སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་གསུམ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་གསུམ་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་གསུམ་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-22ལྟ་ཀློག (4889)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་འབེལ་གཏམ་ཁག་གསུམ་པ། 


མཐའ་གཉིས་སུ་མ་ལྷུང་བ།

 རྒྱལ་སྲས་ལག་ལེན་སོ་བདུན་མ་ལས། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར། ཆགས་སེམས་དང་གཅེས་འཛིན་ཆེན་པོས་གཉེན་དང་གྲོགས་པོ་དག་ལ་ཅི་འདོད་ཀྱི་ཟས་ནོར་བྱིན། ཅི་དགོས་ཀྱི་རོགས་རམ་བྱས། ཕན་པའི་སེམས་ཀྱིས་བསྐྱངས། འཇམ་པའི་ངག་གིས་བོས། གང་དུ་འགྲོ་དགོས་ན། ཅི་ཞིག་བསྒྲུབ་དགོས་ན། མི་ཐུབ་དང་མི་ཁོམ་མེད་པར་ཡ་ཡ་ཡིན་ཡིན་བྱེད་རྒྱུ་ཐལ་དྲགས་ན། ཕ་རོལ་བོས་དེ་ནི་ཁྱོད་ཀྱིས་ཆེས་ཤིན་ཏུ་བསྒྲུབ་འོས་པ་ཞིག་ལས་བཀའ་དྲིན་ཆེ་བར་མི་བསམ་པ་དང་། རིམ་གྱིས་གོམས་ལོབ་ལྟ་བུར་གྱུར་ཏེ། ཐེངས་གཅིག་ལ་ཞབས་ཕྱི་བྱེད་ཁོམ་མེད་པའམ་རྒྱུ་ནོར་སྟེར་རྒྱུ་མེད་ན་ཡང་། སྙིང་ནས་མི་དགའ་ཞིང་དམོད་མོ་བྱེད་པ། མཁོ་མེད་དུ་མཐོང་ཞིང་སེམས་ཁོང་ནས་འཁྲུགས་པ་སོགས་ཕན་ཚུན་འཁོན་དུ་འཛིན་པའི་རྒྱུར་འགྱུར་བའང་མང་བས། རྒྱང་ཐག་རན་ཙམ་ནས་ཕན་གྲོགས་གང་འཚམ་བྱས་ཏེ་རང་རང་སར་བསྡད་ན་མཛའ་བ་དང་བརྩེ་བ་རྒྱུན་སྐྱོང་ཐུབ་པོ། །

    དེ་བཞིན་དུ། འཇིག་རྟེན་གཏམ་དཔེར། མགོ་པང་ལ་བཞག་ན་ཀླད་པ་འཕྲུ་ཚོད་ཟིན་དགོས་ཟེར་བའི་དཔེ་ལྟར། དགྲ་བོ་ཡིན་ཡང་བཙན་གཉོམ་ཤོར་བའམ་གོ་སྐབས་བྱུང་བ། རང་ལ་རྒྱབ་རྟེན་དང་དཔུང་གྲོགས་ཡོད་པ་སོགས་རྒྱུ་མཚན་དུ་བྱས་ནས། ཚད་ལས་བརྒལ་བའི་དམའ་འབེབ་དང་བརྙས་བཅོས། མཚང་འབྲུ་དང་སྒྲོ་འདོགས། ངན་གསོད་བྱེད་པ། རིགས་རྒྱུད་རྩད་ནས་གཅོད་པ་སོགས་བྱས་ན། ལས་འབྲས་བསླུ་བ་མེད་ཅིང་དར་རྒུད་སུ་ལའང་ཡོད་པས། ཕ་རོལ་བོས་བཟོད་སྒོམ་བྱེད་ཐབས་བྲལ་ཏེ་ཚེ་འདིར་ཡང་ཚུར་རྒོལ་དང་གནོད་ལན་བློ་ཡུལ་ལས་འགོངས་པ་བྱེད་སྲིད་དེ། གནོད་པ་བྱེད་པའི་གོ་སྐབས་དང་ནུས་པ་ནི་སྐྱེ་བོ་མཆོག་དམན་བར་མ་སུ་ལའང་ཡོད་ཆོག་པ་ཞིག་ཡིན་པས་སོ། །དེའི་ཕྱིར། བྱ་བ་གང་ཡིན་ཡང་དབུས་དང་དབུ་མར་གནས་ཏེ་མཐའ་གཉིས་སུ་མ་ལྷུང་བ་ཞིག་བྱས་ན་ལེགས་སོ། །

