་བརྡབ་ནས་‘‘ལྷིང་འཇགས་བྱོས’’ ‘‘འུར་མ་རྒྱག’’ཅེས་པའི་སྒྲ་ཕྱིར་མཆེད་པ་སྲང་ལམ་ནས་ཀྱང་ཐོས་ཐུབ།

  ངས་ཀྱང་འུར་ཅོར་རྒྱག་པའི་བར་གླགས་ནས་ཁ་རོག་གེར་རང་གི་འདུག་གནས་སུ་འགྲོ་དགོས་བསམས་མོད། བློ་ཡུལ་ལས་འདས་པ་ཞིག་ལ་ཉིན་དེ་ནི་གཟའ་ཉི་མ་དང་འདྲ་བར་ཡོད་ཚད་ཁུ་སིམ་མེར་གནས་འདུག། ངས་སྒེའུ་ཁུང་ཕྱེ་ཡོད་པ་ཞིག་ནས་ནང་དུ་བལྟས་ཙ་ན། སློབ་གྲོགས་ཚང་མ་རང་རང་གི་འདུག་གནས་སུ་བསྡད་ཅིང་། དགེ་རྒན་ཧན་མེར་ལགས་ཀྱིས་འཇིགས་ཡེར་བའི་ཁྲིད་དབྱུག་དེ་མཆན་འོག་ཏུ་བཙུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པ་མཐོང་། ངས་སྒོ་དལ་གྱིས་ཕྱེ་སྟེ་དགེ་སློབ་ཡོངས་ཀྱིི་མདུན་ནས་འཇམ་ཐིང་ངེར་ཡོད་པའི་སློབ་ཁང་དུ་མི་འགྲོ་ཐབས་མེད་བྱུང་། ཁྱོད་ཚོས་ཤེས་གསལ་ལྟར་སྐབས་དེར་བདག་གི་ངོ་མདོག་མཚལ་བར་གྱུར་ཅིང་སེམས་སུ་དངངས་སྐྲག་གིས་ཁེངས། འོན་ཀྱང་དགེ་རྒན་ཧན་མེར་ལགས་ཀྱིས་ང་རང་མཐོང་འཕྲལ་ཤིན་ཏུ་འཇམ་པའི་ངག་ནས‘‘བུ་ཆུང་ཧྥུ་ལིང་ཧྲི། མྱུར་མོར་སྡོད་དང་ང་ཚོས་སློབ་ཁྲིད་མགོ་བརྩམ་རྒྱུ་ཡིན། ཁྱོད་ལ་སྒུག་རྒྱུ་མིན།’’ཞེས་པ་ལས་གཞན་ཅི་ཡང་མ་གསུང་། ང་རང་མཆོངས་ཐེངས་གཅིག་གིས་རྐུབ་སྟེགས་སུ་བསྡད་ཅིང་སེམས་པ་ཅུང་ལྷོད་ལ་བབས་པས་ད་གཟོད་དགེ་རྒན་ལགས་ཀྱིས་དེ་རིང་མཛེས་པའི་གཟབ་ཆས་ལྗང་མདོག་ཅན་དེ་མནབས་ཡོད་པ་མཐོང་། ལྟེབ་གཉེར་ཆགས་པའི་གོང་མདུད་དཀྲིས་ཤིང་དར་སྲབ་ནག་པོའི་ཞྭ་མོ་མཐའ་རྒྱན་ལ་མེ་ཏོག་དྲུབས་པ་ཞིག་གྱོན་ཡོད་པ་གཞི་ནས་མཐོང་བྱུང་། གཟབ་ཆས་འདི་དག་ནི་སློབ་གསོའི་གཟིགས་རྟོག་པ་རྣམས་ཡོང་ནས་ལྟ་ཞིབ་བྱེད་པ་དང་བྱ་དགའ་གནང་བའི་སྐབས་མ་གཏོགས་གྱོན་མི་སྲིད་ལ། དེ་མིན་སློབ་ཁང་ནང་དུའང་རྒྱུན་ལྡན་དང་མི་འདྲ་བའི་གཟབ་ནན་གྱི་རྣམ་པས་ཁེངས་འདུག