སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 13 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་དབུ་ཁྲིད། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-17ལྟ་ཀློག (6308)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ལྡོང་ཡོན་ཏན་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།


སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ནི། སི་ཁྲོན་རྔ་སྟོད་སྒོ་མང་མཐའ་བ་ཧུ་ར་མར་སྐུ་འཁྲུངས། ཆུང་ངུའི་དུས་ནས་རབ་ཏུ་བྱུང་། སློབ་ཆུང་མཐར་ཕྱིན་རྗེས་སྒོ་མང་དགོན་པའི་ཚོགས་གྲལ་ཏུ་ཞུགས། ཟབ་དོན་གཅོད་ཀྱི་མངའ་བདག་ཕྱུག་སྐལ་བཟང་ལྷག་བསམ་རྒྱ་མཚོ་ཚང་གི་སྤྱན་སྔར་དགེ་ཚུལ་གྱི་སྡོམ་པ་བཞེས། མཁས་བཙུན་བཟང་གསུམ་གྱི་དཔལ་དང་ལྡན་པའི་རྒྱུད་སྟོད་གྲྭ་ཚང་གི་ཨ་ཁུ་འཇིགས་མེད་རྒྱ་མཚོ་ཚང་དགེ་རྒན་དུ་བསྟེན་ནས། གསང་བདེ་འཇིགས་གསུམ་སོགས་དགོན་པའི་ཚོགས་འདོན་དང་བཅའ་བཟོ། ཐིག་རྡུལ་ཚོན། དབྱངས་བར་རྟ་སོགས་ཞིབ་རྒྱས་སུ་བསླབས་ཏེ་དགུང་ལོ་བཅུ་གསུམ་པར་གྲྭ་ཚང་རང་གི་རྒྱུགས་ཆེན་ཆ་ཚང་སྤྲད། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འཛིན་གྲྭ་འོག་མ་དང་། བར་མ་གཉིས་ཀྱི་སྐྱོར་དཔོན་ལ་རིམ་བཞིན་བཞུགས། དགུང་ལོ་བཅུ་དྲུག་སྟེང་རྨད་བྱུང་ཐོས་བསམ་གླིང་ནས་གཞུང་རྒྱུགས་སྤྲད། ལོ་བཅུ་ཕྲག་ལྷག་ལ་ཚོགས་དང་ཆོས་གྲྭར་ཆད་མེད་དུ་ཕེབས།  

རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་དང་། སྒང་བ་རྒྱ་ནག་མཁན་སྤྲུལ་བསམ་གཏན་བསྟན་པའི་རྒྱལ་མཚན་རྣམ་པ་གཉིས་ཀྱི་མདུན་ནས་ཐ་སྙད་རིག་གནས་སྐོར་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བློ་བཟང་རྒྱ་མཚོ་ཚང་གི་མདུན་དུ་གཞུང་ཆེན་ཁག་གི་དཔེ་ཁྲིད་ལ་ཕེབས། རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་མདུན་ནས་དབང་ལུང་མན་ངག་ཤིན་ཏུ་མང་བོ་གསན། སྤྱི་ལོ་༡༩༩༢་ལོར་ཀུན་མཁྱེན་དྲུག་པ་ཆེན་མོ་སྒོ་མང་དགོན་དུ་ཕེབས་སྐབས་བྱང་ཆུབ་ལམ་རིམ་ཆེན་མོ་ཤོག་བུ་བཞི་བརྒྱ་ཙམ་བློ་རྒྱུགས་སུ་ཕུལ་བས་བསྔགས་བརྗོད་གནང་བར་མ་ཟད། ཐ་སྙད་རིག་གནས་ལ་སྦྱངས་ན་ཕན་ཐོགས་ཆེན་པོ་འབྱུང་ཞེས་ཞལ་ནས་དངོས་སུ་གསུངས། དགུང་ལོ་ཉི་ཤུའི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོའི་སྤྱན་སྔར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གཉིས་པར་དགེ་བཤེས་ལྷས་ཧྭའི་སྐལ་བཟང་བསྟན་པ་སོགས་ཀྱི་འཛིན་གྲྭ་དང་ལྷན་ཅིག་ཕར་ཕྱིན་གྲྭ་སྐོར་ལ་བག་ཆགས་བཞག

