དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གཉིས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ལྷུག་རྩོམ། »དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གཉིས་པ།
དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གཉིས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-19ལྟ་ཀློག (8090)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དབྱངས་ཀྱི་ལང་ཚོ་རྩོམ་ཡིག་ཆེད་བཀོད་སྐབས་གཉིས་པ།

---རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་ཆེད་བཀོད་རྩོམ་ཡིག

ངེད་ཚང་གི་ཐབ་ཀ   

མཐོ་གཉིས་གཉིས་པ།  རིན་ཁོ་ཡག         

རུ་བ་དབྱར་སར་སྤོས་པའི་ཉིན་དང་པོར།   ཨ་ཕ་དང་སྡེ་བའི་སྐྱེས་པ་འགས་སྦྲ་འབུབ་བཞིན་འདུག  ཨ་མ་དང་ཨ་ཅེ་གཉིས་ཀས་ངོས་སྙོམས་པའི་རྡོ་ལེབ་གསུམ་ཁྱེར་ཡོང་ནས་ཐབ་ཀ་བཟོ་བཞིན་ཡོད།  ཡར་རྒྱལ་ལ་རྡོ་ལེབ་གཉིས་བར་ལ་གོང་རྡོ་ཟེར་བ་ཞིག་དང་མར་རྒྱལ་ལ་རྡོ་ལེབ་གཅིག་བཞག་ནས་ཧ་ཅང་ཞིབ་ཚགས་ངང་ཐབ་ཀ་ལས་བཞིན་ཡོད།  ཨ་ཅེ་ཡི་གོན་པ་གསར་བ་དེ་ཕུད་ནས་ངའི་མིག་ལམ་ཏུ་ཆ་རྒྱུས་ཡོད་པའི་གོས་དེ་གོན་ནས་ཆུ་ཟོམ་ཞིག་གི་ནང་ཏུ་ཆུ་གང་ཁྱེར་ནས་ས་དཀར་རྫི་རུ་སོང་།   ཨ་ཅེ་ཡིས་ས་དཀར་བརྫིས་ནས་སྒྱེ་ཡི་ནང་དུ་འཇུག་བཞིན་ཡོད།     ངས་ས་དཀར་དེའི་ནང་ལ་རྐང་པ་སྤོས་ནས་རང་གི་རྐང་རྗེས་ལ་བལྟས་ནས་རྩེད་བཞིན་པའི་སྐབས་དེར་ཨ་མས་ཅུང་ཐག་རིང་ས་ནས་ང་ལ་གཤེ་བས་ངས་དེ་དང་ལྷན་དུ་ཅུང་མི་འཐད་པའི་ངང་ནས་སར་ཙོག་ནས་ས་ནང་ལ་ལག་པས་རི་མོ་འབྲི་འགོ་བརྩམས། ཨ་ཅེ་ཡིས་ས་དཀར་སྒྱེ་གང་ཁུར་ནས་ཕྱིར་ལོག     ངས་ས་དཀར་ནང་ལ་ནོར་དང་ལུག་ཡིན་ཁུལ་གྱི་རི་མོ་མང་པོ་ཞིག་བྲིས་ནས་དུས་ཚོད་ཅི་ལྟར་ཡོལ་བའང་མ་ཤེས།  ཨ་མས་མཚེར་ཇ་ཁོལ་ཐལ་ཞེས་འབོད་པས་ང་དབུགས་ཐེངས་གཅིག་གིས་ཕྱིར་ལོག་པ་ཡིན།   

  ད་ནི་གཞི་ནས་ངེད་ཚང་གི་ཐབ་ཀ་ལས་ཚར་ཡོད། གྲུ་བཞི་ནར་མོའི་གཟུགས་ཡིན་པའི་ཐབ་ཀ་དེར་གཡས་གཡོན་གཉིས་ལ་ཁུང་བུ་རེ་བཏོད་ཡོད་པ་དེ་ནི་ཐལ་བཞར་སའི་གོ་ར་རེད།  ཐབ་ཀའི་སྟེང་དང་གཡས་གཡོན་སོགས་ལ་ས་དཀར་བརྫིས་ནས་གཡོས་ཡོད།  ཆེ་ཆུང་རན་པའི་ཐབ་ཀ་དེར་སྦྲ་ནང་ལ་ཆེད་ཏུ་བཟོས་པ་ཞིག་ལོས་ཡིན་འདོད་པའི་རང་སྣང་ཞིག་བཅོས་མིན་དུ་ཤར་ཡོང་།  ཨ་མས་ང་ལ་ས་དཀར་ནང་ལ་སྤོས་པ་གཤེ་བ་ཅི་ཡིན་ནམ་བསམས་ནས་ཁ་རོག་གེར་བསྡད།  ཨ་མས་ང་ལ་བལྟས་ནས་འཛུམ་ཞིག་བསྟན་ནས་ངའི་སར་ཡོང་ནས་མགོ་ལ་བྱིལ་བྱིལ་འགའ་བྱས་ནས་ངའི་ལག་པས་བཟུང་ནས་ཐལ་བཞར་སའི་གོ་ར་ཁར་བསྲིངས་དུ་བཅུག་ནས་ལག་པའི་གྲང་ངར་གཞོམ་ཏུ་བཅུག    ཨ་ཅེ་ཡིས་ཐབ་ཀའི་གོང་གི་ཨོང་བ་དང་བུད་ཤིང་འཇོག་སའི་ཨོང་ར་ཞིག་བཟོས་ཡོད་པ་དེར་ཨོང་བ་རྣམས་ཐབ་ཀའི་ནང་ཏུ་འདེད་ཙམ་བྱས་ནས།       ཐབ་ཀའི་སྟེང་གི་སླ་ངའི་ནང་འོ་མ་ལྷོག་ལྷོག་འཕྱུར་བཞིན་པ་དེ་ཕུ་འགའ་བཏབ་རྗེས་སར་བཞག་ནས་ཇ་བླུད།         

