༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༣ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-05-06ལྟ་ཀློག (2406)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


༼༣༽རང་གི་བློ་ཁ་ཅུང་ཟད་རྒྱས་སུ་སོང་དུས་བརྩམས་སྒྲུང་དུ་བཀོད་པའི་ཐང་སན་བླ་མ་ལ་ལྟ་ཚུལ།

    གོང་དུ་བཤད་པ་དེ་ལྟར་ཆུང་བྱིས་པའི་དུས་སུ་ནུབ་ཕྱོགས་མྱུལ་བའི་སྒྲུང་ལས་ཆེས་ལྟ་འདོད་པ་དང་ཆེས་ལྟད་མོ་ཡོད་པ་ནི་ཐང་སན་བླ་མས་བསྟན་འགྲོའི་དོན་དུ་མཛད་པ་ཅི་མཛད་ཀྱི་རྣམ་ཐར་དེ་མ་ཡིན་པར་སྤྲེལ་མགོ་ཅན་ནམ་སུན་ཨུ་ཁུང་གི་སྤྲུལ་བསྒྱུར་ཇི་ལྟར་བྱས་པ་དང་འདྲེ་གདོན་དང་ཇི་ལྟར་འཐབ་ཚུལ་དེ་ཉིད་ཡིན་མོད། འོན་ཀྱང་རྗེས་སུ་རིམ་གྱིས་རང་ཉིད་ལོ་ཚོད་དང་བློ་ཁ་གཉིས་ཆ་ནས་ཅུང་ཟད་ཇེ་ཆེར་སོང་བ་ན། སྔར་སེམས་ཀྱིས་གཙོ་བོར་མ་མཐོང་བའི་ཆེས་གཙོ་བོར་གྱུར་བ་སྟེ་ཐང་སན་བླ་མའི་མི་གཤིས་ཁྱད་པར་བ་དང་མཛད་རྗེས་ངོ་མཚར་བའི་ཆ་ཤས་ཡང་ཤས་ཤིག་ཀྱང་ཅུང་ཟད་ཅུང་ཟད་རེ་གསལ་ལ་མ་གསལ་བར་མཐོང་ཡོང་གིན་འདུག་སྟེ། དེ་ཡང་དཔེ་མཚོན་གསུམ་གྱིས་བཤད་ན།    

    དང་བོ། ཐང་སན་བླ་མ་ནི་འཇིགས་མེད་ཀྱི་སྙིང་སྟོབས་ཅན་དང་ལྷོད་མེད་ཀྱི་བརྩོན་འགྲུས་ཅན་ཞིག་སྟེ། ལེ་བར་འབུམ་ཕྲག་གཅིག་དང་སྟོང་ཕྲག་བརྒྱད་ལྷག་གི་ནུབ་བསྐྱོད་ཀྱི་ལམ་འཕྲང་རིང་མོ་དེ་རུ། ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ། དགྲ་ཇག་ཆོམ་རྐུན་གྱི་འཇིགས་པ། སྟག་གཟིག་དོམ་དྲེད་ཀྱི་གནོད་འཚེ། མི་དང་མི་མིན་གྱི་བར་ཆད་སོགས་ཅི་དང་གང་ལ་ཐུག་ཀྱང་ཐོག་མའི་དམ་བཅའ་དེ་མ་འགྲུབ་བར་དུ་གོམ་པ་གང་གིས་ཀྱང་ཕྱིར་ནུར་མི་བྱེད་པར་མདུན་ནས་མདུན་དུ་བསྐྱོད་པས། ཆེས་འགྲུབ་དཀའ་བའི་དམ་བཅའི་དོན་དེ་ཇི་ལྟ་བ་བཞིན་གྲུབ་སྟེ་འཕགས་ཡུལ་དུ་སླེབས་པར་མ་ཟད། དེར་སློབ་གཉེར་ལེགས་པར་འཁྱོངས། ཡང་དག་པའི་ཆོས་ཀྱང་ལེགས་པར་རྙེད་དེ་ཕྱིར་རང་ཡུལ་དུ་ཕེབས། ཕེབས་ནས་ཀྱང་སྐལ་ལྡན་གྱི་གདུལ་བྱ་གྲངས་མེད་པ་སྨིན་ཅིང་གྲོལ་བར་མཛད་པས། ལོ་ཆུང་བྱིས་པའི་དུས་སུ་ཐང་སན་བླ་མ་ནི་ལེགས་ཉེས་བླང་དོར་མི་ཤེས་པའི་བླ་རྒན་སྐོར་ལོག་ཅིག་རེད་སྙམ་ཡོད་པ་དེ་ལྟ་བུ་གཏན་མ་ཡིན་པར་ཆོས་དང་རིག་གཞུང་ལ་ཤིན་ཏུ་མཁས་ཤིང་། བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ཐུགས་ལ་བསྣམས་པའི་སྐྱེས་བུ་དམ་པ་ངོ་མཚར་བ་ཞིག་གོ་སྙམ་པ་འཆར་བས། དེ་ནི་དཔེ་ཆ་དེའི་དོན་ཅུང་ཟད་གོ་བའི་རྟགས་སུ་སྣང་ངོ་།།      