སྤྱི་ལོ་༡༩༩༤་ལོར་སྒོ་མང་དགོན་པའི་ཚོགས་ཆེན་འདུ་ཁང་སྟོན་མོའི་སྐབས་བྱང་ཆུབ་ལམ་རིམ་ཆེན་མོ་ཡོངས་རྫོགས་བློ་རྒྱུགས་སུ་ཕུལ་བས་ཨང་དང་བོའི་གསེར་གྱི་རྟགས་མ་ཐོབ། དེ་ནས་སྤྱོད་འཇུག་ཆེན་མོ་དང་སྔགས་རིམ་ཆེན་མོའི་ཕྱེད་ཙམ། གཞན་ཡང་གཞུང་ཆེན་མང་བོ་ཐུགས་འཛིན་གནང་སྟེ་ཚོགས་རྒྱུགས་སུ་སྤྲད། སྤྱི་ལོ་༡༩༩༣་ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོ་དང་། རྩིས་རམས་པ་ཤེས་རབ་ཆོས་འཕེལ་ཚང་། དགེ་བཤེས་འཇམ་དབྱངས་ཉི་མ་ཚང་། སྒྲ་རྩིས་སྨྲ་བའི་དབང་བོ་སྨད་སོག་བཛྲ་བློ་བཟང་སྦྱིན་པ་ཚང་། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་། རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་ཚང་སོགས་ངེས་དོན་དྲན་དབང་དུ་མའི་སྤྱན་སྔར་སྙན་ངག་དང་། སྒྲ་རིག་པ། བསྡུས་གྲྭ། བློ་རྟགས། དོན་བདུན་ཅུ། སྐར་རྩིས། ནག་རྩིས། རྒྱ་རྩིས། སྡོམ་གསུམ་བསླབ་བྱ། ལམ་རིམ་བློ་སྦྱོང་སོགས་ལ་སྦྱངས་ཤིང་། འཇམ་དབྱངས་བླ་མ་གུང་ཐང་བསྟན་པའི་དབང་ཕྱུག་དཔལ་བཟང་བོ་རིགས་ཀྱི་ཅོད་པན་དུ་བཀུར་ཏེ་དབང་ལུང་མན་ངག་གི་སྐོར་མང་དུ་གསན། བླ་བྲང་དུ་བཞུགས་ཚེ་དགེ་རྒན་རྣམ་པའི་གསུང་བཀོད་བཞིན་དོན་གཉེར་ཅན་མང་བོར་དཔེ་ཁྲིད་བྱས་ཤིང་། རྩོམ་ཡིག་མང་བོ་བྲིས་ཏེ་སྤྱི་སྒེར་གྱི་དུས་དེབ་དང་ཚགས་པར་སྟེང་བཀོད་པས་མཚན་སྙན་རྒྱས་འགོ་བརྩམས།

   སྤྱི་ལོ་༡༩༩༥་ལོ་ནས་སློབ་གསོ་བ་རྭ་རྒྱའི་འཇིགས་མེད་རྒྱལ་མཚན་གྱིས་ཡང་ཡང་གདན་འདྲེན་ཞུས་ཤིང་། སྐྱབས་རྗེ་ཧྭར་བ་རིན་པོ་ཆེ་དང་དགེ་རྒན་རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས་རྣམ་གཉིས་ཀྱི་བཀའ་ནན་མ་བཟློག་པར་རྭ་རྒྱའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོའི་དགེ་རྒན་དུ་ཕེབས་ཏེ་ད་བར་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་མང་བོའི་དཔེ་ཁྲིད་ཆད་མེད་དུ་གནང་བས་ཀུན་སྤྱོད་ལེགས་ལ་ཤེས་རིག་གིས་ཕྱུག་པའི་བུ་སློབ་སྟོང་ཕྲག་ཁ་ཤས་བསྐྱེད་བསྲིངས་བྱས། སློབ་གླིང་དེའི་སློབ་གཙོ་གཞོན་པའི་འགན་ཡང་བཞེས་མྱོང་ལ། ད་ལྟ་ཆེས་མཐོའི་བློ་འདྲི་ས་གཞོན་པ་ཡིན། སློབ་གླིང་དེ་ནས་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་། གཞན་ཁོམ་སྐབས་གང་ཡོད་ལ་ལཱ་མོའི་ཡོངས་འཛིན་རིན་པོ་ཆེ། དགེ་བའི་བཤེས་གཉེན་ཆེན་མོ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་། སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ། སྒྲ་རིག་མཁན་པོ་རྗེ་ངག་དབང་དམ་ཆོས་ཚང་། སྒང་བ་མཆོག་སྤྲུལ་བསམ་གཏན་བསྟན་པའི་རྒྱལ་མཚན་ཚང་། ལྷ་རམས་པ་འཇམ་དཔལ་བློ་ཤེས་ཚང་། ལྷ་རམས་པ་ལྷོ་བ་འབྲུག་གྲགས་ཚང་། རྩིས་རམས་པ་ཁ་སྒང་སྦྱིན་པ་ཚང་སོགས་ཀྱི་མདུན་དུ་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་ཁག་མང་བོར་སློབ་གཉེར་དང་། དབང་ལུང་མན་ངག་མཐའ་ཡས་པ་གསན།

