༢ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »༢ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
༢ ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པའི་མྱོང་ཚོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2022-05-06ལྟ་ཀློག (2308)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅།། ནུབ་ཕྱོགས་མྱུལ་བའི་ཟིན་ཐོ་བཀླགས་པ་ལས་བྱུང་བའི་མྱོང་ཚོར་པད་དཀར་འཕྲེང་མཛེས།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།


༼༢༽བྱིས་དུས་སུ་ནུབ་ཕྱོགས་མྱུལ་བའི་སྒྲུང་གཏམ་དུ་བཀོད་པའི་ཐང་སན་བླ་མ་ལ་ལྟ་ཚུལ།

    ང་ལོ་ཆུང་བྱིས་པའི་དུས་སུ་ཆེས་ལྟ་འདོད་པ་དང་ཡིད་དབང་འགུག་པའི་ནུས་པ་ཅན་ནི་སྒྲུང་གཏམ་དུ་བཀོད་པའི་འཐབ་རེས་འཛིང་རེས་བྱེད་པའི་ཆའམ། དེར་བཀོད་པའི་ལྷ་འདྲེ་གདོན་བགེགས་དག་གིས་ཧ་ལས་པའི་རྫུ་འཕྲུལ་ངོམ་པའི་ཆ་དེ་དག་ཡིན། དེ་ལས་གཞན་སྒྲུང་དེས་དངོས་སུ་དེ་འདྲ་ཞིག་བཤད་ནས་དེའི་ཤུགས་ལ་དོན་དག་གལ་ཆེན་ཅི་ཞིག་སྟོན་གྱིན་ཡོད་པ་སོགས་ལ་གཏན་ནས་བསམ་བློ་གཏོང་མི་ཤེས་ཤིང་ཕལ་ཆེར་བཏང་ཡང་མ་མྱོང་བ་འདྲ། འོན་ཀྱང་ལྟ་བཞིན་ལྟ་བཞིན་རང་ཉིད་སྒྲུང་དེའི་ནང་དུ་འཛུལ་འགྲོ་བའི་སྣང་བ་འདྲ་བ་ཞིག་ལོ་ན་ཆེར་སོན་པའི་ཚེ་ཕལ་ཆེར་མི་འོངས་སྙམ་པ་འཆར་དུ་འཇུག་ཐུབ་པ་ནི་སྒྲུང་རྩོམ་དེ་རྩོམ་པ་བོའི་རྩོམ་རྩལ་རེད་སྙམ། དཔེར་ན་ཆུང་དུས་སྒྲུང་གཏམ་ལ་ལྟ་བཞིན་རང་ཉིད་ཀྱིས་ཀྱང་མ་ཤེས་མ་ཚོར་བར་ངང་ངམ་ཤུགས་ཀྱིས་རང་ཉིད་སྒྲུང་གཏམ་དུ་བཀོད་པའི་མི་སྣ་གཙོ་བོ་དེར་འགྱུར་འགྲོ་བའམ་དེའི་ཕྱོགས་སུ་གྱུར་འགྲོ་སྟེ། མཚམས་ལན་རེར་སྣང་ངོ་ལ་རང་ཉིད་སུན་ཝུ་ཁུང་དུ་གྱུར་ཏེ་སྤྲེའུའི་ཚོགས་ཀྱི་རྒྱལ་བོ་བྱེད་པ། དགེ་རྒན་བསྟེན་ནས་རྫུ་འཕྲུལ་སློབ་པ། ཀླུ་རྒྱལ་གྱི་ཕོ་བྲང་དཀྲུགས་པ། གཤིན་རྗེའི་ལྕགས་མཁར་དུ་འཛུལ་བ། ལྷ་ཡི་ཕོ་བྲང་དཀྲུགས་པ། ནུབ་ཕྱོགས་ལ་ཆོས་འཚོལ་དུ་འགྲོ་བའམ་དེའི་ཕྱོགས་བྱེད་པ་སོགས་དེ་ཐམས་ཅད་རང་དང་དམ་དུ་འབྲེལ་ནས་ཡོད་པས། དེ་སྐྱིད་ན་རང་ཉིད་སྐྱིད། དེ་སྡུག་ན་རང་ཉིད་སྡུག དེ་ཕམ་ན་རང་ཉིད་ཕམ། དེ་རྒྱལ་ན་རང་ཉིད་རྒྱལ་བའི་སྣང་བ་ཞིག་སྐྱེ་བར་འགྱུར་བས་ན། སྒྲུང་ལ་ལྟ་བཞིན་རང་ཉིད་ཀྱིས་ཀྱང་དེར་བཀོད་པའི་མངར་སྐྱུར་ཁ་བའི་བྲོ་བ་མྱོང་བ་ལྟ་བུར་འོང་ངོ་།།   