    གཉིས་པ། ཐང་སན་བླ་མ་ནི་མི་གཤིས་ཤིན་ཏུ་བཟང་བོ་ཞིག་སྟེ། སྙིང་རྗེ་ཆེན་པོ་ཅན་ཞིག་རེད། ནུབ་ཕྱོགས་མྱུལ་བའི་སྒྲུང་གི་འགོ་མཇུག་བར་གསུམ་གང་ནས་བལྟས་ཀྱང་ཁོང་ནི་རྒྱལ་ཁ་གཞན་ལ་བྱིན་ནས་གྱོང་ཁ་རང་གིས་ལེན་མཁན་ཞིག་ཡིན་པ་བྲིས་འདུག་པ་ལྟར་རེད། དཔེར་ན་རུས་དཀར་འདྲེ་མོའི་ལེའུ་དང་། བྱིས་པ་དམར་པོའི་ལེའུ་སོགས་གང་ལ་བལྟས་ཀྱང་འདྲེ་གདོན་དག་གིས་ཐང་སན་བླ་མ་ལ་ཚུར་གླགས་རྙེད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོང་ཉིད་གཞན་ལ་ཕན་སེམས་ལས་གནོད་སེམས་ཆུང་བ་དེ་ཉིད་ཀྱིས་བྱས་པ་ལྟ་བུར་མཐོང་སྟེ། ཚུར་གླགས་འཚོལ་བའི་འདྲེ་གདོན་དག་གིས་རང་ཉིད་ཉམ་ཐག་པ་ལྟར་བྱས་ཤིང་བསླུས་ནས་ཉེན་ཁ་ལ་ཐུག་ཏུ་བཅུག་པ་འབའ་ཞིག་ཡིན་པར་མཐོང་བས་སོ།། རང་ཅག་ཕལ་མོ་ཆེ་ནི་རང་གི་ཁེ་ཕན་ཆུང་ངུ་ཞིག་གི་དོན་དུ་གཞན་ལ་གནོད་འཚེ་ཅི་ཞིག་བྱེད་དགོས་ཀྱང་བྱེད་ཕོད་ལ། གཞན་གྱི་དོན་དུ་རང་གི་ཁེ་ཕན་ཅུང་ཟད་ཀྱང་གཏོང་མི་བཟོད་ཅིང་། གལ་ཏེ་ཚུར་གནོད་ཆུང་ངུ་ཞིག་ལས་མ་བྱས་ཀྱང་སེམས་ལ་མཚེར་མས་བསྣུན་པ་ལྟར་མི་བརྗེད་པར་གནོད་ལན་ཇི་ལྟར་སློག་ཚུལ་འབའ་ཞིག་ལ་བསམ་བློ་གཏོང་བས་ད་བར་དུ་གནོད་པ་ལས་མ་གྲོལ་བ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རང་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ལ་བསླབ་པས་གནོད་པ་ཀུན་ལས་གྲོལ་བ་ལ་བསམས་ན། ཐང་སན་བླ་མའི་སྤྱོད་པ་དེ་ལེགས་སམ། རང་ཅག་གི་སྤྱོད་པ་འདི་ལེགས་པ་གསལ་བར་ཤེས་པས། སྒྲུང་གི་ཚུལ་ལ་བརྟེན་ནས་བསླབ་བྱ་ཅི་ཞིག་བྱེད་ཀྱིན་ཡོད་པའང་ཅུང་ཟད་ཤེས་པར་གྱུར་ཏོ།།     