ནམ་རྒྱུན་སྟོང་བར་ལུས་པའི་མཇུག་གྲལ་གྱི་རྐུབ་སྟེགས་སུ་གྲོང་སྡེའི་མི་འགའ་བསྡད་ཡོད་པ་མ་ཟད་ཁོ་ཚོའང་ང་ཚོ་ནང་བཞིན་གྲག་འགུལ་ཅི་ཡང་མེད་པར་འདུག་པས་ང་རང་སྔར་བས་ཧ་ལས་སུ་བཅུག ཁོ་ཚོའི་གྲས་སུ་བགྲེས་པོ་ཧའོ་སུག་ཡོད་ལ་ཁོས་ཞྭ་མོ་ཟུར་གསུམ་ཅན་དེ་གྱོན་ཅིང་། སྡེ་དཔོན་ཟུར་བ་དང་སྔོན་གྱི་ཡིག་སྐྱེལ་བ། དེ་མིན་གཞན་པ་ཁ་ཤས་ཀྱང་ཡོད་མོད་སུ་ཡིན་ཡང་གདོང་ལ་སེམས་ཁྲལ་གྱིས་ཁེངས་འདུག བགྲེས་པོ་ཧའོ་སུག་ལགས་ཀྱིས་ད་དུང་འདབས་སྣེ་ཟད་པའི་དམའ་རིམ་སློབ་དེབ་ཅིག་ཁ་ཕྱེ་སྟེ་པུས་མོར་བཞག་ཅིང་ཁོང་གི་མིག་ཤེལ་ཆེན་པོ་དེ་སྟེང་དུ་བཞག་ནས་འདུག

ངས་སྣང་ཚུལ་འདི་དག་མཐོང་སྟེ་སེམས་སུ་མཚར་སྣང་སྐྱེས་པའི་སྐབས་དེར། དགེ་རྒན་ཧན་མེར་ལགས་འདུག་སྟེགས་སུ་བཞུགས་ཤིང་ད་སྔོན་ང་ལ་ཞལ་བརྡ་གནང་བ་བཞིན་ངག་འཇམ་ལ་གཟབ་ནན་གྱིས་ང་ཚོར།“ངའི་སློབ་ཕྲུག་རྣམ་པ། འདི་ནི་ངས་ཁྲིད་པའི་མཇུག་མཐའི་སློབ་ཐུན་ཡིན། དེང་ཕྱིན་ཨར་ས་སི་དང་ལོ་ལིན་གྱི་སློབ་གྲྭར་འཇར་མན་གྱི་སྐད་མ་གཏོགས་ཁྲིད་མི་ཆོག་པའི་བཀའ་རྒྱ་པོ་ལིན་ནས་འབྱོར་བྱུང་། དགེ་རྒན་གསར་བའང་སང་ཉིན་འབྱོར་ཐུབ་པས་དེ་རིང་ནི་ཁྱོད་ཚོས་ཧྥ་རན་སིའི་སྐད་ཡིག་སློབ་པའི་སློབ་ཐུན་མཐའ་མ་ཡིན། ལྷན་རྒྱས་ནས་ཡིད་སེམས་གཅིག་ལ་སྒྲིམས་ནས་སློབ་སྦྱོང་ནན་ཏན་བྱེད་པའི་རེ་བ་ཞུས་པ་ཡིན།”ཞེས་གསུངས། དེ་སྐད་ཐོས་འཕྲལ་བདག་གི་སེམས་སུ་རང་དབང་མེད་པར་སྨྲེང་སྐྱོ་འཕར་མར་སྐྱེས་བྱུང་། ད་ཅི་བྱ། མ་གཞིར་མི་ངན་དེ་དག་གིས་གྲོང་སྡེེའི་གཞུང་ཁང་གི་བསྒྲགས་པང་ངོས་སུ་སྦྱར་བའི་གནས་ཚུལ་འདི་ཡིན་འདུག འདི་ནི་ངའི་ཧྥ་རན་སིའི་སྐད་ཡིག་གི་སློབ་ཐུན་ཆེས་མཐའ་མ་དེ་རེད་ཨང་།  