               ༢༠༢༢-༥-༢༡ 

ཕྱོགས་ལས་རྣམ་རྒྱལ།

   སློབ་སྤྲིངས་ ལས། གང་ཞིག་གཞན་གྱི་དོན་དུ་དབུ་རྣམས་གཅོད་བྱེད་ཀྱང་། །པདྨ་ལྟ་བུར་དགྱེས་པའི་སྤྱན་འབྱེད་གཟིགས་མཛད་ཅིང་། །ཞེས་དང་། མདོ་ལས། རྩ་བ་འབྲས་བུ་འཆའ་བ་དང་། །རི་དྭགས་སྡུག་པ་རྣམས་དང་ནི། །ལྷན་ཅིག་གནས་པ་མཆོག་ལགས་ཀྱི། །འཇིག་རྟེན་ཕ་རོལ་འཇིགས་བྱེད་པའི། །མཁས་པས་རྒྱལ་སྲིད་སླད་དུ་ནི། །གསོད་དང་འཆིང་དང་རྡེག་པ་དག །བགྱིད་པ་དེ་ལྟ་མ་ལགས་སོ། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཀྱང་། རང་དང་རང་གི་བདེ་སྐྱིད་རྐྱང་བའི་ཆེད་དུ། གཡུལ་དང་དམག་འཐབ་ལྟ་ཅི། འབུ་སྲིན་ཕྲ་མོ་ཚུན་ཆད་ལ་གནོད་པའི་ལས་ཁབ་རྩེ་ཡང་བྱེད་མ་མྱོང་མོད། འཆི་བདག་གི་དགྲའམ་བདུད་དང་། ཉོན་མོངས་པའི་བདུད། ཕུང་བོའི་བདུད། ལྷའི་བུའི་བདུད་བཅས་བདུད་བཞི་ཕྲ་རགས་ཐམས་ཅད། ཐབས་ཤེས་ཟུང་འབྲེལ་གྱི་གཡུལ་འཐབ་ཁྱད་པར་བ་ལ་བརྟེན་ནས་རྩད་ནས་གཞོམ་ཞིང་ཕམ་པར་མཛད་པས། སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་ཀློང་ནས་རྣམ་པར་རྒྱལ་བའི་གོ་འཕང་ཐོབ་པ་ཡིན་ལ། སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་པ་རྣམས་ཀྱིས་ཀྱང་། ཕྱི་ནང་གི་དགྲ་ལ་འཁོན་པ་དང་ཚིག་མཚོན་འདེབས་པ། མདའ་མདུང་རལ་གྲིས་བསྣུན་པ་སོགས་རང་གཞན་གཉིས་ཕུང་གི་ལས་ལ་གཏན་ནས་མ་ཞུགས་པར། བཀའ་གདམས་པའི་བླ་མ་རྣམས་ཀྱིས། གདན་ཐོག་གཅིག་ཏུ་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས་པ་ཞེས་གསུངས་པ་བཞིན། གནའ་དེང་རིག་པའི་གཞུང་ལུགས་མཐའ་དག་ལ་མཐའ་ཆོད་རུས་ཆོད་དུ་སྦྱངས་ཤིང་ཉམས་སུ་བསྟར་ཏེ། སྒོ་གསུམ་དང་འབྲེལ་བའི་ཕྱི་ནང་གི་དགྲ་ཚོགས་རྩད་ནས་གཞོམ་པར་བྱས་ན། མཐར་དགྲ་ཚོགས་དེ་དག་ཀྱང་རང་ཉིད་ལ་གུས་ཤིང་བཀུར་བའི་སློབ་འབངས་སུ་འགུགས་པའི་ཐབས་རྩལ་དང་ལྡན་པར་འགྱུར་ལ། དཔའ་བོའི་ནང་གི་དཔའ་བོ་དང་སྐྱེས་བུའི་ནང་གི་སྐྱེས་མཆོག་ཀྱང་དེ་ཉིད་ཡིན། འདི་ནི། འཇིག་རྟེན་ལུགས་བཞིན་བཤད་ན། མི་བརྒྱའི་མགོ་ནས་གཏམ་བཤད་མཁན་དང་། རྟ་བརྒྱའི་མགོ་ནས་ལྕག་གཡུག་མཁན་དུ་གྱུར་བ་ཞེས་པ་དེའོ། །