    གསུམ་པ། ཐང་སན་བླ་མ་ནི་སྐྱབས་གནས་དཀོན་མཆོག་གསུམ་ལ་མི་བཟློག་པའི་དད་པ་ཅན་གྱི་ནང་བ་བ་རྣལ་མ་ཞིག་དང་། རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་མིག་འབྲས་བཞིན་བསྲུང་ཅི་ཐུབ་ལ་བརྩོན་པའི་རབ་བྱུང་བ་ལྷད་མེད་ཅིག་སྟེ། མི་དང་མི་མིན། མཐོན་པོ་བཙན་པོ་སུ་ཞིག་ལ་ཐུག་ཀྱང་། རང་གི་སྐྱབས་འགྲོ་དང་འགལ་བའམ། སྡོམ་དམ་ཚིག་དང་འགལ་བའི་ལས་བྱེད་དུ་བཅུག་ན། རང་སྲོག་དམར་པོ་འབེན་དུ་འཇོག་པ་ལས་དེ་དག་དང་མཐུན་འགྱུར་མི་བྱེད་པ་ཞིག་ཡིན་པས། དེ་ནི་བདེ་དུས་ཁ་ཕོད་སྒྲོག་མཁན་མང་རུང་རང་སྟེང་དུ་བབས་དུས་སྒྲུབ་སླ་བ་ཞིག་གཏན་ནས་མ་རེད། དེས་ན་ཐང་སན་བླ་མ་ནི་བཟང་ངོ་ངན་ངོ་མི་ཤེས་པ་ཞིག་གོ། ནུས་པ་མེད་པ་ཞིག་གོ། ཨུ་ཚུགས་ཆེ་ཞིང་མཁྲེགས་འཛིན་བརྟན་པའི་སྐོར་ལོག་ཅིག་གོ་ཞེས་བྱིས་དུས་ལྟར་སྐུར་བ་འདེབས་རྐྱང་བྱེད་མི་ཕོད་ས་ཞིག་ཏུ་གྱུར་ཏོ།།

    དེས་ན་བྱིས་དུས་སུ་བལྟས་པའི་ཐང་སན་བླ་མའི་རྣམ་ཐར་དེ་དང་ཕྱིས་བློ་ཁ་ཅུང་ཟད་རྒྱས་དུས་སུ་བལྟས་པའི་ཁོང་གི་རྣམ་ཐར་དེ་གཉིས་ལ་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་འགྱུར་བ་མེད་མོད། ལྟ་ཚུལ་དང་གོ་ཚུལ་མི་འདྲ་བར་བྱུང་བ་ནི་རང་གིས་དཔེ་ཆ་དེ་ལ་ལྟ་ཤེས་མི་ཤེས་ཀྱི་ཁྱད་པར་ལས་བྱུང་བ་རེད། དེའི་ཕྱིར་ངས་གླེང་བསླངས་པའི་ནང་དུ་དཔེ་ཆ་ལ་ལྟ་དགོས་པར་མ་ཟད། དཔེ་ཆ་བཟང་བོ་ལ་བལྟ་དགོས། དེར་མ་ཟད་བལྟ་ཤེས་དགོས་ཞེས་བཤད་པའི་དོན་ཡང་གོ་དགོས་པ་ཡིན་ནོ།།  

