༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༥ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-05-06ལྟ་ཀློག (2861)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

     

གཉིས་པ། རླབས་ཆེན་གྱི་བྱ་གཞག་སྒྲུབ་པའི་མི་སྣ་རླབས་ཆེན་ལ་ལྷན་སྐྱེས་སུ་འཛོམ་པའི་སྐྱོན་ཡོན་རྣམས་དཔེའི་གཟུགས་སུ་བཀོད་ནས་བསྟན་པའི་ཚུལ།

        

    གལ་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་མཁན་ཐང་སན་བླ་མ་གཅིག་པུ་ལས་འཁོར་སུན་ཨུ་ཁུང་སོགས་གཏན་ནས་མེད་པ་ཞིག་ཡིན་ན་དེ་ལྟར་བྲིས་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ནི་གཞན་གྱིས་ཆེས་ཤིན་ཏུ་སྒྲུབ་དཀའ་བའི་རླབས་ཆེན་གྱི་བྱ་གཞག་ངོ་མཚར་བ་དེ་བསྒྲུབས་པའི་ལོ་རྒྱུས་དངོས་ཡོད་ཀྱི་མི་སྣ་རླབས་ཆེན་ཐང་སན་བླ་མ་ལ་འཛོམས་པའི་སྐྱོན་ཡོན་རྣམས་དཔེའི་གཟུགས་སུ་བཀོད་ནས་བསྟན་པ་སྟེ། སུན་ཨུ་ཁུང་དང་། ཕག་མགོ་ཅན་དང་། ཐོད་པ་ཟླ་བ་དང་། རྟ་མཆོག་ཀླུ་ཕྲུག་དཀར་བོ་དང་བཅས་པ་ཐམས་ཅད་དཔེ་ཡིན་ལ། དེ་དག་གིས་དོན་དངོས་ཀྱི་བརྗོད་བྱ་ཐང་སན་བླ་མ་ལ་ལྷན་སྐྱེས་སུ་ལྡན་པའི་སྐྱོན་ཡོན་རྣམས་སྒྱུ་རྩལ་གྱི་སྒོ་ནས་བསྟན་པ་ཡིན་ནོ།། དེ་ཡང་སྤྲེལ་མགོ་ཅན་གྱིས་ཐང་སན་བླ་མའི་སེམས་སམ་རྣམ་དཔྱོད་དམ་ཤེས་རབ་མཚོན་ལ། ཕག་མགོ་ཅན་གྱིས་ཐང་སན་བླ་མའི་འདོད་སྲེད་མཚོན་ཅིང་། ཐོད་པ་ཟླ་བས་ཐང་སན་བླ་མའི་རང་གཤིས་མཚོན། རྟ་མཆོག་ཀླུ་ཕྲུག་དཀར་བོས་ཐང་སན་བླ་མའི་སྙིང་སྟོབས་སམ་བརྩོན་སེམས་མཚོན་པར་བྱེད་དོ།།    