              ༢༠༢༢-༥-༢༢ 

   ཁྲོན་པའི་ནང་གི་བསམ་རྒྱ། 

   ཇི་སྐད་དུ།ཤེས་རབ་ཕྱོགས་གཅིག་ལྡན་པས་ཀྱང་། །བྱ་བ་ཀུན་ལ་མཁས་པ་དཀའ། །ཤིན་ཏུ་གསལ་བའི་མིག་གིས་ཀྱང་། །སྒྲ་ལ་ཉན་པར་ནུས་མ་ཡིན། །ཞེས་གསུངས་པ་ལྟར། གདམས་ངག་འདི་གོ་ཞིང་དང་ལེན་བྱེད་དགོས་པར་མ་ཟད་རང་གི་བསམ་ཚུལ་ཉི་ཚེ་བ་དེ་དག་བསྒྱུར་བཅོས་ཀྱང་བྱེད་དགོས་མཁན་ཡང་མང་བོ་ཡོད་དེ། འགའ་ཞིག་གིས་རྩོད་པའི་རིག་པ་ཤེས་ན་རིག་གཞུང་གཞན་དག་ཡོད་ཚད་ཤེས་ཡོད་པར་རློམ་ཞིང་བརྗོད་པ།  གཞུང་ཆེན་བཀའ་པོད་ལྔ་སོགས་ཤེས་ན་སུམ་རྟགས་དག་གསུམ་སོགས་ལ་ཆེད་དུ་སྦྱང་མི་དགོས་པར་རང་ཤེས་སུ་འགྲོ་བར་འདོད་པ།  གལ་ཏེ་སྦྱང་དགོས་པའི་དབང་དུ་བྱས་ནའང་ཇ་ཐུན་ཙམ་གྱིས་བདེ་བླག་ཏུ་རྟོགས་ཐུབ་པར་སྨྲ་བ།  བཀའ་འགྱུར་གྱི་ནང་དུ་མི་འདུ་བའི་རིག་གནས་ཤིག་མེད་པ།  རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་ནང་དུ་མི་འདུ་བའི་རིག་ཚན་གཞན་ཞིག་ཡོད་ན་ཐན་ལྟས་ཡིན་པ།  གསར་བཏོད་ཡོད་ཚད་ནུབ་ཕྱོགས་ཀྱི་མཁས་པ་ཞིག་གིས་བྱས་ཡོད་སྣང་ཤར་བ།  གསར་བརྗེའི་ལས་འགུལ་ཐོག་མ་བོད་རྒྱལ་མུ་ནེ་བཙན་པོའི་སྐབས་ནས་བསླངས་པར་སྨྲས་ན་ལོ་རྒྱུས་ཀྱི་ཆུ་བོ་གྱེན་དུ་ལྡོག་པར་སེམས་པ།  མི་ཆོས་རིག་པ་དང་འཛུགས་སྐྲུན་རིག་པ། རྒྱ་ཡིག་དབྱིན་ཡིག་དང་རྒྱ་སྐད་འབྱིན་སྐད་ཙམ་ཤེས་པས་གནའ་དེང་གཞུང་ལུགས་མཐའ་དག་ཁོང་དུ་ཆུད་ཡོད་སྣང་གི་རྨི་ལམ་རྨི་བ། ས་རྒྱུས་རིག་པ་དང་དངོས་ཁམས་རིག་པ་སོགས་ནི་བོད་དང་བཅས་པའི་གྲངས་ཉུང་མི་རིགས་ཤིག་ལ་བསྐལ་དོན་གྱུར་བར་འདོད་པ་སོགས་དགོད་འཆོར་ལ་ངུ་ཡང་དགོས་པའི་བསམ་ཚུལ་དང་དྲན་ཚུལ་སྙིང་རྗེ་བ་མང་བོ་ཞིག་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་གཟེངས་ནས་ཡོད་པས་སོ།   །

               ༢༠༢༢-༥-༢༠    



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532295
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།