ངས་ད་དུང་རྩོམ་ཡིག་འབྲི་མི་ཤེས་མོད་ད་ནས་ཧྥ་རན་སིའི་སྐད་ཡིག་སློབ་པའི་སྐལ་བ་ཆད་པ་ཡིན་ནམ། ད་ནས་སྐལ་བ་མེད་སོང་ངམ། ངས་སྔོན་ཆད་སློབ་ལ་མི་བརྩོན་པར་སློབ་བྱོལ་བྱས་ཏེ་བྱ་ཚང་སློག་པ་དང་། སཱར་གཙང་བོའི་ངོགས་ནས་དར་ཤུད་བྱེད་པ་སོགས་ཡིད་ལ་དྲན་ཚེ་འགྱོད་གདུང་དྲག་པོས་མནར་བྱུང་། ད་ཅི་བརྡ་སྤྲོད་དང་ལོ་རྒྱུས་སོགས་ཀྱི་སློབ་དེབ་འདི་དག་མཐོང་ཚེ་ཡིད་འཚིག་ཅིང་རྒྱབ་ལ་ཁུར་ནའང་དེ་འདྲའི་ལྕི་མོ་ཞིག་ཡིན་ནའང་། ད་ནི་རང་གི་བློས་ཐུབ་གྲོགས་པོ་དང་འདྲ་བར་འབྲལ་མི་ཕོད་པ་ལྟ་བུར་གྱུར་ཅིང་། དགེ་རྒན་ཧན་མེར་ལགས་ལའང་གྱེས་ན་མི་འདོད་པར་གྱུར། དགེ་རྒན་ལགས་ང་ཚོ་དང་བྲལ་ནས་འགྲོ་དགོས་ཤིང་ད་ནས་མཇལ་ཐབས་མེད་པར་བསམ་ན་ཁོང་གིས་ང་ལ་ཆད་པ་བཅད་ཅིང་དབྱུ་གུས་གཞུས་པ་སོགས་ཀྱང་ཡིད་ནས་གཏིང་བརྗེད་དུ་སོང་འདུག

  ཁོང་གིས་གཟབ་ཆས་སྤྲས་པ་ནི་མཇུག་མཐའི་སློབ་ཐུན་འདི་ལ་དྲན་རྟེན་འཇོག་པའི་ཕྱིར་ཡིན་པ་བསམ་ན་ཅི་འདྲའི་སྙིང་རྗེ་བ་ལ། གྲོང་སྡེའི་ནང་གི་བགྲེས་པོ་དེ་དག་སློབ་ཁང་དུ་བསྡད་ཡོད་པའི་རྒྱུ་མཚན་ཡང་ད་གཟོད་རྟོགས་བྱུང་། ཁོ་ཚོས་ཀྱང་སྔོན་ཆད་གནས་འདིར་རྒྱུན་དུ་མ་ཡོང་བར་འགྱོད་པ་སྐྱེས་བཞིན་ཡོད་ཅེས་བརྗོད་པ་དང་མཚུངས། ཁོ་ཚོས་ཐབས་ཤེས་འདི་འདྲར་བརྟེན་ནས་མི་ལོ་བཞི་བཅུའི་རིང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབས་པའི་དགེ་རྒན་མཆོག་ལ་བཀའ་དྲིན་ཞུ་བ་དང་། གཞན་ལག་ཏུ་འཆོར་ཉེ་བའི་ཕ་ས་མ་ཡུལ་ལ་གུས་འདུད་ཞུུས་པ་དང་ཡང་མཚུངས་སོ།།