   ས་རུབ་ཁར་ཨ་ཕ་དང་ཨ་མ་སོགས་ནོར་འདོགས་སུ་སོང་།   ང་ཡང་ཨ་ཕའི་སློག་པ་དེ་འཐན་མ་དྲུད་ཀྱིས་གཡང་ཤམ་བྱས་ནས་རྐང་རྗེན་དུ་ཁོ་ཚོའི་རྗེས་སུ་བསྙེགས།  ཡུད་ཙམ་ཞིག་ནས་ངའི་རྐང་པ་གྲང་བྱུང་།   ང་རང་སྡོད་མ་ཚུགས་པར་ཕྱིར་ཁྱིམ་ལ་ལོག་ནས་ཐབ་ཀའི་འགྲམ་ནས་རྐང་པ་བསྲིངས་ནས་ཐབ་ཀའི་མེ་ལྕེའི་ལ་སྲོ་བཞིན་རྐང་འབོབ་རློན་པ་དེ་ཐབ་ཀའི་སྟེང་དུ་བཞག་ནས་སྐམ་ན་བཟང་སྙམ།  གློ་བུར་དུ་ཨ་མ་ཁྱིམ་ལ་སླེབས་བྱུང་།   ཨ་མས་ཐབ་ཀའི་སྟེང་གི་ངའི་རྐང་འབོབ་དེ་མཐོང་རྗེས་བྲེལ་འཚུབ་ངང་བླངས་ནས་མོའི་རུམ་ལ་བཅུག་ནས་མེ་སྐྱོགས་ནང་དུ་ཐབ་མེ་ཆུང་ངུ་ཞིག་བླངས་ནས་གདུང་མའི་སྟེང་ལ་བཀལ་བའི་ཁུག་མའི་ནང་གི་ཤུག་པ་འགའ་བླངས་ནས་ཐབ་ཀ་ལ་ཤུག་དུད་བྱས།   ཨ་མས་ང་ལ་ཐབ་ཀ་ལ་ཐབ་ལྷ་ཡོད་པས་དེ་ལྟར་བྱེད་མི་རུང་ཟེར་བཞིན་འགྲམ་པའི་སྟེང་དུ་ལྷུང་བའི་སྐྲ་ཉག་འགའ་ཟ་འགྲམ་དུ་གཟེབ་ནས་གོ་རའི་ནང་གི་ཐལ་བ་རྣམས་བྲད་ནས་སྒོ་ཁྱེར། ཐབ་ཀའི་ལྟག་རྒྱབ་དུ་འབུ་མེ་ལྕེབ་འགའ་གཅིག་རྗེས་གཉིས་མཐུད་ཀྱིས་འཕུར་བཞིན་ཡོད།  ངས་འབུ་མེ་ལྕེབ་དེ་འཛིན་བསམས་ནས་ཐབ་ཀའི་ལྟག་རྒྱབ་ལ་སོང་ནས་ཡར་ལྡིང་མར་ལྡིང་བྱེད་སྐབས་ཨ་ཕ་ཐོན་བྱུང་།   ཨ་ཕས་ང་མཐོང་རྗེས་མྱུར་མོར་མར་ཤོག   དེ་འགྲོ་མི་ཉན་ཟེར་ནས་ང་ལག་པས་འཐེན་ནས་ཐབ་ཀའི་འགྲམ་ནས་ཙོག་ཏུ་བཅུག    ཡིད་ཕངས་པ་ཞིག་ལ་ངས་འབུ་མེ་ལྕེབ་གཅིག་ཀྱང་འཛིན་མ་ཐུབ་པས་ཅུང་མ་རངས་པའི་ངང་ནས་ལྡབ་ལྡིབ་ངང་འཁང་ར་བྱས་ནས་མལ་ཁྲིའི་སྒང་ལ་གན་རྐྱལ་དུ་ཉལ་ནས་བསྡད་པ་ན་ཐབ་ཀའི་མེ་ལྕེའི་དྲོད་བ་ལས་ང་གཉིད་སོང་།              ང་སད་དུས་ས་རུབ་འདུག   ཕྱི་རོལ་ན་རླུང་བུ་ལྡིང་གིན་འདུག སྦྲའི་སྒོ་དར་ལྷབ་ལྷུབ་ངང་རླུང་གིས་སྐྱོད་བཞིན་འབུ་མེ་ལྕེབ་འགའ་གྲང་རླུང་ལ་གཞའ་བར་ཡོང་བ་བཞིན་སྦྲའི་ཁ་ཚུབ་ཏུ་ལྡིང་སྐོར་རྒྱག་བཞིན་འདུག ཡིན་ཡང་།མེ་ལྕེ་ལྷེམ་ལྷེམ་ཐབ་ཁུང་ལས་མཆེད་ནས་ཁྱིམ་སྔར་ལས་ཀྱང་དྲོད་ཀྱིས་ཁེངས།  མེ་ལྕེའི་ངོགས་སུ་ཨ་ཕ་དང་ཨ་མ་སོགས་ཀྱི་ངོ་གདོང་གསལ་བོར་མཐོང་ཐུབ།   ཨ་མས་ང་སད་པ་མཐོང་རྗེས་རུམ་ནས་ངའི་རྐང་འབོབ་བླངས་ནས་རྐང་མགོར་བསྐོན།  ངའི་རྐང་འབོབ་སྐམ་ཡོད་པར་མ་ཟད་ད་དུང་ཡང་དྲོད་ཅིག་རྒྱས་ཡོད་པ་ང་ཡ་མཚར་ཞིག་སྐྱེས།      

          ད་ལྟ་ལོ་ཟླ་མང་པོ་ཞིག་འགོར་ཟིན།  ལོ་ཟླ་དེ་དང་བསྟུན་ནས་ང་ཡང་ནར་སོན་བྱུང་།  སྐབས་དེར་ངས་ས་དཀར་ནང་ལ་རྐང་པ་སྤོས་པ་དང་ཐབ་ཀའི་སྟེང་དུ་རྐང་འབོབ་སྐམ་སྲད་སོགས་ཕ་མ་གཉིས་ཀས་གཤེ་བ་དང་ཁ་ཏ་བྱས་པ་སོགས་ཀྱིས་ད་གཟོད་ཧ་གོ་བྱུང་།   ངེད་ཚང་གི་ཐབ་ཀའི་མེ་ལྕེའི་གཏིང་རིམ་ན་བྱིས་པ་ཚོས་ཧ་མི་གོ་བའི་ཁྱད་མཚར་བའི་ལྷ་སྒྲུང་མང་པོ་ཞིག་དང་དམངས་སྲོལ་གྱི་རིག་གནས་མང་པོ་ཞིག་གི་རྫོང་སྟུག་པོ་ཨ་ཕའི་ལག་གི་ཕྲེང་རྡོག་རེ་རེ་བཞིན་སྟར་སྒྲིག་ཡོད་པ་ངས་གསལ་བོར་ཤེས་བྱུང་།   ཡིན་ཡང་།  དུས་རབས་ཉེར་གཅིག་ཅེས་པའི་ལོ་ཟླ་ཞིག་གི་དཀྱོག་མཚམས་འདིར་སླེབས་དུས།  སྲོལ་རྒྱུན་མང་པོ་ཞིག་གི་རིག་གནས་ཀྱི་གོམས་གཤིས་རླུང་ཁར་ཐལ་གཏོར་བ་བཞིན་མེད་པར་འགྲོ་བ་འདི་ངའི་སེམས་ནང་ལ་ན་ཟུག་ཅིག་ཅི་ལ་མི་སྐྱེས་ཨང་།   