   སློབ་གླིང་གི་དབྱར་དགུན་གྱི་ངལ་གསོའི་སྐབས་སུའང་ལྷོད་པོར་བཞུགས་ཁོམ་མེད་པར། གཅིག་སྒྲིལ་རྫོང་ཁང་སར་དགོན་དང་ཁྱུང་མཆུ་རྫོང་ཁང་དམར་དགོན་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་བརྒྱ་ལ་ཉེ་བ་དང་། སློབ་གྲྭ་ཆེ་འབྲིང་། བོད་ཀྱི་ས་གནས་སོགས་བརྒྱ་ཕྲག་ཁ་ཤས་ལ་ཕེབས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་དང་སློབ་གསོ་གནང་།

   སྤྱི་ལོ་༡༩༩༥་ལོ་ནས་ཁོང་དང་གྲྭ་བཙུན་རྩོམ་པ་བོ་གྲགས་ཅན་ཨར་མའི་དགའ་བ་རྒྱ་མཚོ་སོགས་ཀྱིས་བོད་ཀྱི་སྒེར་གཉེར་དུས་དེབ་ཐོག་མའི་ཡ་གྱལ། གུར་ཀུམ་ཆུན་པོ་ཞེས་པའི་ལོ་དེབ་ཅིག་གསར་སྤེལ་གནང་སྟེ་རྩོམ་པ་བོ་རྒན་གཞོན་སྟོང་ཕྲག་གསུམ་ཙམ་གྱི་རྩོམ་ཡིག་ཆེད་བཀོད་དང་གསར་སྐྱེས་སྨྱུག་ཐོགས་པ་དུ་མ་བསྐྱེད་བསྲིངས་བྱས།

སྤྱི་ལོ་༢༠༠༤་ལོར་རྔ་བ་ཁུལ་ཐོག་ནས་མཁས་དབང་དམུ་དགེ་རིན་པོ་ཆེའི་རྗེས་དྲན་དང་འབྲེལ་ཏེ་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའི་ཚོགས་ཆེན་དུ་ཞིང་ཆེན་སོ་སོ་ནས་མི་སྣ་ལྔ་བརྒྱ་ཙམ་བསྡུས་ཏེ་བོད་ཀྱི་རྩོམ་རིག་བགྲོ་གླེང་གི་ཐད་ཞབས་ཕྱི་དྲོན་མོ་ཞིག་བསྒྲུབས། རྩོམ་པ་བོ་བརྒྱ་ལྷག་ལ་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའ་སྤྲད། སྤྱི་ལོ་༢༠༡༤་ལོར་ཐེངས་གཉིས་པའི་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའི་བྱ་འགུལ་སྤེལ། སྤྱི་ལོ་༢༠༡༢་ལོར་འཕགས་ཡུལ་དུ་ཕེབས་ཏེ་གོང་ས་བཅུ་བཞི་བ་ཆེན་མོའི་མདུན་ནས་དུས་འཁོར་དབང་ཆེན་སོགས་ཆོས་བཀའ་མང་བོ་གསན།