ང་རང་དེ་ལྟར་བསམ་གཞིག་ཏུ་གཡེང་བའི་སྐབས་སུ་དགེ་རྒན་ལགས་ཀྱིས་གློ་བུར་དུ་ངའི་མིང་ནས་བོས་བྱུང་། ད་ནི་ངས་སློབ་ཚན་ངག་སྐྱོར་བྱེད་དགོས། ཨ། གནམ་རྒན་མ། གལ་སྲིད་བདག་གིས་ཤིན་ཏུ་གོ་དཀའ་བའི་བྱ་ཚིག་གི་འཇུག་ཚུལ་དེ་དག་སྐད་གསེང་མཐོན་པོས་གསལ་དག་སྙན་གསུམ་གྱིས་མགོ་ནས་མཇུག་བར་དུ་ནོར་འཁྲུལ་གཅིག་ཀྱང་མེད་པར་བློར་སྐྱོར་ཐུབ་པ་བྱུང་ན་བདག་གིས་ཅི་ཞིག་བྱེད་དགོས་ཀྱང་འགྱོད་པ་མི་འདུག་མོད། ད་ནི་མགོ་ནས་ཡིག་འབྲུ་ཁ་ཤས་ཀྱིས་མགོ་འཐོམས་པར་གྱུར་པས་སེམས་སུ་ནོངས་འགྱོད་དང་བཅས་ཡར་ལངས་ཏེ་འགུལ་ཙམ་བྱེད་པ་ལས་མགོ་བོའང་དགྱེ་མི་ཕོད། དེ་མུར་དགེ་རྒན་ཧན་མེར་ལགས་ཀྱིས་ཕྲན་ལ།“བུ་ཆུང་ཧྥུ་ལིང་ཧྲི། ཁྱོད་རང་སྡུག་བསྔལ་གྱིས་རབ་ཏུ་མནར་བ་དེས་ཆོག བདག་གིས་ཁྱོད་ལ་སྐྱོན་བརྗོད་བྱེད་དགོས་མི་འདུག ང་ཚོ་ཚང་མས་རྟག་པར་སེམས་སུ། དུས་ཚོད་ལ་འཛད་མཐའ་མེད་པས་སང་ཉིན་སློབ་སྦྱོང་བྱས་ཀྱང་འཕྱིས་མེད་འདོད་པས། ད་ནི་རང་ཅག་གི་སྡུག་འབྲས་འདི་ལ་གཟིགས་དང་། རྟག་པར་སློབ་སྦྱོང་གིི་བྱ་བ་ནར་འགྱངས་བྱས་ཏེ་སང་ཉིན་ལ་བཞག་པས་ད་གཟོད་ཨར་ས་སིའི་མི་རྣམས་ལ་འདི་ལྟ་བུའི་གོད་ཆག་བྱུང་བ་རེད། ད་ནི་མི་ངན་གླ་གློ་དེ་ཚོས་ང་ཚོར།‘ཁྱོད་ཚོས་ཐ་ན་རང་གི་སྐད་ཆ་བཤད་མི་ཤེས་ལ་རང་གི་ཡི་གེའང་འབྲི་མི་ཤེས་པར་རང་ཉིད་ད་དུང་ཧྥ་རན་སིའི་མི་ཡིན་པར་ཁས་འཆེའམ’ཞེས་འཚང་འབྲུ་བའི་གོ་སྐབས་རྙེེད་པ་རེད། ཡིན་ནའང་སྙིང་རྗེ་བའི་ཧྥུ་ལིང་ཧྲི། འདི་ནི་ཁྱོད་རང་གཅིག་པུའི་ནོར་འཁྲུལ་མ་ཡིན་པར་ང་ཚོ་ཚང་མར་སྐྱོན་བརྗོད་དང་ལེ་བདའ་བྱེད་དགོས་ས་ཤིན་ཏུ་མང་བོ་ཡོད། ཁྱོད་ཅག་གི་ཕ་མས་ཁྱོད་ཚོའི་སློབ་སྦྱོང་ལ་སེམས་ཁུར་བྱས་པ་མི་འདང་ལ་ཁོ་ཚོས་ཡོང་སྒོ་ཅུང་ཙམ་གྱི་དོན་དུ། ཁྱོད་ཚོའི་ལག་གི་དཔེ་ཆ་དོར་ནས་ཞིང་ནང་དང་འཁལ་འཐག་བཟོ་གྲྭར་མངགས་སྲིད། ང་ཡང་དེ་བཞིན་ཡིན་ཏེ། ང་ལ་སྐྱོན་བརྗོད་བྱེད་མ་དགོས་པ་རེད་དམ། ངས་ནི་ནམ་རྒྱུན་ཁྱོད་ཚོར་ངའི་མེ་ཏོག་ལ་ཆུ་གཏོར་དུ་བཅུག་པ་མ་ཡིན་ནམ། ང་རང་ཉ་འཛིན་དུ་ཆས་སྐབས་ཁྱོད་ཚོར་སློབ་ཁྲིད་མ་བྱས་པར་ཉིན་གཅིག་གི་གནང་བའང་བྱིན་པ་མ་རེད་དམ།”ཞེས་གསུངས།