ངའི་ཕ་ཡུལ།

 མཐོ་གཅིག་དང་བོ།           སྐལ་བཟང་རྒྱ་མཚོ།

ངའི་ཕ་ཡུལ་ནི་བོད་སྟོད་སྨད་བར་གསུམ་གྱི་ནང་ནས་སྨད་ཕྱོགས་སྨར་རྫ་སྒང་གི་ཁོངས་སུ་གཏོགས་ཤིང་།མདོ་དབུས་མཐོ་སྒང་གི་ཤར་ཕྱོགས།བོད་ཆེན་པོའི་མདོ་སྨད་ཀྱི་ལྷོ་ཕྱོགས་སུ་ཆགས་ཡོདཔའི་ཅོ་ནེ་ཞེས་པ་ཡུལ་གྲུ་དེ་ཡིན་ལ་།ཡུལ་དེའིརི་ཆུ་ནགས་གསུམ་དྭངས་གཙང་ལ།ཡུལ་དེའི་ཁ་དབུགས་ཀྱང་ད་དུང་ཤིན་ཏུ་གཙང་།དེར་ན་གཡུ་འབྲུག་ས་ལ་བབས་པ་ལྟ་བུའི་ཀླུ་ཆུ་སྔོན་མོ་སོགས་རང་བྱུང་གི་རྣམ་པའི་བཟོ་བཀོད་ནི་ལྷའི་རི་མོ་མཁན་ཞིག་གིས་པུར་རྩལ་ལས་ཐོན་པ་ཞིག་དང་མཚུངས་སོ།།ངས་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་དེ་ཡིད་ལ་དྲན་ཐེངས་རེར་རང་དབང་མེད་པར་མེས་པོ་རལ་བ་ཅན་དག་གི་མཛད་རྗེས་དྲན་ཡོང་།སྟོད་ཕྱོགས་སུ་གནམ་གཤིས་གྲང་བ་དང་སྒོ་ཕྱུགས་འཚོ་སྐྱོང་དང་སྨད་ཕྱོགས་དང་བར་ཕྱོགས་སུ་གནམ་གཤིས་ལྟོས་བཅོས་སུ་དྲོད་པས་ཞིང་ལས་གཉེར་བ་དང་སིལ་ཏོག་སོགས་འདེབས་འཛུགས་བྱེད་པའི་ས་བབ་ཅུང་ལེགས་པོ་འདུག    དེར་བག་ཕེབས་ངང་གནས་པའི་རོང་འབྲོག་གི་མི་རྣམས་ཀྱིས་ཕྱུགས་ལས་དང་ཞིང་ལས་གཉིས་ལ་བརྟེན་ནས་གང་ལ་གང་འཚམ་གྱིས་རང་དབང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་རོལ་གྱིན་ཡོད་ལ།གནའ་བོའི་དུས་སུ་ཅི་འདྲ་ཡིན་པ་གསལ་བོ་མི་ཤེས་མོད།ཅོ་ནེའི་ས་སྐྱོང་གི་དུས་སུ་ཡུལ་འདིའི་མངའ་ཁོངས་ཀྱི་ཆར་གཏོགས་པའི་གནས་རྒྱ་ཧ་ཅང་ཆེའོ།།ད་ལྟ་ཡུལ་འདི་ནི་གྲོང་རྡལ་གསུམ་དང་ཡུལ་ཚོ་བཅུ་གཉིས་དང་དུད་ཁྱིམ་སྟོང་ཕྲག་ལྔ་དྲུག་གིས་གྲུབ་པའི་མང་ཆེ་བ་བོད་སྡེ་ཡིན་པ་ཞིག་ཆགས་ཡོད།

  མེས་པོའི་རྣམས་ཀྱི་ངག་རྒྱུན་ལས་རྒྱལ་བོ་སྲོང་བཙན་སྒམ་པོའི་གདུང་རྒྱུད་ལས་མཆེད་པའི་ཅོ་ནེའི་སྐྱོང་གི་སྐབས་སུ་ཡུལ་འདིར་ནས་གནམ་གྱི་ཟླ་བ་ལྟ་བུའི་བོད་ཀྱི་རྒྱལ་བོ་དང་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་སྐུ་ཚབ་དགའ་ལྡན་ཁྲི་བ་རིན་པོ་ཆེ་རྣམ་པ་བདུན་དང་འཇམ་དབྱངས་མིའི་རྣམ་པར་རོལ་བ་ཤར་ཕྱོགས་བསྟན་པའི་མངའ་བདག་ཅོ་ནེའི་གྲགས་པ་བཤད་སྒྲུབ་སོགས་ངེས་དོན་གྱི་སྐྱེས་བ་དམ་པ་མང་པོ་འཁྲུངས་པ་ལ་བརྟེན་ནས་ཡུལ་འདིའི་འགྲོ་བ་རྣམས་ཀྱི་རྒྱུད་ལ་དགེ་བའི་ས་བོན་བསྐྲུན་ཏེ་མི་རྣམས་ཀྱིས་སྡིག་སྤོང་དགེ་སྒྲུབ་ལ་འབད་པ་དང་།མི་དང་མིའི་བར་ལ་བྱམས་བརྩེ་དང་ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ཕུན་སུམ་ཚོགས་པ་ཞིག་གིས་བོད་ཀྱི་ཡུལ་གྲུ་རྣལ་མ་ཞིག་ཆགས་ཡོད།བོད་ཡུལ་ན་སྐད་གྲགས་ཆེ་བའི་པར་ཁང་བཞིའི་ཡ་གྱལ་ཅོ་ནེའི་པར་ཁང་ཆེན་པོ་ལས་བསྐྲུན་པའི་ཅོ་ནེའི་བཀའ་བསྟན་སོགས་རིན་ཐང་བྲལ་བའི་རིན་པོ་ཆེ་དག་གནམ་ས་སློག་པའི་རིག་གནས་གསར་བཅོས་ཀྱི་སྐབས་ཚང་མ་མེར་བསྲེགས་བྱས་ཏེ་ཐལ་བར་གྱུར་བ་དང་ཡུལ་སྲོལ་གོམས་གཤིས་སོགས་ཐེངས་གཅིག་མ་ཡིན་པར་ལན་གཉིས་སུ་རྩ་མེད་དུ་བཏང་།ཡིན་ནའང་མེས་པོ་བཀའ་དྲིན་ཅན་རྣམས་ཀྱི་ཡིད་ཆེས་ཀྱི་དད་པ་དང་ཞུམ་པ་མེད་པའི་སྤོབས་སེམས་ལ་བརྟེན་ནས་ཉམས་པ་སླར་གསོ་བྱེད་པར་མ་ཟད་སྲོག་དང་བསྡོས་ཏེ་བྱས་ནས་ལོ་ངོ་ལྔ་བཅུ་ཡས་མས་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱས་རྗེས་རླབས་ཆེན་ཞིག་ བཞག་ཡོད།