    དེ་ཡང་དཔེ་ཆ་འདི་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་བརྩམས་ཆོས་ཤིག་ཡིན་པ་ལས་ལོ་རྒྱུས་ཀྱི་དཔེ་ཆ་མ་རེད། དེས་ན་ལོ་རྒྱུས་མ་ཡིན་པ་ཞིག་ལ་ལོ་རྒྱུས་སུ་བཟུང་སྟེ་འདིས་ལོ་རྒྱུས་མི་ཉན་ཞེས་དགག་པ་བརྒྱག་པ་ནི་རང་མཚང་བསྟན་པ་རེད། དེའི་ཕྱིར་བརྩམས་སྒྲུང་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་དཔེ་ཆ་འདི་དང་འདི་ལྟ་བུ་ལ་བལྟ་ཤེས་དགོས་ཏེ། འདི་ན་ལོ་རྒྱུས་དངོས་ཡོད་ཀྱི་མི་སྣ་སློབ་དཔོན་ཆེན་པོ་རྨད་བྱུང་གཟི་བརྗིད་དམ། ཐང་གུར་གྱི་སྡེ་སྣོད་གསུམ་པ་ཞོན་ཙང་ངམ། ཐང་སན་བླ་མ་དེ་ཉིད་དཀའ་ངལ་འབུམ་ཕྲག་ལ་ཐུགས་མ་འཇིགས་པར་རི་ཆུ་འབུམ་ཕྲག་གི་ཕ་རོལ་ཏུ་ཕེབས་པར་མ་ཟད། རང་གི་ཐོག་མའི་རེ་བ་དང་ཐུགས་སྨོན་ཐམས་ཅད་ལེགས་པར་འགྲུབ། ཡོངས་སུ་འགྲུབ་སྟེ་ཕྱིར་ཕེབས་ནས་བསྟན་པ་དང་འགྲོ་བའི་དོན་ཡང་རྒྱ་ཆེན་པོ་བསམ་ཡུལ་ལས་འདས་པ་དེ་ལྟ་བུ་ཞིག་འགྲུབ་སོང་བ་ནི་སྟབས་ལེགས་སྟེས་དབང་ག་ལ་ཡིན། ངེས་པར་འཛོམས་དགོས་པའི་ཁྱད་ཆོས་མང་བོ་ཞིག་འཛོམས་ཡོད་པས་ཡིན་ལ། གཞན་སུ་དང་གང་ལའང་ཁྱད་ཆོས་དེ་ལྟ་བུ་འཛོམས་ན་གང་ལ་དམིགས་པའི་ལས་དོན་རྒྱ་ཆེན་པོ་འགྲུབ་ནུས་པ་དང་། གནས་སྐབས་འཛོམས་མེད་ན་འཛོམས་པའི་ཐབས་ལ་འབད་དགོས་པ་དང་། འབད་ན་ངེས་པར་རྙེད་ནུས་ཏེ། ཐང་སན་བླ་མའི་འཁོར་དེ་དག་རིམ་བཞིན་རྙེད་པར་བཤད་པའི་ཕྱིར་རོ།།     

    བསྟན་བཅོས་དེར་ཐང་སན་བླ་མ་རང་བཞིན་ཤིན་ཏུ་བརྟན་ཅིང་འགྱུར་བ་མེད་པ་ཞིག་ཡིན་པར་བཤད་པས་བྱ་བ་རླབས་ཆེན་ཞིག་བསྒྲུབ་ན་དེ་ནི་རྩ་བར་དགོས་པའི་ཆ་རྐྱེན་ཡིན་པ་གོ་དགོས་མོད་དེ་ཙམ་གྱིས་ག་ལ་ཆོག དེས་ན་དེའི་སྟེང་དུ་རྣམ་དཔྱོད་དང་ནུས་པ་ཁྱད་པར་བ་ཡོད་པས་དེ་ནི་སྤྲེལ་མགོ་ཅན་དཔེར་བཀོད་ནས་བསྟན་པ་དང་། སྤྲེལ་མགོ་ཅན་རྣམ་དཔྱོད་དང་སྤྲུལ་སྒྱུར་གྱི་ནུས་པ་ཧ་ཅང་ངོ་མཚར་བ་ཡོད་ཀྱང་སྐྱོན་གཏན་ནས་མེད་པ་མ་ཡིན་ཏེ། གཤིས་ཀ་རྒོད་པ་དང་ཁྲོ་བ་སྐྱེན་དྲག་ཅིང་ངང་ཐུང་ལ་དེ་ནི་ངེས་པར་བྱ་གཞག་རླབས་ཆེན་འགྲུབ་པའི་འགལ་རྐྱེན་ཧ་ཅང་ཆེ་བ་ཞིག་ཡིན་པས་ན་དེ་ཅིས་ཀྱང་བསྒྱུར་དགོས་ལ། འོན་ཀྱང་དེ་རང་སྟོབས་ཀྱིས་བསྒྱུར་དཀའ་བས་ཐང་སན་བླ་མ་ལ་ཡོད་པའི་གདམས་ངག་མགོ་བོ་འཆིང་བྱེད་ཀྱི་གཟུངས་སྔགས་སྲུང་མདུད་དེ་ཉིད་མེད་དུ་མི་རུང་བ་ལྟར། རྣམ་དཔྱོད་དང་ནུས་པ་ཇི་ལྟར་ཆེ་ཡང་དྲན་ཤེས་ཀྱི་ལྕགས་ཀྱུ་མེད་ན་བློ་དྲང་མོར་འགྲོ་དཀའ་བས་བྱ་བ་རླབས་ཆེན་དང་། ལྷག་པར་དུ་ལམ་སྒྲུབ་པ་ལ་བློ་རིག་རྒོད་པོ་ཙམ་གྱིས་མི་ཆོག་པར་དྲན་པ་དང་ཤེས་བཞིན་ཧ་ཅང་གལ་ཆེ་བར་བསྟན་པ་རེད། ཡང་རྗེས་སུ་སུན་ཨུ་ཁུང་མི་མཐུན་ཕྱོགས་ཐམས་ཅད་ལས་ཡོངས་སུ་རྒྱལ་བ་ན་འཆིང་བྱེད་དེ་རང་ཤུགས་ཀྱིས་མེད་པར་སོང་བ་ལྟར་ནམ་ཞིག འདིར་ནི་སློབ་དཔོན་ཆེན་པོ་རྨད་བྱུང་གཟི་བརྗིད་དམ་ཐང་སན་བླ་མའི་མཁྱེན་དཔྱོད་ཀྱི་རྩལ་ངོ་མཚར་བ་དེ་སྤྲུལ་སྒྱུར་ལ་དབང་འབྱོར་བའི་སུན་ཨུ་ཁུང་དང་སྦྱར་ནས་གཟུགས་ཅན་བཞིན་དུ་སྒྲུང་རྩོམ་གྱི་རྣམ་པས་བསྟན་པ་ཡིན་ལ། དེ་ལྟ་བུ་དང་ཆ་མཚུངས་པའི་སྙན་ངག་གི་རྩོམ་ཚུལ་བོད་ལའང་ཡོད་དེ། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རང་རྣམ་རྟོགས་བརྗོད་གསོལ་འདེབས་ཀེ་ཏ་ཀའི་ཕྲེང་མཛེས་ལས་ཀྱང་། 