   སྔ་རྗེས་སུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་མང་བོ་དང་། ནུབ་ཕྱོགས་ཁ་ཎ་ཊ་རྒྱལ་ཁབ་ཀྱི་ཡའོ་ཁུར་སློབ་གྲྭ་ཆེན་མོ། ཁྲའོ་རུང་ཁྲའོ་སློབ་ཆེན། ཨ་མེ་རི་ཀའི་ཀུ་ལེན་པེས་ཡཱ་སློབ་ཆེན། ཧྥོས་རྗེས་ནེའུ་ཡཱ་སློབ་ཆེན། དཔའ་ཧྲིན་ཏུན་སློབ་ཆེན་སོགས་རྒྱལ་སྤྱིའི་སྟེང་སྐད་གྲགས་རྒྱས་པའི་སློབ་གྲྭ་ཆེན་མོ་ཁག་ཅིག  ཨ་མདོ་བརྙན་འཕྲིན་ཁང་དང་ཁམས་པ་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་བསྒྲགས་ཁང་སོགས་ཀྱིས་ཡང་ཡང་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་ཉེ་བར་མཁོ་ཞིང་དུས་སུ་བབས་པའི་འཆད་ཁྲིད་གང་མང་གནང་།

   མདོར་ན། ཁོང་གིས་ཁ་ཆར་བུ་ཡུག་དང་ལམ་གྱི་དཀའ་ཁག    ཕྱི་ནང་གི་གནོན་ཤུགས་སོགས་གང་ལའང་མ་འཛེམ་པར་ད་བར་དུ་སློབ་གྲྭ་དང་དགོན་སྡེ། རྫོང་དང་སྡེ་བ་སོགས་བརྒྱ་ཕྲག་གསུམ་ལ་ཉེ་བས་གདན་འདྲེན་ཞུས་པ་དང་དུ་བླངས་ཏེ། དཔེ་ཁྲིད་དང་དུས་ཐུང་འཆད་ཁྲིད་གནང་། སྤྱི་སྒེར་མང་བོས་མ་བསྐུལ་དང་བླངས་སྒོས་གསུང་གི་བསླབ་བྱ་དང་ཆོས་ཁྲིད་སྣ་ཚོགས་བརྙན་གཟུགས་དང་སྒྲ་རྐྱང་ཅི་རིགས་ཀྱི་ལམ་ནས་དཔར་བསྐྲུན་འགྲེམ་སྤེལ་ཐེངས་མང་བྱས་པས། གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། གྲོང་ཁྱེར་དང་གྲོང་བརྡལ། རུ་སྡེ་དང་ཁྱིམ་ཚང་སོ་སོར་ཁོང་གི་གསུང་སྒྲས་ཁྱབ་ཡོད་ལ།  ཕན་ཐོགས་ཆེ་བའི་སྤྱི་ཚོགས་སློབ་གསོ་བ་དང་འཆད་ཁྲིད་པ་ཞེས་མདོ་དབུས་ཁམས་གསུམ་གྱི་གསན་མཁན་ཁྲི་སྟོང་མང་བོའི་བསྔགས་བརྗོད་ཡང་ཡང་ཐོབ།  