   ངའི་ཁྱིམ་ཚང་ལ་མཚོན་ན་མི་རུས་ལྔའི་རིང་གང་ལ་ཁྱིམ་མི་ཕན་ཚུན་བར་ལ་བོད་སྐད་རྐྱང་རྐྱང་མ་གཏོགས་བཤད་མ་མྱོང་། ཡིན་ནའང་ད་ལྟའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་ངའི་ཚོ་བོ་དང་ཚ་མོ་དག་གིས་སྐད་ཆ་བཤད་པའི་ཚེ་སྤྲགས་སྐད་དང་རྒྱ་སྐད་ཧ་ཅང་མང་། དེ་བཞིན་ཏུ་སྡེ་བ་དང་གྲོང་རྡལ་རྫོང་སོགས་རིམ་པ་བཞིན་དུ་ན་གཞོན་ཚོ་སློབ་གྲྭར་སོང་ནས་ལས་ཀ་ཞིག་ཡོང་བའི་ཆེད་དང་དར་མ་ཚོ་སྒོར་མོ་འཚོལ་བའི་དོན་དུ་རིག་གནས་ལེགས་པོར་མི་སློབ་པ་དང་མེས་པོ་བཀའ་དྲིན་ཅན་རྣམས་ཀྱི་ཤུལ་དུ་བཞག་པའི་ཡ་རབས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་དོ་སྣང་ཡག་པོ་མི་བྱེད་པ་དང་རྒྱུན་འཛིན་བྱེད་མཁན་ཡང་ཇེ་ཉུང་ནས་ཇེ་ཉུང་ཡིན། གནས་ཚུལ་དེ་དག་ལ་བསམ་བློ་ཐེངས་རེར་རྒྱག་ཚེ་ངའི་སེམས་ལ་བཟོད་མི་ཐུབ་པའི་ན་ཟུག་དཔག་མེད་ཤིག་ཡེ་ནས་སྐྱེས་བྱུང་། ཆུང་ས་ན་བཤད་ན་མི་སྒེར་དང་ཆེ་ས་ན་བཤད་ན་མི་རིགས་ཞིག་ལ་རང་ལ་དབང་བའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཁྱད་པར་བ་ཞིག་མེད་ན་མི་རིགས་དེ་གཞན་གྱིས་ཁ་ལོ་འགྱུར་རྒྱུ་ཉེན་ཁ་ཆེའོ། །དཔེར་ན་མན་མི་རིགས་ལྟ་བུ། མདོར་ན་ངའི་ཕ་ཡུལ་གྱི་འགྱུར་ལྡོག་དེས་ང་ལ་མཚོན་ན་སྨན་པ་བཟང་བོ་ག་འདྲ་ཞིག་གིས་སྨན་བཅོས་བྱེད་ཀྱང་མི་དྲག་པའི་གཅོང་ནད་ལྟ་བུ་ཞིག་ཏུ་འགྱུར་ཡོད་དོ། །

             འཁྱག་སིབ་སིབ་ཀྱི་ཕྱི་དྲོ།             
                            མཐོ་གཅིག༼༢༽ ཉི་མ་འོད་ཟེར།                         
---ངའི་ཨ་ཞང་ནི་གཤིས་འཇམ་གཞུང་དྲང་གི་འབྲོག་པ་ངོ་མ་ཞིག་ཡིན།

ནམ་མཁའ་སྤྲིན་ནག་གིས་གཡོགས་ཤིང་ས་གཞི་སྐྱོ་གདུང་གིས་མནར་བའི་ཕྱི་དྲོ་དེར་ཞང་བོ་ལགས་ཚེ་ལས་འདས་སོང་གི་སྐད་ཆ་ཞིག་གློ་བུར་དུ་ངའི་མི་འདོད་པའི་རྣ་བར་ལྷུང་སོང་། ད་དུང་སྐད་ཆ་དེ་དག་གིས་ངའི་སེམས་ལ་བཟོད་མེད་ཀྱི་ན་ཟུག་དང་སྐྲག་སྣང་གི་ཚོར་བ་མང་བོ་ཞིག་ཀྱང་བྱིན་སོང་། ངས་རང་ལ་བདེན་མིན་གྱི་དོགས་འདྲི་མང་བོ་ཞིག་དང་བཅས་ལག་མགོ་ནས་ཕྲེང་བ་བླངས་ཏེ་མ་ཎི་བརྒྱ་ཚར་གཅིག་ཟློས་ཤིང་སྨོན་ལམ་ཚར་གཅིག་བཏོན་པ་ཡིན། ཡིན་ཡང་སྨོན་ལམ་བཏོན་མ་ཚར་གོང་ངའི་མིག་མཐར་མཆི་མས་བརླན་ཅིང་མགྲིན་པ་ཡོངས་སུ་བརྣངས་སོང་། ཉིན་དེར་ད་གཟོད་ངས་དོན་དག་ཅིག་རང་གི་མགོ་ཐོག་ཏུ་ལྷུང་རྗེས་དང་ལེན་བྱེད་དཀའ་ཡང་སྔར་བཞིན་མཇུག་འབྲས་གཅིག་ཡིན་པ་དེ་རྟོགས་སོང་། 

 སྐྱོ་སྡུག་གི་རོལ་དབྱངས་དཀྲོལ་བའི་དབྱར་གཞུང་གི་ཕྱི་དྲོ་དེར། རང་ཅག་མེ་ཏོག་ཕོག་པའི་ལྷ་སྐལ་ཏེ་རང་དགོན་གྱི་བླ་མ་གྲྭ་ཚང་གཙོས་ཡུལ་མི་སྤུན་མཆེད་དང་ངས་ངོ་ཤེས་མིན་གྱི་མི་མང་བོ་ཞིག་འུ་ཚང་ལ་སླེབས་ཤིང་ང་ཚོ་ལ་འཇམ་པོ་ངག་གིས་སེམས་གསོའི་སྐད་ཆ་མང་བོ་ཞིག་བཤད་ཅིང་མ་ཎི་སྐོར་རོགས་དང་། མཆོད་མེ་འཇོག་རོགས་སོགས་རོགས་རམ་དང་སྐུ་ཚེགས་མང་བོ་ཞིག་བཏོན་སོང་། ད་དུང་ང་ཚོས་ནང་སེམས་ལ་དྲོད་ཁོལ་འཛོམས་པོ་ཞིག་ཀྱང་ངང་གིས་བསྩལ་བྱུང་། སྐབས་དེར་ད་གཟོད་ང་རང་སྡེ་བའི་ཕུ་ནུའི་ཡ་རབས་ཀྱི་གོམས་སྲོལ་འདི་ལ་དབང་མེད་ཀྱི་ཡི་རངས་དང་སྨོན་པ་གྲངས་མེད་ཅིག་ཤོར་ཞིང་རང་ཡང་འདི་འདྲའི་ཡ་རབས་ཀྱི་གོམས་གཤིས་ཤིག་ལ་འཇུག་ཅིང་བཅའ་དགོས་པའི་ངེས་ཤེས་ཟབ་མོ་ཞིག་ཀྱང་རྙེད་དུ་བཅུག་བྱུང་། 

  ད་ལྟ་ཞིབ་ཏུ་བསམ་ཚེ་དངོས་ནས་ལས་དབང་གི་བཀོད་སྒྲིག་འདི་ཅི་འདྲའི་ཁྱད་མཚར་ཞིག་རེད་ཨང་། དཀོན་མཆོག་ལ་དད་པ་བརྟན་ཅིང་བདེན་ཚིག་ལ་ཡིད་ཆེས་རུམ་པའི་ཁྱེད་གཟིམས་པ་ཡང་ཅི་འདྲའི་གློ་བུར་བ་ཞིག་རེད་ཨང་། ཁྱེད་རང་དེ་ལྟར་གློ་བུར་དུ་གཤེགས་པ་ནི་ང་ལ་ཆ་མཚོན་ན་བཀླག་མ་ཚར་བའི་གླེགས་བམ་གལ་ཆེན་ཞིག་བོར་སོང་བ་དང་བཤད་མ་ཚར་བའི་ངག་རྒྱུན་རིང་མོ་ཞིག་གཏན་བརྗེད་དུ་སོང་བ་བཞིན། ཁྱེད་རང་དེ་ལྟར་བཞུད་ཤུལ་དུ་ང་ལ་ཤ་ཚ་ཡི་སྙིང་གཏམ་དང་ལམ་སྟོན་གྱི་ཁ་ཏ་སུ་ཡིས་བཤད། ཁྱེད་རང་བཞུད་པའི་ཉིན་དེ་ནས་བཟུང་ང་ཡང་ཁྱོད་ཀྱི་དྲུང་དུ་བཅར་ཏེ་ཁྱེད་རང་གི་ལུས་ཕུང་བདེ་འམ་ཞེས་པའི་མཚམས་འདྲིའི་སྐད་ཆ་དེ་བརྗོད་པའི་གོ་སྐབས་ཀྱང་ཡེ་ནས་ཆད་སོང་བ་ཡིན། 

