༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༤ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-05-06ལྟ་ཀློག (2306)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

 ༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 

༼༤༽ སྒྲུང་རྩོམ་དེའི་གོ་དོན་དངོས་ཅི་ཞིག་ཡིན་པའི་ཚུལ་ཅུང་ཟད་བཤད་པ།

  

    སྒྲུང་རྩོམ་འདིའི་ནང་གི་ཐང་སན་བླ་མ་ནི་ལོ་རྒྱུས་དངོས་ཡོད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་པ་ལས། དེར་བཤད་པའི་བླ་མ་དེའི་སློབ་མ་ཆེ་བ་སྤྲེལ་མགོ་ཅན། འབྲིང་བ་ཕག་མགོ་ཅན། ཆུང་བ་ཐོད་པ་ཟླ་བ་དང་། ཆིབས་པ་རྟ་མཆོག་ཀླུ་ཕྲུག་དཀར་བོ་དང་བཅས་པ་བཞི་བོ་ཐམས་ཅད་དངོས་ཡོད་མ་རེད། འོ་ན་དེ་དག་དེར་བཤད་པ་ལ་རྒྱུ་མཚན་ཅི་ཡོད་ཅེ་ན། རེ་རེ་བཞིན་མཚོན་དོན་ཁྱད་པར་བ་ཡོད་དོ།། མཚོན་དོན་ཅི་ཡོད་ཅེ་ན། མཁས་པ་དང་མཁས་པར་རློམ་པ་རྣམས་ལ་བཤད་ཚུལ་མང་བོ་ཡོད་མོད། དེ་དག་རེ་རེ་བཞིན་བདག་ལ་བཤད་འདོད་མེད་ལ་བཤད་ཀྱང་མི་དགོས་སྙམ། འོན་ཀྱང་དེ་དག་ལས་བདག་གིས་བལྟས་ན་རྒྱུ་མཚན་ཡོད་དོ་སྙམ་པ་འགའ་ཞིག་ཆོས་མཐུན་སྐལ་མཉམ་གྱི་གྲོགས་པོ་རྣམས་ལ་གླེང་བར་འདོད་དོ།།



དང་བོ། ཕན་ཚུན་རྟེན་ཅིང་འབྲེལ་བ་ལས་བྱུང་བའི་དགེ་མཚན་བསྟན་པ།     

 