དེ་ནས་དགེ་རྒན་ཧན་མེར་ལགས་ཀྱིས་དོན་དག་འདི་ནས་གཞན་ཞིག་གླེང་མགོ་བརྩམས་ཤིང་ཧྥ་རན་སིའི་སྐད་ཡིག་གླེང་བྱུང་། ཁོང་གིས་གསུང་རྒྱུར། ཧྥ་རན་སིའི་སྐད་ཡིག་ནི་འཛམ་གླིང་ཐོག་ཆེས་ཡིད་དུ་འོང་བའི་སྐད་ཡིག་ཅིག་སྟེ། ཆེས་ཁ་གསལ་ཞིང་གནད་དུ་ཐིངས་པའི་ཡོན་ཏན་དུ་མ་དང་ལྡན་ནོ་ཟེར། ཁོས་སླར་ཡང་། ང་ཚོས་ངེས་པར་དུ་རང་གི་སྐད་ཡིག་ཡིད་ཀྱི་ཟབ་སར་ཉར་དགོས་ལ་གཏན་ནས་བརྗེད་མི་རུང་། རྒྱལ་ཁབ་ཤོར་ཞིང་གཞན་གྱི་བྲན་དུ་ཁོལ་བའི་མི་དམངས་ལ་མཚོན་ན་རང་གི་སྐད་ཡིག་དམ་དུ་འཆིང་ཚེ། བཙོན་ཁང་སྒོ་མོ་འབྱེད་པའི་ལྡེ་མིག་ལག་ཏུ་འབྱོར་བ་དང་འདྲ་ཞེས་གསུང་ནས་མཚམས་འདིར་སླེབས་དུས་ཁོང་གིས་བརྡ་སྤྲོད་ཀྱི་སློབ་ཁྲིད་བྱས་བྱུང་། ཅི་འདྲའི་ཡ་མཚན། དེ་རིང་གི་སློབ་ཁྲིད་བྱས་ཚད་བདག་གི་ཡིད་ལ་ཡོངས་སུ་ངེས་ཤིང་འདྲོངས་པས་དགེ་རྒན་གྱིས་ཁྲིད་པའང་ཅུང་སླ་བར་སྣང་། ངའི་སེམས་སུ་བདག་གིས་ད་ལ་ཐུག་གི་བར་སློབ་ཁྲིད་ལ་འདི་འདྲའི་གཟབ་ཉན་བྱེད་མ་མྱོང་ལ་དགེ་རྒན་གྱིས་ཀྱང་འདི་ལྟར་སུན་སྣང་མེད་པའི་འགྲེལ་བཤད་གནང་མ་མྱོང་སྙམ། དགེ་རྒན་ལགས་ཀྱིས་ང་ཚོ་དང་ཁ་མ་བྲལ་སྔོན་ལ་རང་རྒྱུད་ཀྱི་ཤེས་ཡོན་ཡོད་དོ་ཅོག་བུམ་པ་གང་བྱོའི་ཚུལ་དུ་ང་ཚོའི་རྒྱུད་ལ་འཇོག་ཐུབ་ན་ཅི་མ་རུང་སྙམ་པའི་ངང་ཚུལ་འདི་ནི་ཅི་འདྲའི་སྙིང་དུ་སྡུག་ཨང་།