  ཞང་བོ་ལགས། ཁྱེད་རང་དེ་ལྟར་ཕེབས་ཤུལ་དུ། ང་ཚོའི་མགོ་སྟེང་དུ་དབྱར་གསུམ་གྱི་གདུག་རྩུབ་རྒོད་པའི་དྲག་ཆར་བབས་ཤིང་སེམས་སུ་བཟོད་དཀའི་སྡུག་བསྔལ་གྱིས་ན་བུན་འཁྱིལ། ཕུ་ནུ་སྤུན་མཆེད་མང་བོ་ཞིག་གི་མིག་ཟུང་ལས་མཆི་མའི་རྒྱུན་ནི་མུ་ཏིག་གི་ཕྲེང་ཐག་ཆད་པ་བཞིན་དུ་འབབ་ཀྱིན་འདུག ད་དུང་ཉིན་གྱི་ཟས་དང་མཚན་མོའི་གཉིད་ཀྱང་བཅག་སྟེ་ཉིན་རེ་རེ་ནས་སྡུག་བསྔལ་གྱིས་མནར་ཞིང་ལུས་ཟུངས་ཀྱང་ཉམས་པར་གྱུར་ཞིང་དྲོད་འཇམ་གྱི་དབྱར་གཞུང་རིང་བོ་ཞིག་ཀྱང་དེ་ལྟར་ངང་གིས་བོར། ཁྱོད་ཀྱིས་མིག་ནང་གི་ཟེའུ་འབྲུ་བཞིན་གཉོར་ཞིང་བསྐྱངས་པའི་ང་ཚོས་ཉིན་རེ་ནས་ཉིན་རེ་བཞིན་ཁྱེད་ཀྱི་འཛད་མེད་ཀྱི་བྱམས་བརྩེ་དང་བཀའ་དྲིན་དྲན་གྱིན་ཡོད། 

  ཁྱེད་རང་དེ་ལྟར་ཕེབས་ཤུལ་གྱི་རྗེས་སུ། ང་ཚོས་རང་རང་སར་ཅི་ནུས་ཅི་ལྕོགས་ཀྱིས་གར་འགྲོ་གང་འདུག་མི་ཤེས་པའི་རྣམ་ཤེས་ལྡོམ་པོ་འཁོར་བའི་མུན་དོང་དུ་མི་སྐྱེ་ཞིང་། བདེ་ལྡན་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་དང་ས་ལམ་གྱི་རྟོགས་པ་མངོན་དུ་འགྱུར་བར་སྐྱབས་བཅོལ་བྱས། 

 ཁྱེད་རང་དེ་ལྟར་ངའི་མཐོང་ལམ་གྱི་འཇིག་རྟེན་དུ་མི་བཞུགས་པར་གཏན་དུ་བྲལ་ན་ཡང་། ཉིན་ཞག་ཟླ་གྲངས་མང་བོ་སོང་བ་དང་བསྟུན་ཁྱེད་སྐུའི་ཐུགས་རྒྱུད་འཇམ་པོ་དང་འཛུམ་དམུལ་དམུལ་གྱི་གཟུགས་བརྙན་དག་ངའི་མིག་ལམ་དུ་ཇེ་གསལ་ནས་ཇེ་གསལ་དུ་གྱུར། ད་དུང་ངའི་རྨི་ལམ་གྱི་ཞིང་ཁམས་སུ་ཡང་ཁྱེད་རང་སྔར་བཞིན་རང་ཁྱིམ་གྲུ་བཞིའི་ཡར་སྒྱེད་དུ་སྐྱིལ་ཀྲུང་གིས་བཞུགས་ཤིང་མ་ཎིའི་འཁོར་ལོ་སྐོར་བཞིན་ཁ་ཏོན་བྱེད་ཀྱིན་འདུག

  ཁྱེད་རང་དེ་ལྟར་ཕེབས་ཤུལ་དུ་ང་ལ་ཆེས་བློ་འགྱོད་ཆེ་ཤོས་ཤིག་ཡོད་པ་ནི་ང་ཡང་དུས་ཚོད་ནི་འཛད་མཐའ་མེད་པའི་སང་ཉིན་ཞིག་ཏུ་རློམ་མཁན་ཡིན་པས་དབྱར་གནང་བཏང་སྟེ་ཕ་ཡུལ་དུ་ལོག་ནས་ཉིན་བཅུ་གྲངས་ཤིག་འགོར་ཡང་ཁ་པར་ལས་ཁྱེད་ལ་འཚམས་འདྲི་ཞིག་ཞུས་པ་ལས་སྐོར་ཐེངས་གཅིག་ཀྱང་བྱེད་མ་ཐུབ་པ་དེ་རེད། ཆེས་མཐའ་མའི་ཁྱེད་ཀྱི་འཛུམ་ཞལ་དྲོན་མོ་ཐེངས་གཅིག་ཀྱང་མཇལ་མ་ཐུབ་པ་དེས་ང་རང་ཧ་ཅང་གནོང་ཞིང་འགྱོད་ལ་ཤིན་ཏུ་ཕངས། ཉིན་དེ་ནས་བཟུང་ངས་ནང་སེམས་སུ་སྡུག་བསྔལ་དང་སྐད་ཆ་མང་བོ་ཞིག་རུམ་སྟེ་རང་ལ་སེམས་གསོའི་ཚུལ་དུ།

               འཚོ་བ་མངར་སྐྱུར་ཁ་གསུམ། །
               མི་ལ་སྐྱིད་སྡུག་རེས་མོས། །
               བུ་ལོ་སྐྱོ་སྐྱོ་མ་གནང་། །
               མི་རྟག་ཆོས་ཉིད་སོམས་ཤིག །   ཅེས་དང་། 
སྐྱིད་སྡུག་ནི་མི་སུའི་ཕྲག་སྟེང་དུའང་ལྷུང་ངེས་ཞེས་པའི་ཆོས་ཉིད་འདི་ལ་ཨུ་ཚུགས་དང་བཙན་གྱིས་མགོ་བོ་སྒུར་དགོས་བྱུང་།
ཉི་འོད་འདྲ་བའི་བཀའ་དྲིན་དང་བྱམས་སྐྱོང་གི་དྲོད་ཁོལ་ཡལ་མཐའ་མེད་པའི་ཞང་བོ་ལགས།  འཁྱག་སིབ་སིབ་ཀྱི་ཕྱི་དྲོ་དེར།  ཁྱེད་གཏན་དུ་ང་ཚོ་དང་གྱེས་སོང་།