    ནུབ་ཕྱོགས་མྱུལ་བའི་སྒྲུང་འདི་རྩོམ་པ་བོ་ཝུ་ཁྲིན་ཨུན་གྱིས་ནུབ་ཕྱོགས་མྱུལ་བའི་ཟིན་ཐོ《西游记》་ཞེས་པའི་ཀླད་ཀྱི་གཏམ་དུ། གལ་ཏེ་གནམ་སའི་འགྱུར་ལྡོག་གི་ཆོས་ཉིད་ཤེས་འདོད་པ་དང་། དངོས་པོ་ཀུན་སྐྱེ་ཞིང་འཕེལ་བའི་གསང་གནད་ཤེས་འདོད་ན། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་ལ་ལྟོས་(开篇写到欲知造化会元功,须看西游释厄传。ཞེས་བཤད་ཡོད་པ་ལྟར། སྒྲུང་རྩོམ་འདིའི་ནང་དུ་མི་ཚེའི་དར་རྒུད་དང་བདེ་སྡུག་གི་འབྱུང་རྐྱེན་དང་སྙིང་སྟོབས་དང་ལྷག་བསམ་གྱི་ནུས་མཐུ་སོགས་ཆོས་དང་འཇིག་རྟེན་གྱི་གནས་ལུགས་མང་བོ་ཞིག་བཤད་ཡོད་ཅེས་པ་རེད། འོན་ཀྱང་གོ་ན་རྣ་བའི་བདུད་རྩི་ལ།། མ་གོ་གླུ་ལ་འབྲེལ་བ་མེད།། ཅེས་པ་ལྟར། ནུབ་ཕྱོགས་མྱུལ་བའི་སྒྲུང་འདི་ལ་ལྟ་མཁན་ཧ་ཅང་མང་རུང་། བལྟ་ཤེས་མཁན་དང་བལྟས་ནས་གོ་མཁན་དང་། དེའི་ནང་དུ་རང་ལ་ཕན་པའི་བསླབ་བྱ་ཅི་ཡོད་སོགས་ཤེས་མཁན་ནི་ཕལ་ཆེར་ཉིན་མོའི་སྐར་མ་ལྟར་སོང་བར་མཐོང་ངོ་།། 