   བརྩམས་ཆོས་ཀྱི་སྐོར་ལ། དུས་རབས་ཉེར་གཅིག་པའི་སྙིང་གཏམ་དང་། རྔ་ཡུལ་སྒོ་མང་དགོན་གྱི་གདན་རབས་ཆེན་མོ། ཤིང་བཟའ་པཎ་ཆེན་གྱི་རྟོགས་བརྗོད། མཛོད་དགེ་གླིང་བ་དགོན་པའི་ལོ་རྒྱུས་རྒྱས་པ། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་བ། སུམ་རྟགས་དག་གསུམ་གྱི་ཁྲིད་ཐབས་དང་ཁྱད་ཆོས་ལས་འཕྲོས་ཏེ་བོད་ཀྱི་སྤྱི་སྐད་གླེང་བ། ལྷུག་རྩོམ་སྐད་ཆའི་ལང་ཚོ་དེབ་གཉིས། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག  སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་ཟུར་རྒྱན་ངག་རིག་སྒྱུ་འཕྲུལ་འགུགས་པའི་ལྕགས་ཀྱུ། བཅོས་མིན་སེམས་ཀྱི་འཕར་སྒྲ། ཤར་འོད་དགོན་གྱི་གདན་རབས། བོད་ཆེན་པོའི་རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ་དཔྱོད་ལྡན་སྨྲ་བའི་འབབ་སྟེགས། བོད་ཀྱི་སྐར་རྩིས་རིག་པའི་བྱུང་འཕེལ། སྐར་རྩིས་ཀུན་འདུས་ནོར་བུའི་སྔོན་འགྲོའི་འགྲེལ་བ། ནག་རྩིས་ཀྱི་སྔོན་འགྲོའི་སྐོར་གསལ་བར་བཤད་པ། ཡང་དག་པའི་སློབ་གསོ། སྡོམ་ཚིག་གཅེས་བཏུས་བློ་མིག  འཆད་ཁྲིད་ཟིན་བྲིས་བྱམས་བརྩེ་དང་ལག་ལེན། སྙན་རྩོམ་མུ་ཏིག་སུམ་བརྒྱ་བ། དགོན་སྡེའི་སློབ་གསོའི་དྲིས་ལན། ཧྭར་བ་རིན་པོ་ཆེའི་རྟོགས་བརྗོད་མི་ཕམ་རྣམ་པར་རྒྱལ་བའི་རོལ་མོ། ས་སྐྱའི་ལེགས་བཤད་ཀྱི་ཚིག་དོན་གོ་བདེར་བཤད་པ་མི་ཆོས་རིག་པའི་མེ་ལོང་། མངོན་བརྗོད་ཀྱི་བསྟན་བཅོས་བློ་གསལ་རྣ་ཆའི་རང་འགྲེལ་གཏམ་གྱི་རོལ་མཚོ། བཤེས་སྤྲིང་རྒྱས་བཤད་ཐར་འདོད་ལམ་ཡིག   སྦྱོར་བའི་ཆོས་དྲུག   དབྱངས་ཅན་སྒྲ་ཊིག་ལས་མཚམས་སྦྱོར་ལྔ་བའི་འགྲེལ་བ་ནག་པོ་འགྲོ་ཤེས་སོགས་པོད་ཆེ་ཆུང་སུམ་ཅུར་ཉེ་བ་ཞིག་དཔར་བསྐྲུན་བྱས་ཟིན་ཅིང་། ད་དུང་དཔར་བསྐྲུན་བྱེད་འགྱུར་གྱི་བརྩམས་ཆོས་མང་བོ་ཡོད། གཞན་དཔྱད་རྩོམ་དང་སྙན་རྩོམ། ལྷུག་རྩོམ། འཁྲབ་གཞུང་། སྤྱི་ཚོགས་གླེང་བརྗོད་སོགས་རྩོམ་ཡིག་སྟོང་ཕྲག་ལྷག་ཅིག་བྲིས་པ་ལས་འགའ་རེ་ཡིག་རིགས་གཞན་དུའང་བསྒྱུར་ཡོད། ཁོང་གི་དཔེ་ཁྲིད་སྣ་ཚོགས་སྒྲར་བླངས་ཏེ་སྤྱི་ཚོགས་སྟེང་བཀྲམ་དང་འགྲེམ་འགྱུར་ལ་ཆུ་ཚོད་སྟོང་ཕྲག་གི་ཡུན་ལས་བརྒལ་བ་ཞིག་བཞུགས།

   སྤྱི་ལོ་༢༠༢༡་ལོར་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གསོ་སྦྱོང་ལྟེ་གནས་ཀྱི་དགེ་རྒན་ཆེན་མོར་གདན་འདྲེན་ཞུས་ཤིང་། སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་དགོན་སྡེའི་ཆེས་མཐོའི་དཔེ་ཁྲིད་དགེ་རྒན་ནམ་ཡོངས་འཛིན་གྱི་དཔང་ཡིག་སྤྲད།

   རྒྱལ་ཡོངས་ཐེངས་གཉིས་པའི་གངས་རྒྱན་རྟགས་མའི་རྩོམ་ཡིག་གསར་རྩོམ་གྱི་གསེར་གྱི་རྟགས་མ་སོགས་གསར་རྩོམ་སྐོར་གྱི་བྱ་དགའ་མང་བོ་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་སློབ་གསོ་བ། གངས་ལྗོངས་ལྷག་བསམ་མི་སྣ་སོགས་བྱ་དགའ་ཆེ་ཆུང་ཤིན་ཏུ་མང་བོ་ཐོབ་མྱོང་། ད་ལྟ་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་བཞིན་པའི་སྐབས་ལགས་སོ། །

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་གཞུང་ལས་ཁང་གིས།  


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།   སྤེལ་མཁན།: བློ་བཟང་། སྤེལ་དུས:2022/5/17
སྐུ་ཚེ་བརྟན་ཞིང་བཞེད་དོན་ལྷུན་གྲུབ་ཤོག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23630164
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།