 
ཨ་མའི་སེམས་ཚེགས།

ཁ་བ་འབྲོག་སྐྱེས་སམ་བསོད་ནམས་ནོར་བུ།  མཐར་ཕྱིན་དང་བོ། 

  ང་འཇིག་རྟེན་དུ་སྐྱེས་པ་ནི་ཨ་མས་རང་གི་བདེ་སྐྱིད་ཅིག་ཏུ་བསྒོམ་བཞིན་ཡོད་པ་སྨྲས་མ་དགོས།  ཡིན་ན་ཡང་། ངས་འདས་དོན་ལ་ཕྱིར་འདང་ཞིག་བྱས་ནས་ཞིབ་ཏུ་བསམ་བློ་མང་ཙམ་རེ་བཏང་ཡོང་ན།ང་ཨ་མའི་མངལ་དུ་བཟུང་བ་ནས་ད་ལྟའི་བར་དུ་ངས་ཨ་མར་ཉིན་གཅིག་ལ་འཚོ་བ་སྐྱིད་པོ་ཞིག་རོལ་དུ་འཇུག་མྱོང་བ་ནི་ཡིད་ངོས་སུ་ཉིན་མོའི་སྐར་མ་ལྟར་དཀོན་པར་གྱུར།  ཨ་མ་ལགས་ལ་ཆ་མཚོན་ན།  མོ་རང་ལ་བུ་གཅིག་སྐྱེས་པ་ནི་ང་ཡིན་པས།མོ་དུས་ཀུན་མིང་སྲིང་ཚོའི་ནང་ནས་ང་ལ་དམིགས་བསལ་གྱི་འདང་ཞིག་ཡོད། ཨ་མ་དེ་ལྟར་ང་རང་ལ་འདང་བླ་ལྷག་ཅིག་ལྡན་པའི་རྒྱུ་མཚན་ང་རང་མོའི་བུ་གཅིག་པུ་ཡིན་པའམ་གཅེས་ཕྲུག་གསུམ་གྱི་ནང་ནས་ང་ཆེ་བ་ཡིན་པའི་རྒྱུ་མཚན་ཁོ་ན་ཙམ་ག་ལ་ཡིན། ང་ནི་ཆུང་དུས་ནས་ཨ་ཕ་མེད་པའི་ཐང་ལ་ཞིག་ཡིན་པས་ཕ་མ་གཉིས་འཛོམས་ཀྱི་བྱིས་པ་ཚོས་དམའ་འབེབ་ཀྱི་མཆི་མ་འཕེན་སའི་འབེན་དང་འཕྱ་དམོད་ཀྱི་དྲག་ཆར་འོག་ནས་ང་རང་ཡང་ཡང་ལྷག་མྱོང་བས་ཨ་མས་ངའི་སེམས་ཀྱི་སྡུག་བསྔལ་རྟོགས་ཡོད་པས་ཡིན་སྲིད། ཆུང་དུས་སུ་ང་རང་ཕྱུགས་རྫི་ལ་འགྲོ་སྐབས་ཨ་མས་ལྐོག་ནས་ཀ་ར་དང་སྦྲང་རྩི། དེ་མིན་གོ་རེ་གཅུས་མ་དང་། གོ་རེ་ཤ་ཐུམ།  ཤ་མོག་མོག་སོགས་དུས་རྒྱུན་འཚོ་བའི་ཁྲོད་ནས་ཅུང་མཐོང་དཀོན་པའི་ཟས་རིགས་རེ་བྲོ་ཁ་རུ་བྱིན་པ་ནི་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན།  ལན་རེ་སྲིང་མོ་ཐ་ཆུང་གཉིས་ཀྱིས་མཐོང་སོང་ན་ཁོང་གཉིས་ཀྱིས་ཨ་མ་ལ་འཁང་ར་དང་བསམ་འཆར་འདྲ་འདོན་སྲིད་པས།   ཨ་མས་གནས་ལུགས་མེད་པའི་གནས་ལུགས་ཀྱི་མཁར་རྫོང་ཞིག་བརྩིགས་ནས་ཁོང་གཉིས་ལ་མགོ་སྐོར་གཏོང་སྲིད།  