    དེ་ཡང་ཐང་སན་བླ་མ་རང་ཉིད་དང་། འཁོར་སྤྲེལ་མགོ་ཅན་དང་། ཕག་མགོ་ཅན་དང་། ཐོད་པ་ཟླ་བ་དང་། རྟ་མཆོག་ཀླུ་ཕྲུག་དཀར་བོ་དང་བཅས་པ་ཐམས་ཅད་པོ་རིགས་དང་སྐྱེ་གནས་སོ་སོ་བ་ཡིན་ལ། ཁམས་དང་དབང་བོ། མོས་པ་དང་ནུས་པ་སོགས་གཏན་མི་འདྲ་ཞིང་མི་མཐུན་པས་དེ་དག་ལྷན་དུ་འཛོམས་པ་ལ་ཕན་པ་ཅི་ཡང་མེད་སྙམ་པ་ལྟ་བུ་འཆར་མོད། འོན་ཀྱང་གཏན་ནས་མི་འདྲ་ཞིང་མི་མཚུངས་པ་ལྟ་བུར་སྣང་བའི་གང་ཟག་དེ་དག་ལྷན་གཅིག་ཏུ་འཛོམས་པ་ན་བསམ་ཡུལ་ལས་འདས་པའི་བྱ་བ་རླབས་ཆེ་བ་ཞིག་བྱུང་བར་བཤད་པས། རང་ཅག་ཕལ་བའི་མིག་གིས་མངོན་སུམ་དུ་མཐོང་དཀའ་བའི་རྒྱུ་འབྲས་རྟེན་འབྲེལ་གྱི་ངང་ཚུལ་དེ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་དང་། ནུས་པ་མི་འདྲ་ཡང་ཕན་ཚུན་གཅིག་གྲོགས་སུ་གཅིག་སོང་ན་གཅིག་གི་ཆད་པ་གཅིག་གིས་གསབ་ཐུབ་པས་ཚོགས་པ་ཞེས་པ་དེར་ནུས་པ་ངོ་མཚར་བ་ཞིག་ཡོད་པར་ཡང་བསྟན་འདུག་གོ་སྙམ་སྟེ། ཐོག་མར་བྱ་བ་གཙོ་བོ་ཅི་ཞིག་བསྒྲུབ་དགོས་པའི་དམིགས་ཡུལ་དང་ཁ་ཕྱོགས་གང་ཡིན་པ་མ་བསྟན་ན་ནི་སུན་ཨུ་ཁུང་ལ་ནུས་པ་ཇི་ཙམ་ཡོད་ཀྱང་དམིགས་འབེན་དེ་མི་འགྲུབ་པས་དམིགས་ཡུལ་དང་ཁ་ཕྱོགས་གསལ་བར་སྟོན་མཁན་གྱི་ཐང་སན་བླ་མ་ངེས་པར་དགོས་ལ། དམིགས་ཡུལ་དང་ཁ་ཕྱོགས་གསལ་བར་བསྟན་ཀྱང་ནུས་པ་མེད་ན་དམིགས་འབེན་དེ་མི་འགྲུབ་པས་ནུས་པ་ཁྱད་པར་ཅན་གྱི་སུན་ཨུ་ཁུང་དགོས། དམིགས་ཡུལ་དང་ཁ་ཕྱོགས་གང་ཡིན་པ་དེ་གསལ་བར་ངོས་ཟིན་དུ་ཆུག་ཀྱང་ལེ་ལོ་དང་སྒྱིད་ལུག་དང་། འདོད་སྲེད་དང་སྤྱོད་འཆལ་གྱི་དབང་དུ་སོང་ན་བྱ་བ་དེ་འགྲུབ་དཀའ་ལ། སྐྱོན་དེ་ལྟ་བུ་ཡོད་ཀྱང་རྩ་བའི་རང་གཤིས་ངན་པ་ཞིག་མིན་ཞིང་ཤེས་རབ་ཀྱི་རྩལ་དང་བྱམས་སྙིང་རྗེ་སོགས་ཀྱི་གྲོགས་བཟང་བོའི་འཁོར་དུ་སོང་ན་སྐྱོན་ལྟ་བུར་སྣང་བ་དེ་དག་ཀྱང་ཕན་ཚུན་བར་གྱི་འབྲེལ་བ་མཚམས་སྦྱོར་བྱེད་ལྟ་བུའི་རྐྱེན་དུའང་འགྱུར་རྒྱུ་ཡོད་པས་དེ་ལྟ་བུའི་ཆོས་ཉིད་མཚོན་བྱེད་ལ་ཕག་མགོ་ཅན་ཧ་ཅང་འཚམ་པར་སོང་ཡོད། དེ་དག་ཐམས་ཅད་ལྡན་དུ་ཆུག་ཀྱང་བྱ་བ་དང་འགན་འཁྲི་དང་དུ་ལེན་པ་མེད་ན་དམིགས་འབེན་དེ་མི་འགྲུབ་པས། བྱ་བ་དང་དུ་ལེན་པ་དང་འགན་འཁྲི་འཁུར་བ་ལ་ནུས་པ་ཁྱད་པར་ཅན་དགོས་པའི་མཚོན་བྱེད་དུ་སྨྲ་བ་ཉུང་ལ་བསམ་པ་གཅིག་ཐུབ་ཀྱིས་བླ་མའི་རྡོག་ཁྲེས་ཁྱེར་བ་ལ་སྐྱོ་དུབ་མི་མངའ་བའི་ཐོད་པ་ཟླ་བ་དེ་བྱུང་བ་ཡིན། འགན་འཁུར་ཁུར་བའི་བསམ་བློ་རྣལ་མ་ཡོད་དུ་ཆུག་ཀྱང་ཐང་ལྷོད་མི་མངའ་བའི་བརྩོན་འགྲུས་མེད་ན་བྱ་བ་མཐར་མི་འབྱིན་པས་དེ་མཚོན་བྱེད་དུ་རྟ་མཆོག་ཀླུ་ཕྲུག་དཀར་བོ་དེ་བཀོད་སྒྲིག་བྱས་པ་རེད། དེ་ལྟར་དེ་དག་གཅིག་གྲོགས་སུ་གཅིག་སོང་བས་ཆོས་འཚོལ་བའི་ལམ་འཕྲང་དུ་འགལ་རྐྱེན་བར་ཆད་ཅི་དང་གང་ཞིག་ལ་ཐུག་ཀྱང་མ་ཁོག་པར་མཐར་ཐུག་གི་དམིགས་ཡུལ་དེ་ལེགས་པར་འགྲུབ་སོང་བར་བསྟན་ལ། བར་ཆད་མང་བའི་མཚོན་བྱེད་དུ་བར་ཆད་དགུ་དགུ་བརྒྱད་ཅུ་གྱ་གཅིག་བཤད་པའམ། ས་ལམ་བགྲོད་རིམ་བཞིན་བགྲོད་པའི་ཚེ་ན་སྒོམ་སྤང་བརྒྱད་ཅུ་གྱ་གཅིག་ཅེས་པ་ཞིག་སྒོམ་ལམ་གྱི་སྤང་བྱར་སྦྱར་རྒྱུ་ཡོད་པས་དེ་དང་སྦྱར་ནས་བཤད་ཀྱང་ཆོག་གམ་སྙམ་མོད། འོན་ཀྱང་དེ་ལྟར་མཁས་པ་དག་གིས་བཤད་པ་ནི་མ་མཐོང་ངོ་།།