བརྡ་སྤྲོད་ཁྲེིད་ཚར་རྗེས་ཡིག་གཟུགས་བསླབས་བྱུང་། ཉིན་དེར་དགེ་རྒན་ཧན་མེར་ལགས་ཀྱིས་ང་ཚོར་གནང་བའི་ཡིག་གཟུགས་ཀྱི་མ་ཕྱི་གསར་བའི་སྟེང་དུ།“ཧྥ་རན་སི།” “ཨར་ས་སི།” “ཧྥ་རན་སི།” “ཨར་ས་སི།” ཞེས་པའི་ཡིག་གཟུགས་ཟླུམ་གོར་ཅན་སྙིང་རྗེ་མོ་མང་པོ་འདུག་ལ། ཡིག་གདན་འདི་དག་མདུན་ཅོག་སྟེང་གི་ལྕགས་དབྱུག་ལ་བཀལ་ཚེ་རྒྱལ་དར་ཆུང་ཆུང་མང་པོ་སློབ་ཁང་དུ་ལྷབ་ལྷུབ་དུ་གཡོ་བ་དང་གཉིས་སུ་མ་མཆིས། སློབ་གྲོགས་ཚང་མས་ཡིད་སེམས་གཅིག་ལ་གཏད་ཅིང་སློབ་ཁང་དུ་ཁུ་སིམ་མེར་འདུག་པས་འབྲི་ཤོག་ངོས་སུ་ལྕགས་སྨྱུག་ཤར་ཤར་དུ་བསྐྱོད་པའི་སྒྲ་ལས་མི་འདུག ལན་རེར་བུང་བ་གསེར་མདོག་ཅན་ཁ་ཤས་སློབ་ཁང་དུ་འཕུར་ཡོང་ནའང་སུ་ཡང་དེར་མི་གཡེང་བ་མ་ཟད་ཐ་ན་ལོ་ན་ཆེས་ཕྲ་བའི་སློབ་ཕྲུག་གིས་ཀྱང་སེམས་གཞན་ལ་མི་འཁྲི་བར་དམིགས་པ་གཅིག་ལ་གཏད་ནས“འཕྲེད་རྟགས”འབྲི་བའི་ངང་ཚུལ་ལ་བལྟས་ན་དེ་ཡང་ཧྥ་རན་སིའི་ཡི་གེ་ཡིན་པ་འདྲ། ཁང་ཀླད་ནས་ཕུག་རོན་གྱིས་ཀོ་ཀོོ་ཀོ་ཞེས་སྐད་དམའ་མོ་འབྱིན་པ་ཐོས་ཚེ་བདག་གི་སེམས་སུ། མི་ངན་དེ་དག་གིས་ཕུག་རོན་ལའང་བཙན་དབང་གིས་འཇར་མན་གྱི་སྐད་སློབ་དུ་བཅུག་པ་མིན་ནམ་སྙམ།

ངས་མགོ་བོ་དགྱེ་ཐེངས་རེར་དགེ་རྒན་ཧན་མེར་ལགས་རྐུབ་སྟེགས་ནས་འགུལ་ཙམ་ཡང་མི་བྱེད་པར་ཉེ་འཁོར་གྱི་ཅ་དངོས་ཡོད་ཚད་ལ་ཅེར་ཏེ། སློབ་ཁང་ཆུང་ཆུང་འདིའི་ནང་གི་དངོས་པོ་ཡོད་ཚད་ཆད་ལུས་མེད་པར་ཡིད་ལ་བཅུག་ནས་འཁྱེར་ཐུབ་ན་འདོད་པ་ལྟ་བུའི་རྣམ་པ་དེ་མཐོང་ཐུབ། དེ་ཡང་ཡིན་ཏེ། མི་ལོ་བཞི་བཅུའི་རིང་ལ་ཁོང་གནས་འདིར་ཁ་འབྲལ་མ་མྱོང་བས་སྒེའུ་ཁུང་ཕྱི་རོལ་ནི་རང་གི་སྒོ་ར་ཡིན་ལ། མིག་གི་མདུན་ནི་རང་གི་སློབ་མ་ཡིན། ལོ་མང་རིང་བེད་སྤྱོད་བྱས་ཟིན་པའི་ཁྲིད་ཅོག་དང་རྐུབ་སྟེགས་དག་ཕྱིས་ནས་འོད་འཚེར་ཞིང་བརྡར་ནས་ཟད་ལ་ཉེ། ལྷས་ནང་གི་ཁམ་སྡོང་གི་རྩེ་མོ་དགུང་ལ་སྙེག་ཅིང་། ཁོང་གིས་དངོས་སུ་བཙུགས་པའི་འཁྲི་ཤིང་སྨུག་པོ་དེ་ཡང་ད་ནི་སྒེའུ་ངོགས་སུ་འཁྲིལ་ཏེ་ཁང་ཐོག་ཏུ་སླེབས་འདུག