   ཨ་མའི་རེ་ལྟོས་ནི་ང་རང་ནར་ཅུང་ཙམ་སོན་རྗེས་དགོན་པར་སོང་ནས་གྲྭ་བ་བྱ་རྒྱུ་དེ་ཡིན། མོས་དུས་རྒྱུན་ང་ལ“མ་འོངས་པར་ཁྱེད་གྲྭ་བ་བྱེད་དགོས།  ལོ་གསུམ་གྲྭ་བའི་སྡུག་མྱོང་།  དེ་ནས་སྐྱིད་ཀྱི་སྣེ་འཛིན་ཟེར་ནི་རེད། རྗེས་ནས་ཡོན་ཏན་པ་ཞིག་གི་གྱུར་སོང་ན་གཞན་ལ་བརྟེན་ནས་འགྲོ་མི་དགོས་པར་མ་ཟད་དེ་ལས་ལྡོག་སྟེ་སེམས་ཅན་གྱི་དོན་ཡང་མང་བོ་འགྲུབ་ནི་རེད།  དེ་ལྟར་བྱས་ན་རང་བདེ་གཞན་སྐྱིད་མ་ཡིན་ནམ།”ཟེར་མྱོང་། འོན་ཀྱང་། དུས་ཚོད་ཀྱི་འཁོར་ལོ་ཁད་ཀྱིས་འཁོར་ཞིང་ལོ་ཟླ་ནི་ཆུ་བོའི་འགྲོས་ལྟར་རྒྱང་དུ་བཞུད་སོང་ཡང་འགལ་རྐྱེན་དུ་མ་ཞིག་གི་དབང་གིས་ངའི་ལས་དབང་ལ་འགྱུར་བ་ཅུང་ཙམ་མ་ཐེབས་པར་ནོར་ནག་གི་རྨིག་རྗེས་ནས་མི་ལོ་ལྔ་ལྷག་གི་མི་ཚེ་བསྐྱལ་དགོས་བྱུང་།   ད་ནི་ཨ་མའི་སྔོན་ཆད་ང་རང་ལ་བཅངས་བའི་རེ་སྨོན་དེ་མ་འགྲུབ་པས་མོས་ཡང་བསྐྱར་ཐབས་དང་གོ་སྐབས་མང་ཙམ་བཙལ་ཏེ་ང་རང་སློབ་གྲྭ་བཏང་རྒྱུ་བྱས།  ཨ་མས་ད་ཐེངས་ང་སློབ་གྲྭ་བཏང་དོན་ནི་ང་རང་མི་ནུས་པ་ཅན་ཞིག་གམ་ཡང་ན་ཡོན་ཏན་ཅན་ཞིག་ཨེ་ཡོང་འདོད་པ་གཏད་ནས་མ་ཡིན་པར་གནས་སྐབས་ནོར་ནག་གི་རྨིག་རྗེས་ནས་དཀའ་སྡུག་མྱོང་མི་དགོས་བའི་ཆེད་དུ་ཡིན།   དང་ཐོག་ང་རང་སློབ་གྲྭ་སོང་སྟེ་དུས་རྒྱུན་ཟླ་གནང་བཏང་ནས་ཕྱིར་ཁྱིམ་ལ་ཐོན་དུས་ངས་ཨ་མ་ལ་ལྐོག་ཏུ་སློབ་གྲྭ་ནས་རང་ཉིད་མི་སྐྱིད་པའི་གནས་ཚུལ་དང་སློབ་གྲོགས་གཞན་གྱིས་དམའ་འབེབ་དང་མཐོང་ཆུང་བྱས་བའི་སྐོར་མང་བོ་བཤད་ནས་སློབ་བྱོལ་བྱེད་འདོད་སོང་ཟེར་མྱོང་། འོན་ཀྱང་ཨ་མས་ཐབས་དྲག་གཞན་གཉིས་ཀ་བཀོལ་ནས་ང་རང་ད་ལྟའི་བར་དུ་སློབ་གྲྭར་མངགས་པ་ཡིན།  མོས་ལན་རེ་“གལ་ཏེ་གནས་ཚུལ་དེ་ལྟ་བུ་བདེན་པ་ཡིན་ན་ཨ་ཕར་(ཨ་ཡར)བཤད་ནས་སློབ་གྲྭར་མ་སོང་ན་ཆོག་ནི་རེད་”ཟེར་ནས་ཅུང་ཁྲོ་ཉམས་བསྟན་མྱོང་།  ཨ་ཕར་བཤད་རྒྱུ་ནི་ང་ལ་མཚོན་ན་ཆེས་དངངས་སྐྲག་ཆེ་སའི་དོན་དག་ཉག་གཅིག་ཡིན་ཏེ།   ཕ་ལགས་ནི་རང་གཤིས་རྩིབ་ལ་སྤོ་ཆེ་བོ་ཡོད་པས་ང་རང་ཆེས་སྐྲག་ས་ནི་ཁོང་གིས་མི་གཞན་ལ་རྡུང་རེས་བྱས་པ་དེ་ཡིན་པས་གལ་ཏེ་ཁོང་གིས་ངའི་དོན་དག་ཙག་ཙིག་ཅིག་གི་ཆེད་དུ་དོན་ཆེ་རེ་བྱུང་སོང་ན་ཅི་ཞིག་བྱ་བསམ་ནས་བཏང་སྙོམས་སུ་བཞག་པ་ཡིན།   ཡང་ལན་རེ་ཨ་མས་བྱམས་བརྩེའི་ངང་ངའི་མགོ་ལ་ལག་པའི་བྱིལ་བྱིལ་འགའ་བྱས་ནས་“གནས་སྐབས་སློབ་གྲྭར་སོང་ན་བཟང་ནི་རེད། གལ་ཏེ་ཕྱིར་ཁྱིམ་དུ་ཡོང་ན་སྔོན་དང་འདྲ་བར་ཕྱུགས་རྫི་ལ་འགྲོ་དགོས་ནི་རེད།  ”ཟེར་བཞིན་མོས་གདོང་ནས་ཧ་ཅང་སེམས་ཚེགས་ཀྱི་རྣམ་འགྱུར་མང་བོ་རེ་མངོན་ཡོང་།    

   ལོ་ཟླ་ནི་ཆུ་བོའི་འགྲོས་ལྟར་དལ་སྒུག་མེད་པར་རྒྱང་ལ་ཕྱོགས་སོང་། ང་ཡང་གོག་མ་ལངས་ཀྱིས་སོང་སོང་ནས་སློབ་ཆུང་གི་འཚོ་བ་མཇུག་ རྫོགས། ཕ་ལགས་ཀྱི་གྲོགས་པོ་ཞིག་གིས་རོགས་རམ་འོག་ང་རང་རྟ་བྲག་དྭ་ཕྲུག་སློབ་གྲྭ་འགྲོ་རྒྱུའི་སྐལ་བ་བཟང་བོ་ཞིག་ཐོབ།  ཡིན་ན་ཡང་ཐོག་མར་ང་རང་སློབ་གྲྭ་དེར་འགྲོ་རྒྱུར་དེ་འདྲའི་མོས་པ་མ་བྱུང་།   རྒྱུ་མཚན་ངའི་བསམ་པའི་ནང་སློབ་གྲྭས་ང་ལ་བཞག་པའི་བག་ཆགས་ནི་གཉོམ་ཆུང་དང་དྭ་ཕྲུག་གི་སློབ་མ་མང་བོ་ཞིག་རྒྱུ་ཕྱུགས་འཛོམས་པོ་ཅན་དང་ཕ་མ་གཉིས་འཛོམས་ཀྱི་བྱིས་པ་ཚོས་གཉའ་གནོན་དང་དམའ་འབབས།  འཕྱ་སྨོད། ཐུབ་ཚོད་བྱེད་སའི་གནས་སམ་སྟེགས་བུ་ཞིག་ལ་ངོས་འཛིན་བྱེད་ཡོད། དེ་བཞིན་དུ་སྤྱི་ཚོགས་ཀྱི་མི་མང་བོ་ཞིག་གིས་ཡང་དྭ་ཕྲུག་ནི་ནུས་མེད་ཐལ་ཤལ་ཞིག་ལ་ངོས་འཛིན་བཞིན་ཡོད་པའི་ཚོར་བ་ཞིག་ངའི་དྲན་པའི་ག་ཤད་གཅིག་ནས་སླེབས་ཡོང་།  གང་ལྟར་ང་རང་རྟ་བྲག་སློབ་གྲྭ་དེར་སོང་རྗེས་བདག་གི་བསམ་གཞིག་གི་བར་སྟོང་ནས་སྨྲ་བསམ་བརྗོད་འདས་ཀྱི་སྐད་ཆ་མང་བོ་ཞིག་བུ་ཡུག་འཚུབ་པ་ལྟར་ཡང་ཡང་འཁོར།  རྒྱུ་མཚན་ངས་སློབ་གླིང་དེ་ནས་ད་གཟོད་རང་དབང་དང་འདྲ་མཉམ་ཟེར་བ་ནི་ཅི་ལྟ་བུ་ཞིག་ཡིན་པ་གསར་དུ་རྟོགས་སོང་བ་འདྲ་ལ་བྱམས་བརྩེ་དང་ལྷག་བསམ་ཟེར་ནི་ག་འདྲ་ཞིག་ལ་ངོས་འཛིན་པ་དགོས་པ་ཡང་མག་མོག་ཅིག་མཐོང་།  ང་རང་རྟ་བྲག་གླིང་འབྱོར་རྗེས་ངས་རྟ་བྲག་ནང་གི་ལས་དབང་གཅིག་པའི་ཕུ་ནུ་ཚོ་དང་མཉམ་དུ་དགེ་རྒན་དང་མ་མ་རྣམ་པའི་བརྩེ་བའི་མཐུ་འོག་ནས་གསར་དུ་འཚོ་བ་ཞིག་གི་དབུ་ཁྱུད་བྲིས་པ་ཡིན། དེ་ནི་ང་ལ་མཚོན་ན་འཇིག་རྟེན་གསར་བ་ཞིག་བརྗེ་བའི་སྣང་བ་འདུག