    དེར་མ་ཟད། ད་དུང་དཔེ་ཆ་འདིའི་ནང་ན་རང་ཅག་ལ་ཆེས་གལ་ཆེ་བའི་བསླབ་བྱ་ཧ་ཅང་ཟབ་མོ་ཞིག་ཀྱང་བསྟན་ཡོད་དེ། འབྲས་བུ་གང་དང་གང་ཞིག་འདོད་ཀྱང་དེ་དང་དེའི་རྒྱུ་རྐྱེན་རྣམས་མ་ཚང་བ་མེད་པར་འཚོགས་དགོས་པ་དང་། རྒྱུ་ཚོགས་དང་གྲངས་ཀ་གོ་རིམ་བཞིན་ལེགས་པར་ཚོགས་ན་འབྲས་བུ་དེ་དང་དེ་ཡང་འགོག་མེད་དུ་སྨིན་ཐུབ་པའི་གནས་ལུགས་བསྟན་ཡོད་ལ། མི་ཇི་འདྲའི་འཇོན་ཐང་ཅན་དང་རླབས་ཆེ་བ་ཞིག་ཡིན་ནའང་། གཞན་སུ་དང་གང་ལའང་གཏན་ནས་བརྟེན་མི་དགོས་པར་རང་ཉིད་གཅིག་བུའི་ནུས་པ་འབའ་ཞིག་ལས་རླབས་ཆེན་གྱི་བྱ་གཞག་ཅི་དང་གང་ཡོད་ཐམས་ཅད་འགྲུབ་ཐུབ་པ་ཡིན་ནོ་སྙམ་པའི་ལོག་རྟོག་གི་སྒོ་བཀག་ནས་ཚོགས་པའི་ནུས་པ་དེ་བླ་ན་མེད་པ་ཞིག་ཡིན་པའི་གནས་ལུགས་ཀྱང་དཔེའི་སྒོ་ནས་བསྟན་ཡོད་པས། བལྟ་ཤེས་ན་སྒོ་སྣ་ཚོགས་ནས་བལྟ་རྒྱུ་ཧ་ཅང་ཡོད་དོ།།    

    མི་ལ་ལ་ཞིག་གིས་བྱ་གཞག་རླབས་ཆེན་ཞིག་འགྲུབ་པ་ན། འདི་ནི་ང་རང་ཉིད་གཅིག་པུའི་འཇོན་ཐང་ལ་བརྟེན་ནས་འགྲུབ་པ་ཁོ་ན་ཡིན་གྱི། གཞན་སུ་ལའང་མ་བརྟེན་ཞེས་རྒྱུ་འབྲས་རྟེན་འབྲེལ་གྱི་ཆོས་ཉིད་དང་འགལ་བའི་གཏམ་གྱིས་རང་གི་བྱས་རྗེས་སྒྲོག་པ་ནི་དོན་ལ་རང་ཉིད་མི་རླབས་ཆེན་མ་ཡིན་པར་བསྟན་པར་སོང་བ་རེད། བོད་ཀྱི་ཁ་དཔེ་ལ། མཛུབ་མོ་ཁེར་སྐྱེས་ཀྱིས་གནམ་མི་ཐེག་ཅེས་པ་དང་། རྒྱའི་གཏམ་དཔེ་ལའང་། སྐུད་པ་ཁེར་རྐྱང་ལྷས་མི་ཐུབ།། སྡོང་བོ་ཁེར་སྐྱེས་ནགས་མི་ཉན།། (单丝不成线,独木不成林ཞེས་པ་དང་། མི་ཡི་བསམ་པ་གཅིག་མཐུན་ན།། ཐེ་ཧྲན་རི་བོའང་སྤོ་བར་ནུས།། (人心齐,泰山移)ཞེས་པ་སོགས་རྒྱུན་རིང་འཚོ་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ལྟར་དོན་ལ་གནས་པར་མ་ཤེས་པས་སོ།།  

    མི་ཇི་འདྲའི་འཇོན་ནུས་ཅན་ཞིག་ཡིན་ཡང་གཞན་སུ་དང་གང་ལའང་གཏན་ནས་བརྟེན་མི་དགོས་རང་ཉིད་གཅིག་པུས་བྱ་བ་རླབས་ཆེན་ཞིག་འགྲུབ་འགྲོ་བ་དཔེ་མི་སྲིད་ཅིང་། མང་བོའི་ནུས་པ་གཅིག་ལ་གཅིག་བསྡོངས་ན་བདེ་བླག་ཏུ་འགྲུབ་པའི་གནས་ལུགས་ཀྱང་འདིའི་ནང་ན་བཤད་ཀྱིན་ཡོད་པ་སྔར་གཏན་མ་གོ་བ་ད་གཟོད་གོ་སོང་བས་སྔོན་ལ་བལྟས་ན་ཅུང་ཟད་ཅིག་བལྟ་ཤེས་སོང་སྙམ་མོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xun2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527342
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།