ཀྱེ་མ། ད་ལྟ་འདི་དག་ཐམས་ཅད་ཅམ་གྱིས་བཞག་ཏེ་གྱེས་དགོས་ཁར་སྲིང་མོས་ཉིས་ཐོག་ནས་འགྲོ་ཆས་སྒྲིག་སྟེ་ཕར་འགྲོ་ཚུར་འགྲོ་བྱེད་པའི་གོམ་སྒྲ་ཐོས་ན་སེམས་པ་མི་སྐྱོ་བ་ག་ལ་སྲིད། ཁོང་གཉིས་སང་ཉིན་གནས་འདི་དང་གཏན་དུ་ཁ་འབྲལ་དགོས་ཨང་།

ཡིན་ནའང་ཁོང་ལ་དེ་རིང་གི་སློབ་ཚན་མཐའ་འཁྱོལ་བར་ཁྲིད་པའི་སྤོབས་པ་མ་ཉམས་པར་ཡོད། ཡིག་གཟུགས་ཁྲིད་ཚར་རྗེས་ལོ་རྒྱུས་ཐུན་གཅིག་ཁྲིད་པ་དང་དེ་ནས་མུ་མཐུད་དུ་དམའ་རིམ་འཛིན་གྲྭར་སྦྱོར་ཀློག་བྱེད་ཚུལ་ba,be,bi,bo,bu ཁྲིད། མཇུག་གྲལ་དུ་ཡོད་པའི་བགྲེས་པོ་ཧའོ་སུག་ལགས་ཀྱིས་ཀྱང་མིག་ཤེལ་གྱོན་ཏེ་ལག་ཟུང་གིས་དམའ་རིམ་སློབ་དེབ་དེ་མཐོན་པོར་བཏེགས་ནས་ཁོ་ཚོ་དང་མཉམ་པོར་སྦྱོར་ཀློག་བྱེད་ཀྱིན་འདུག ཁོའི་ཡིད་སེམས་དྲག་ཏུ་གཡོས་པས་སྦྱོར་ཀློག་གི་སྐད་གདངས་ཀྱང་འདར་འདར་བྱེད་དགོས་ཐུག ང་ཚོས་ཁོའི་དགོད་བྲོ་བའི་དཔེ་ཀློག་གི་སྒྲ་དེ་ཐོས་པས་དགོད་བྲོ་ལ་ངུ་ཡང་སྐྱེན། ཀྱེ་མ། མཇུག་མཐའི་སློབ་ཐུན་འདི་ནི་བདག་གིས་གཏན་ཏུ་བརྗེད་པ་མེད་དོ།།

གློ་བུར་དུ་ཆོས་ཁང་གི་ཅོང་བརྡ་ཐེངས་བཅུ་གཉིས་རྡུང་སོང་། གསོལ་འདེབས་ཀྱི་ཅོང་བརྡ་ཡང་གྲགས་བྱུང་།  དེ་མུར་སྒེའུ་ཁུང་ཕྱི་ནས་པུ་ལི་ཧྲིའི་དམག་མིའི་དམག་སྦྱོང་མཚམས་འཇོག་པའི་བརྡའང་བཏང་བྱུང་བས། དགེ་རྒན་ཧན་མེར་ཡར་བཞེངས་ཤིང་ཁོང་གི་ངོ་མདོག་སྐྱ་བོར་གྱུར་འདུག བདག་གི་སེམས་སུ་ཁོང་ནི་འདི་འདྲའི་བརྗིད་ཉམས་ལྡན་པ་ཞིག་ཡིན་མ་མྱོང་། ཁོང་གིས་ང་ཚོར།“ངའི་གྲོགས་པོ་རྣམ་པ་ལགས། ངའི་་་་་་ ངའི་་་་་་”ཞེས་ཅི་ཞིག་བརྗོད་པར་བརྩམས་ཀྱང་ཁོང་གི་མགྲིན་པ་བརྣངས་ཏེ་ཅི་ཡང་གསུང་མ་བཏུབ། ཁོང་རང་ཕྱིར་འཁོར་ཏེ་ས་སྨྱུག་ཅིག་གིས་སྒོ་སམ་ངོས་སུ་ལུས་ཀྱི་སྟོབས་ཤུགས་ཡོད་ཚད་བཀོལ་ཏེ་ཡིག་འབྲུ་ཆེན་པོ་གཉིས་བྲིས།“ཧྥ་རན་སི་བསྐལ་བརྒྱར་བརྟན་གྱུར་ཅིག” དེ་ནས་ཁོང་གིས་མགོ་བོ་གྱང་ལ་བསྙེས་ཏེ་ཁ་མལ་དུ་ཧད་དེ་ལུས་ཤིང་ངག་ཀྱང་མི་ཁྲོལ་བས། ང་ཚོར་“སློབ་ཁྲིད་གྲོལ་ཟིན་པས་ཁྱོད་ཚོ་ཕེབས་ཆོག”ཅེས་པའི་ཕྱག་བརྡ་གནང་བྱུང་། 

རྩོམ་ཡིག་འདི་ལ་སྔོན་ཆད་འགྱུར་ཡག་པ་ཧ་ཅང་མང་མོད། རང་གི་ཚོར་འདུ་ཟབ་མོས་བསྐུལ་བས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གཙང་དུ་སླར་ཡང་བསྒྱུར་བའོ།། 


གསལ་བཤད།  
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་རྩོམ་འབྲི་བ་དག་ལ་དམིགས་ནས་ད་རེ་ཆེད་དུ་གཟའ་འཁོར་རེའི་ནང་དུ་རང་རེའི་དྲ་བར་མཐར་ཕྱིན་སློབ་མའི་རྩོམ་ཡིག་ཆེད་བཀོད་ཀྱི་ལེའུ་ཚན་ཞིག་བཀོད་སྒྲིག་ཞུས་ཡོད་པས་མཐར་ཕྱིན་རྩོམ་ལ་དགའ་བ་དག་གིས་སློབ་ཚོགས་གཞུང་ལས་ཁང་དུ་རང་རང་གི་རྩོམ་ཡིག་བསྐུར་རོགས་ཞུ།   སློབ་ཚོགས་གཞུང་ལས་ཁང་གི་ཁ་པར་ཨང་གྲངས།  (0975) 838 9857    སྐད་འཕྲིན། 15109745084

གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་།  



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 8 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
   རྭ་རྒྱའི་མཐར་ཕྱིན་རྩོམ་པ་བོ་འོས་སྦྱོར། (གསུམ་པ) ཅོ་ནེ་དོན་གྲུབ་རྒྱལ།   སྤེལ་མཁན།: ཚེདདང་རིག་འཛིན། སྤེལ་དུས:2022/5/25
ཁོང་གི་བསྒྱུར་རྩོམ་ནི་གཞན་དང་མི་འདྲ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23527770
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།