    གནའ་དེང་གི་རིག་གཞུང་དང་ཆོས་དང་འཇིག་རྟེན་གྱི་རིག་གཞུང་ལ་ཤིན་ཏུ་མཁས་པའི་རྒྱ་མི་རྒན་པ་འགའ་ཞིག་གིས། ནམ་ཞིག་ཁྱོད་ཀྱིས་ནུབ་ཕྱོགས་མྱུལ་བའི་ཟིན་ཐོའི་དོན་དངོས་ཀྱི་བརྗོད་བྱ་དེ་རྨང་ནས་གོ་བར་གྱུར་བ་དེའི་ཚེ་ན། ཁྱོད་ཀྱིས་འཇིག་རྟེན་གྱི་བདེ་སྡུག་མཐའ་དག་གི་གནས་ལུགས་ཀྱང་ཤེས་པར་གྱུར་བའམ། མི་ཚེའི་གནས་ལུགས་ངོ་མ་དེ་ཇི་ལྟར་ཡིན་པའང་གཞི་ནས་རྟོགས་པ་ཡིན་ནོ།། འོན་ཀྱང་བྱིས་པ་དག་གིས་ནི་ནུབ་ཕྱོགས་མྱུལ་བའི་ཟིན་ཐོའི་དོན་དངོས་དེ་གང་ཡིན་པ་གཏན་ནས་ཤེས་ཀྱིན་མི་འདུག་གོ་ཞེས་བཤད་པ་ཐོས་ལ་ཚིག་དེ་ནི་བདེན་པར་འདོད་དོ།། ངས་བལྟས་ན་ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་ཞེས་པ་འདི་རྒྱའི་གནའ་རྩོམ་གྲགས་ཅན་བཞིའི་གཙོ་བོར་བཞག་པ་དང་། དེར་མ་ཟད་འཇིག་རྟེན་དུ་ཆེས་རླབས་ཆེ་བའི་ལེགས་འགྲུབ་ཀྱི་རིག་པ་ཞིག་གོ་ཞེས་མཁས་པའི་ཁྲོད་ན་རླུང་ལྟར་གྲགས་པ་ནི། དེར་བྱིས་པ་ངོ་མཚར་སྐྱེད་པའི་འདྲེ་གདོན་དང་འཐབ་ཚུལ་གྱི་ལྟད་མོ་མང་བོ་ཡོད་པས་བཞག་པ་ག་ལ་ཡིན། འོ་ན་ཅི་ཡིན་ཞེ་ན། སྒྲུང་རྩོམ་དེའི་ངོ་གདོང་ནས་བལྟས་ན་ཐང་སན་བླ་མའི་དགེ་ཕྲུག་ཆེ་བ་སྤྲེལ་མགོ་ཅན་འདྲེ་གདོན་མང་བོ་དང་འཐབ་པའི་གཏམ་རྒྱུད་དེ་བརྗོད་བྱ་གཙོ་གྲས་ཤིག་ཏུ་བྱས་པ་ལྟ་བུར་སྣང་ཡང་། དོན་དངོས་སུ་ཆོས་སྒྲུབ་པ་བོ་ཞིག་ལ་མཚོན་ན། བར་ཆད་ཀྱི་གཙོ་བོ་ནི་ཕྱིའི་མི་དང་མི་མིན་གྱི་དགྲ་དེ་མ་ཡིན་པར་ནང་གི་ཉོན་མོངས་པའི་དགྲའམ་བདུད་དེ་ཉིད་ཡིན། དེ་ཡང་རང་གི་སེམས་ཀྱིས་བསྐྱེད་པ་དང་། སེམས་ཉོན་མོངས་པས་བསླུས་པ་དང་། ཉོན་མོངས་པ་བདག་འཛིན་གྱི་མ་རིག་པའི་དབང་དུ་སོང་བ་ཡིན་པས། དགྲ་ལས་རྒྱལ་དགོས་ན་སེམས་ལ་ཞུགས་པའི་བདུད་དེ་ཇི་ལྟར་འདུལ་བའི་ཚུལ་ལམ་རང་སེམས་ཇི་ལྟར་སྦྱོང་ཚུལ་ལས་གལ་ཆེ་བ་ཞིག་མེད་པས་དེའི་གནས་ལུགས་མང་བོ་ཞིག་སྒྲུང་རྩོམ་དེར་དཔེའི་སྒོ་ནས་བཤད་པ་ཡིན། དེ་ལྟར་བདེ་སྡུག་ཇི་ལྟར་འབྱུང་ཚུལ་དང་། དེ་ཇི་ལྟར་སེལ་ཚུལ་བཤད་པ་ལྟར་ལག་ལེན་དུ་བཏབ་ནས་ཉམས་སུ་བླངས་ན་རང་གིས་གང་འདོད་པའི་མཐར་ཐུག་གི་དོན་དེ་ཡང་ལེགས་པར་འགྲུབ་པར་བྱེད་པས་ན། གཞུང་འདི་རིགས་ལ་ལེགས་འགྲུབ་ཀྱི་རིག་པ་ཞེས་ཟེར་རོ།།     

    དེ་ཡང་ཝུ་ཁྲིན་ཨུན་གྱིས་ནུབ་ཕྱོགས་སུ་ཆོས་འཚོལ་དུ་སོང་བའི་ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་ལ་བརྟེན་ནས་མི་ཞིག་གིས་རང་རང་གི་མི་ཚེའི་ལམ་འཕྲང་དེ་ནས་ཇི་ལྟར་བར་མ་ཆད་པར་རང་སེམས་འདུལ་བའི་ཚུལ་དང་། རང་ཉིད་ཇི་ལྟར་ཉོན་མོངས་པའི་བདུད་ལས་རྒྱལ་བར་བྱེད་པའི་ཚུལ་དང་། མཐར་རང་གིས་གང་ལ་དམིགས་པའི་འདོད་དོན་དེ་ཇི་ལྟར་འགྲུབ་པར་བྱེད་པའི་ཚུལ་ལམ་དལ་འབྱོར་གྱི་སྙིང་བོ་མཐར་ཐུག་པ་དེ་ཇི་ལྟར་ལེན་པའི་ཚུལ་དཔེ་ལ་བརྟེན་ནས་བཤད་པ་ཡིན་པས་རྩོམ་པ་བོ་ལའང་སེམས་གཏིང་ནས་བསྟོད་བསྔགས་བྱེད་པ་དབང་མེད་དུ་འབྱུང་ངོ་།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503527
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།