ཚིག་སྤྱིའི་རི་དྭགས་སྙེགས་མིན་རྣམ་དཔྱོད་ཀྱི། །

ཧ་ནུ་མན་ཐའི་འཕྲུལ་བསྟེན་ལེགས་བསྒོམ་པས། །

དངོས་འཛིན་འབོད་གྲོགས་ཕྲ་རགས་མང་ཆར་མགོ། །

མཐའ་བྲལ་རལ་གྲིས་བཅད་ལ་གསོལ་བ་འདེབས། །

ཞེས་ཚིག་སྤྱི་རི་དྭགས་ཀྱི་གཟུགས་སུ་བཀོད། རྣམ་དཔྱོད་ཧ་ནུ་མན་ཐའི་གཟུགས་སུ་བཀོད། བདེན་འཛིན་སྲིན་པོའི་རྒྱལ་བོའི་མགོ་བོའི་གཟུགས་སུ་བཀོད། ཟབ་མོའི་ལྟ་བ་ཉག་ཕྲན་གྱི་གཟུགས་སུ་བཀོད་པའོ།། དེ་ཡང་འདི་ལ་ཚིག་འགྲེལ་བྱས་ན་འདི་ལྟར་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་དོན་ལ་ཡིད་དཔྱོད་ཀྱི་སྒོ་ནས་གོ་བ་ཆགས་པའི་ཚིག་སྤྱིའི་རི་དྭགས་ཀྱི་རྗེས་སུ་སྙེགས་པ་མིན་པ་སྟེ་རྗེས་སུ་མི་འབྲངས་པར་དབུ་མའི་གཞུང་ནས་བཤད་པའི་གཅིག་དུ་བྲལ་དང་། རྟེན་འབྲེལ་སོགས་བདེན་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་ལ་བརྟེན་པའི་རྣམ་པར་དཔྱོད་པ་སྟེ་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱི་སྤྲེའུ་ཧ་ནུ་མནྠའི་ཐབས་མཁས་ཀྱི་འཕྲུལ་ལ་བརྟེན་ནས་རང་བཞིན་མེད་པའི་དོན་ལེགས་པར་བསྒོམས་པས། རྣམ་པར་རྟོག་པའི་ཤེལ་གྱི་རྩིག་ངོར་གྲུབ་མཐའ་སོ་སོས་སྒྲོ་བཏགས་པའི་དངོས་འཛིན་ནམ་བདེན་འཛིན་འབོད་གྲོགས་ཏེ་སྲིན་པོ་ཕྲ་རགས་མང་བོའི་གཟུགས་བརྙན་འཆར་བ་སྟེ་ཤར་བའི་ནང་ནས་སྲིད་པའི་རྩ་བ་ཐུན་མོང་མ་ཡིན་པ་འཇིག་ལྟ་ལྷན་སྐྱེས་ཀྱི་འཛིན་སྟངས་སྲིན་པོ་ལངྐ་མགྲིན་བཅུའི་མགོ་བོ་དེ་ཉིད་ངོས་བཟུང་ནས། མཐའ་གཉིས་དང་བྲལ་བའི་དབུ་མའི་ལྟ་བ་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་རལ་གྲི་ལྟར་རྣོ་བའི་དམ་བཅའ་གསུམ་ལྡན་གྱི་མདས་བཅད་ནས་ཟབ་མོའི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པ་ཁྱོད་ལ་གསོལ་བ་འདེབས་ཞེས་པའོ།།