   ད་ནི་ངས་བདེ་སྐྱིད་ངོ་མ་དེ་གང་ཡིན་པ་རྟོགས་ཡོང་གིན་ཡོད་པ་འདྲ་ལ།  དེར་མ་ཟད་བདེ་སྐྱིད་དེ་ཡང་བདེ་སྐྱིད་དུ་སྒོམ་ཤེས་བཞིན་ཡོད་པ་འདྲ། བདེ་སྐྱིད་དེས་ང་རང་བསླུ་བྲིད་གཏོང་ནས་དུས་ཚོད་ཇི་ལྟར་རྫོགས་སོང་བ་ཡང་མི་ཚོར་བའི་ཚོད་དུ་སླེབས་རྒྱུ་ཡོད།ངས་བདེ་སྐྱིད་དེ་ལྟ་བུ་རོལ་བས་ལན་ནམ།   ལན་རེ་ཕ་ཡུལ་ཞེས་པ་ཞིག་ཡོད་པ་བརྗེད་འགྲོ་ལ་ལན་རེ་དབྱར་གནང་དགུན་གནང་སྐབས་ཕྱིར་ཡུལ་དུ་ལོག་མི་འདོད་པའི་བསམ་བློ་སྐྱེས་མྱོང་ཡོད།  དེ་དང་ལྷན་དུ་ཨ་མས་སྔོན་ཆད་དང་འདྲ་བར་ང་རང་སེམས་ཁྲལ་བྱེད་དགོས་པའང་ཇེ་ཉུང་དུ་སོང་ཡོད།

   ལོ་འདི་དག་ལ་ཨ་མས་ཡང་བསྐྱར་ང་རང་ལ་སེམས་ཁྲལ་ལྷག་མ་ཞིག་བྱེད་བཞིན་ཡོད།  རྒྱུ་མཚན་ངས་རང་ཉིད་ཀྱི་ཕུགས་འདུན་དང་དགའ་ཕྱོགས་ཀྱི་ལྷད་དུ་ཕ་ཡུལ་དང་མ་ཡུམ་རྟ་བྲག་སློབ་གླིང་སོགས་ལ་གྱེས་ཕྱག་ཕུལ་ནས།  མཐོ་འབྲིང་གི་སྒོ་ཐེམ་བརྒལ་ཡོད་པས་ཡིན།  ང་རང་ཆུང་དུས་ནས་བོད་ཡིག་སྦྱོང་རྒྱུ་དང་རྩོམ་འབྲི་རྒྱུར་དགའ་བོ་ཡོད་པས་རྟ་བྲག་ནས་དགེ་རྒན་གྱིས་རང་རང་གི་དགའ་ཕྱོགས་དང་འཇོན་ནུས་གཙོ་བོར་བྱས་ནས་སློབ་སྦྱོང་བྱེད་དུ་བཅུག་པས་ངས་དུས་རྒྱུན་བོད་ཡིག་འབའ་ཞིག་ལ་བལྟས་ནས་བསྡད་པ་ཡིན།   མཐོ་འབྲིང་གསར་དུ་འགྲིམ་པའི་ལོ་དེར་ང་ཚོས་རང་རང་གི་ཕུགས་འདུན་དང་དགའ་ཕྱོགས་ལྟར་སློབ་གྲྭ་འདེམས་པ་ཡིན་ལ། ངས་ཀྱང་རང་ཉིད་ཀྱི་ཕུགས་འདུན་དང་དགའ་ཕྱོགས་བཞིན་ཤེས་རིག་ནོར་བུའི་སློབ་གླིང་བདམས་པ་ཡིན།   སློབ་གྲྭ་འདིར་འགྲོ་རྒྱུར་ནི་ངའི་ཆུང་དུས་ཀྱི་ཕུགས་བསམ་གཤའ་མ་དེ་ཡིན་མོད།  འོན་ཀྱང།  དང་ཐོག་དགེ་རྒན་འགའ་ཞིག་ང་རང་སློབ་གླིང་འདིར་འགྲོ་རྒྱུར་དེ་འདྲའི་འཐད་པ་བྱུང་གིན་མེད།    རྒྱུ་མཚན་ངས་མཐོ་འབྲིང་བཟང་ཤོས་ཤིག་ལ་རྒྱུགས་འཕྲོད་ཡོད་པས་ཡིན།   ཨ་ཕ་སློབ་གཙོས་རྒྱབ་སྐྱོར་བླ་ལྷག་བྱས་པས་ད་གཟོད་ང་སློབ་གླིང་འདིར་འགྲོ་རྒྱུའི་སྐལ་བ་ཐོབ།  ཡིན་ན་ཡང་ལོ་འདི་གཉིས་ཀྱི་ནང་རྭ་རྒྱ་ནས་ལན་རེ་རི་ཉུལ་ནས་ལམ་ཆད་པ་དང་ས་འགུལ་ཅུང་ཙམ་རེ་བྱུང་བ་སོགས་འབྱུང་བཞིའི་འཇིགས་པ་ཆུང་ཆུང་རེ་ཐེབས་ཀྱིན་ཡོད་པས་ཨ་མ་དུས་རྒྱུན་སེམས་ཚེགས་ཀྱི་ནང་དུ་ལྷུང་བཞིན་ཡོད།   དེ་ལས་ཀྱང་གཟའ་མཇུག་ཏུ་ངས་ཨ་མར་འབྲེལ་བ་བྱེད་ཐེངས་རེར་མོས་དུས་ཚུགས་ལ་དབྱེ་བ་མེད་པར་རྟག་པར་ང་ལ “ ལྭ་བ་མཐུག་པོ་གོན་འཁྱག་ངེས་རེད། སློབ་སྦྱོང་དཀའ་འམ།  ཁྱེད་ཚོའི་མདུན་གྱི་རྨ་ཆུ་ཇེ་ཆེར་འགྲོ་བཞིན་ཡོད་དམ། རྨ་ཆུའི་ཁར་རྩེ་རུ་འགྲོ་མི་ཉན། ཕོ་བ་ལྟོགས་ཀྱིན་ཡོད་དམ། རྩམ་པ་དང་མར་ཚར་གི་ཨེ་ཡོད། དེ་ཚོར་གྲོན་ཆུང་བྱ་མི་དགོས།  ཨ་མས་སྐུར་ཡོང་། ”སོགས་སེམས་ཁྲལ་གྱི་སྐད་ཆ་འདི་དག་བཤད་ཡོང་།

ད་ལྟ་ངའི་རྣ་ལམ་དུ་སྐད་ཆ་འདི་དག་བྱང་ནས་ཡོད་ལ།  གཟའ་མཇུག་ཐོན་ལ་ཉེ་བའི་སྐབས་ངའི་ཡིད་ལ་སྐད་ཆ་འདི་དག་ཝ་ལེར་ཤར་ཡོང་།  འདི་དག་ནི་ཨ་མས་ང་ལ་དུས་རྒྱུན་གཟའ་མཇུག་རེ་རེར་གནང་བའི་གདམས་ངག་ཀྱང་ཡིན།

གཙོ་སྒྲུབ་ལས་ཁུངས།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྟོན་གཞུང་ལས་ཁང་དང་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་གཉིས་མཉམ་འབྲེལ་སྒོས་སྤེལ། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23644739
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།