    དེ་ཡང་ཚིག་སྤྱིའི་རི་དྭགས་སྙེགས་ཞེས་སོགས་ལས་བྱུང་བའི་གཏམ་རྒྱུད་ནི། སྲིན་པོའི་རྒྱལ་བོ་ལངྐ་མགྲིན་བཅུ་དེ་ཉིད་འཆི་བ་ལ་སྐྲག་ནས་མི་འཆི་བའི་དོན་དུ་ལྷ་ཆེན་དབང་ཕྱུག་བསྒྲུབས་པ་དང་། དབང་ཕྱུག་གིས་ཀྱང་སྲིན་རྒྱལ་ལ་མགྲིན་པ་བཅུ་ཡོད་པའི་སྟེང་མ་རྟ་མགོ་མ་བཅད་ཀྱི་བར་དུ་མི་འཆི་བའི་དངོས་གྲུབ་བྱིན་ཡོད་ཅེས་གཡོ་སྒྱུས་བསླུས་པས་སྲིན་པོའི་རྒྱལ་བོ་ཡང་དེ་ཙམ་གྱིས་ཡིད་ཚིམ་ཞིང་དགའ་ནས་ཡོད་པའི་སྐབས་ཤིག་ཏུ་རང་གི་དགའ་མ་ཤིན་ཏུ་མཛེས་སོ་སྙམ་པའི་ང་རྒྱལ་གྱིས་འཁོར་ཚོགས་ལ་འདི་ལས་མཛེས་པ་འཇིག་རྟེན་ན་ཡོད་སྲིད་དམ་ཞེས་དྲིས་པའི་ལན་དུ་སཱི་ཏཱ་མཛེས་པའི་སྙན་པ་ཐོས་པའི་འཁོར་དག་གིས་འདི་སྐད་དུ། 

མི་གང་མང་དུ་མ་ཐོས་པ། །

དེ་དག་ཁྲོན་པའི་ཉ་ཡིན་ཏེ། །

གནག་རྫི་རང་གི་གཡས་ཞར་མར། །

དབང་པོས་འཁྱུད་པར་དོགས་པས་གདུངས།

ཞེས་སཱི་ཏཱ་མཛེས་པའི་སྐོར་ཞུས་པ་ན། སྲིན་རྒྱལ་སཱི་ཏཱའི་མཛེས་པ་ལ་བལྟ་བར་བྱ་བའི་ཕྱིར་རི་དྭགས་ཀྱི་གཟུགས་སུ་སྤྲུལ་ནས་སོང་བར་བཤད་དེ། 

དེ་ཐོས་མགྲིན་བཅུའི་སྙིང་ལ་ནི། །

ཆགས་པའི་དུག་མདའ་དམ་པོས་ཟིན། །

དྲང་སྲོང་གིས་ནི་དམོད་པ་བཞིན། །

རང་ཉིད་དུད་འགྲོའི་གཟུགས་སུ་བྱས། །

དགའ་བ་བྱེད་ཀྱི་སྐྱེད་ཚལ་བཅོམ།

འདམ་པའི་ཚལ་རྣམས་གླང་བོས་བཞིན། །

ཞེས་པ་ལྟ་བུ་སྟེ། སཱི་ཏཱས་རི་དྭགས་དེ་མཐོང་བ་ན་རྒྱལ་བོ་རཱ་མ་ཎ་ལ་སྟོབས་དང་ལྡན་པའི་རི་དྭགས་ངོ་མཚར་བ་འདི་བཟུང་ནས་བདག་ལ་བྱིན་ཅིག་ཅེས་ཚིག་རྩུབ་དང་བཅས་བསྐུལ་བའི་ངོ་མ་བཟློག་པར་སྤྲུལ་བའི་རི་དྭགས་ཀྱི་རྗེས་སྙེགས་པས་རྒྱལ་བོ་ཚད་མེད་པའི་ངལ་དུབ་ལ་སྦྱར་བར་མ་ཟད། སཱི་ཏཱ་རང་ཉིད་ཀྱང་སྲིན་རྒྱལ་གྱིས་ཁྱེར་ནས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཚུལ་སོགས་མང་བོ་བཤད་རྒྱུ་ཡོད་ཀྱང་མང་བས་དོགས་ནས་མ་བཤད་དོ།།

    ཧ་ནུ་མནྠ་ནི། སྤྲེའུའི་རྒྱལ་བོ་མགྲིན་བཟང་གི་བློན་པོ་སྟེ་ལྷ་ཆེན་དབང་ཕྱུག་གི་སྲས་པོ་སུས་ཀྱང་བསྒྲུན་པར་མི་ནུས་པའི་སྟོབས་རྩལ་གྱིས་རབ་ཏུ་ཁེངས་ཤིང་དྲེགས་པ་ཅན་ཞིག་གོ། སུན་ཨུ་ཁུང་ཟེར་བ་འདི་ཡང་ལད་མོ་བྱེད་ས་རཱ་མ་ཎའི་གཏམ་རྒྱུད་ལས་བྱུང་བའི་སྤྲེའུའི་རྒྱལ་བོ་ཧ་ནུ་མནྠ་ཡིན་པར་བཤད་ཚུལ་ཡང་ཡོད་དོ།། དེ་ནི་སུན་ཨུ་ཁུང་ལྟར་མཆོངས་པ་གཅིག་གིས་དཔག་ཚད་འབུམ་ཕྲག་བརྒལ་ཐུབ་པ་ཞིག་སྟེ། 

ཤ་ཟའི་ཡུལ་དུ་བགྲོད་འདོད་པས། །

མཆོངས་པ་ཆེན་པོ་གཅིག་བསྐྱོད་དེ། །

རྩལ་ཆེན་རླུང་ཡབ་འཕུར་ལྡིང་གིས། །

དྲི་བཞོན་བདག་པོའི་གྲོང་ཁྱེར་སླེབས། །

མ་ནི་རླུང་ལྷའི་རིགས་ཡིན་ཏེ། །

རླུང་གི་བདག་པོས་བཟའ་བ་དང་། །

བཅའ་བ་ལྷག་པར་བཅས་པས་མཆོད། །

    ཅེས་མཆོངས་ཆེན་གཅིག་གིས་ཚོད་མ་ཟིན་པར་སྲིན་ཡུལ་བརྒལ་ནས་རླུང་ལྷའི་ཡུལ་དུ་སླེབས་པ་ན། རང་གི་མ་ཞང་རླུང་ལྷས་ཚ་བོ་ཧ་ནུ་མནྠ་ལ་བཟའ་བཅའ་ཕུན་སུམ་ཚོགས་པས་མཆོད་པ་བྱས་སོ།། 

སླར་ཡང་ཕྱི་རྗེས་གོམ་པ་ནི། །

ཆུ་གཏེར་ཕྱི་ཕྱིར་ལོག་པ་བཞིན། །

དོར་ཏེ་མགྲིན་བཅུའི་སྐྱེད་མོས་ཚལ། །

སཱི་ཏཱའི་བཙོན་ཁང་ར་བར་ཕྱིན། །

རཱ་མ་ཎ་ཡི་སོར་གདུབ་ཀྱི། །

རྟགས་ལས་དེ་ཡི་ཕོ་ཉར་ཤེས། །

ཞེས་ཇི་ལྟར་ཆུ་གཏེར་ཆེན་པོ་ཕྱི་ཕྱིར་ལོག་པ་བཞིན་དུ་ཕྱི་རྗེས་སུ་གོམ་པ་གཅིག་དོར་ཏེ་རླུང་ལྷའི་ཡུལ་ནས་ཤ་ཟ་སྲིན་པོ་མགྲིན་བཅུའི་སྐྱེད་ཚལ་དུ་སླེབས་པར་མ་ཟད། སཱི་ཏཱ་བཙོན་དུ་བཅུག་པ་དེར་སོང་སྟེ་རཱ་མ་ཎའི་སོར་གདུབ་བཟུང་ཡོད་པ་ཡིད་ཆེས་ཀྱི་རྟགས་སུ་བསྟན་ནས་ལེན་པར་ཆས་པ་ན། སཱི་ཏཱ་བཙོན་དུ་བཟུང་བའི་འཁོན་སེམས་ཀྱིས་ཧ་ནུ་མནྠ་ལ་སྨྲས་པ། བདག་ནི་འབྲོ་ག་ལ་ནུས། རྒྱལ་བོ་ལ་སྟོབས་ཡོད་པ་བདེན་ན་དཔུང་གི་སྟོབས་ཀྱིས་བཙན་ཐབས་ཀྱིས་ཕྱིར་ཕྲོགས་ཤིག་དང་། ང་ལ་འདི་ལྟར་བརྙས་བཅོས་བྱས་པའི་སྐྱོ་བ་ཡང་སངས་པར་ནུས་སོ་ཞེས་ཞུས་ཤིག་ཅེས་སྐད་བཏང་སྟེ་མ་བྲོས་སོ།། དེ་ནས་ཧ་ནུ་མནྠ་ཕྱིར་འོངས་ཏེ་རྒྱུ་མཚན་རྣམས་རྒྱལ་བོ་ལ་བཤད་པས་མཐར་རྒྱལ་བོས་དམག་དྲངས་ནས་སྲིན་རྒྱལ་བསད། སྲིན་ཡུལ་བཅོམ། སཱི་ཏཱ་ཕྱིར་འཕྲོག་པའི་གཏམ་རྒྱུད་རིང་བོ་ཞིག་ཡོད་ལ། ང་ཆུང་དུས་ཞུང་ཞུང་ཆོས་དབང་གྲགས་པས་མཛད་པའི་རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས་ཞེས་པ་ལ་ཡང་ཡང་བལྟ་མྱོང་ཞིང་། ཤིན་ཏུ་སྙན་པས་ཚིག་རྣམས་ཕལ་ཆེར་བློར་བྱང་། རྗེས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དོན་གཉེར་ཅན་འགས་རེ་བ་ཞུས་པ་དང་། འོན་ཀྱང་སྐབས་དེར་དཔེ་ཆ་ལག་ཏུ་འོང་དཀའ་བས་ཐམས་ཅད་བློ་ཐོག་ནས་ཐོན་ཚོད་ཅིག་ཁྲིད་ཁུལ་ཡང་བྱས་མྱོང་ངོ་།།  

    ཡང་སྔར་མགྲིན་བཅུས་དབང་ཕྱུག་ཇི་ལྟར་བསྒྲུབས་པའི་ཚུལ་དང་། དབང་ཕྱུག་གིས་སྟེང་མ་རྟ་མགོ་མ་བཅད་ཀྱི་བར་དུ་མི་འཆི་བ་དང་། དེ་བཅད་ན་འཆི་བར་འགྱུར་བའི་གནས་ཚུལ་རྣམས་དབང་ཕྱུག་གི་སྲས་པོ་ཧ་ནུ་མནྠ་ལ་ཆ་རྒྱུས་ཡོད་པས་དེའི་གསང་བ་རྣམས་རྒྱལ་བོ་རཱ་མ་ཎ་ལ་བཤད་པ་དང་། རྒྱལ་བོས་ཀྱང་གཏམ་དེ་ཐོས་པས་གླགས་རྙེད་དེ་གཞུའི་རྒྱལ་བོ་དམ་བཅའ་གསུམ་ལྡན་གྱི་མདའ་བོ་ཆེ་སྟེའུ་ཁ་མ་དང་སྤྲད་དེ་མཐེབ་རྩལ་གྱི་ཤུགས་ཕྱུང་བའི་མཐེ་ལོང་གི་སྦྱོར་བ་བྱས་པས་སྲིན་རྒྱལ་གྱི་མགོ་བཅུའི་སྟེང་མ་རྟ་མགོ་བཅད་པའི་དཔེས། མཐའ་བྲལ་དབུ་མའི་ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་བདེན་པ་བཅད་པའི་དོན་མཚོན་པར་བྱས་ནས་བསྟན་པ་ལྟ་བུའོ།། འདི་བདག་ལ་ཅུང་རྒྱུས་ཡོད་པས་བཤད་རྒྱུ་མང་ཡང་སྐབས་དོན་བོར་བར་འགྱུར་བས་རེ་ཞིག་དེ་ཙམ་བྱའོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531217
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།