    ཆུང་དུས་དེར་བལྟས་ན་སྒྲུང་ཞིག་ལ་ལྟ་བཞིན་པའི་སྣང་བ་དེ་ཙམ་མི་སྐྱེ་བར། ཤིན་ཏུ་ཡ་ང་ཞིང་བགྲོད་དཀའ་བའི་ལམ་འཕྲང་དུ་འཇིགས་སུ་རུང་བའི་འདྲེ་གདོན་སྣ་ཚོགས་དང་འཕྲད་པ། ཐབས་དང་རྫུ་འཕྲུལ་གྱིས་འདྲེ་གདོན་འདུལ་བཞིན་འདུལ་བཞིན་སོང་བ། མཐར་རྒྱལ་ཁའི་ངང་དམིགས་ཡུལ་གང་ཡིན་པ་དེ་ལེགས་པར་འགྲུབ་པ་སོགས་ཀྱི་སྒྲུང་དེ་རང་ཉིད་ཀྱི་འཚོ་བ་དང་འདྲེས་ནས་ཡོད་པ་ལྟ་བུར་འབྱུང་ངོ་།། ཡང་སྐབས་ལ་ལར་སྒྲུང་དེ་ལ་སྒྲུང་དུ་མི་གོ་བར་དངོས་ཡོད་ཀྱི་འཚོ་བའི་སྣང་བ་འབྱུང་གིན་འདུག སྒྲུང་དུ་མཐོང་བའི་ཐང་སན་བླ་མ་དེ་གང་ཟག་རང་ག་བ་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ཅན་ཞིག་ཡིན་ལ། བདེན་བརྫུན་གྱི་དབྱེ་བ་མི་ཤེས་ཤིང་གཞན་ལས་ལྷག་པའི་ནུས་པ་ཅི་ཡང་མེད་པ། མི་མཐུན་ཕྱོགས་གནོན་པའི་རྫུ་འཕྲུལ་གང་ཡང་མེད་ལ། ཐ་ན་ཚུར་ལ་རྒོལ་བའི་དགྲ་དཔུང་འཇོམས་པའི་དྲག་རྩལ་ཡང་མེད་པ། ནམ་ཡིན་ཡང་འདྲེ་གདོན་རྣམས་ཀྱི་གཡོ་འོག་ཏུ་ཚུད་འགྲོ་ཞིང་དེ་དག་ལ་ཡ་ལན་སྤྲོད་མི་ནུས་པ། རང་གི་འཁོར་ནུས་པ་ཅན་ལ་ནམ་ཡིན་ཡང་མ་ཉེས་ཉེས་འདོགས་བྱེད་མཁན་གྱི་བླ་རྒན་སྐོར་ལོག་ཨུ་ཚུགས་ཅན་ཞིག་རེད།   

    སྒྲུང་གཏམ་དེའི་ནང་དུ་ཐང་སན་བླ་མ་ནི་སྔར་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་དུས་སུ་ཁོང་ལ་ཆོས་ཉན་པའི་སློབ་མ་ཞིག་ཡིན་ལ། རྟོགས་དཀའ་བ་ཟབ་མོའི་དོན་བློས་མ་ལྕིགས་པས་བསྐུར་བ་བཏབ་པ་དང་། ཕྱིས་སུ་གོ་བས་འགྱོད་ཅིང་འཆགས་པས་ཤར་ཕྱོགས་ཙི་ནའི་ཡུལ་དུ་སྐྱེ་བར་འགྱུར་ཞིང་། དཀའ་སྤྱད་བསམ་གྱིས་མི་ཁྱབ་པའི་སྒོ་ནས་ཡུལ་དེར་ཐེག་པ་ཆེན་པོའི་ཆོས་སྤེལ་བར་འགྱུར་བའི་སྐྱེས་བུ་ཞིག་ཏུ་སངས་རྒྱས་ཀྱིས་ལུང་བསྟན་པ་ལྟར་འཁྲུངས་པར་བཤད། འཁྲུངས་ནས་ཀྱང་དམ་པའི་ཆོས་ལ་རྩེ་གཅིག་ཏུ་བརྩོན་པར་མཛད་པས་མཁས་པར་གྱུར་བ་དང་མ་ཧཱ་ཙི་ནའི་བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་མངའ་བ་ཞིག་ཡིན་པར་བཤད་དོ།།

    ཁོང་ཤ་ཁྲག་གདོས་བཅས་ལས་གྲུབ་པའི་སོ་སོ་སྐྱེ་བོ་ཞིག་ཡིན་ན་ཡང་དམ་པའི་ཆོས་ཀྱི་དོན་ཇི་ལྟ་བ་ཞིན་འཚོལ་བའི་ཆེད་དུ་ནུབ་ཕྱོགས་འཕགས་པའི་ཡུལ་དུ་ཕེབས་པའི་ཐུགས་དམ་བརྟན་པོར་མཛད་ཅིང་། ཇི་ལྟར་མཛད་པ་བཞིན་ནུབ་བསྐྱོད་ཀྱི་ལམ་ལ་ཆས་སོ།། ལམ་བར་ནས་རུས་དཀར་འདྲེ་མོ་དང་སྡོམ་གྱི་འདྲེ་མོ་དང་། བདུད་རྒྱལ་ཡན་པ་སོགས་འཇིགས་སུ་རུང་བ་མང་བོ་དང་འཕྲད་ཀྱང་ཐོག་མའི་དམ་བཅའ་དེ་འདོར་བའི་ཐུགས་དགོངས་ཙམ་ཡང་མ་འཁྲུངས་པ་མཐོང་བས་ཁོང་ནི་སྤྱིར་བཏང་གི་སྐྱེ་བོ་ཞིག་དང་གཏན་མི་འདྲ་ཞིང་དད་པ་སྐྱེས་པའི་ཡུལ་དུ་གྱུར། ཁོང་གིས་ཅིའི་ཕྱིར་སྔར་གྱི་དམ་བཅའ་དེ་མ་དོར་བ་ཡིན། ཁོང་འཇིགས་སུ་རུང་བའི་གདོན་འདྲེ་དེ་དག་ལ་སྐྲག་མི་དགོས་པའི་མཐུ་དང་རྩལ་གྱི་གདེང་ཚོད་ཡོད་པས་ཡིན་ནམ་ཞེ་ན། མིན་པ་ནི་གོང་དུ་བཤད་ཟིན་པ་ལྟར་ཏེ། དེ་དག་དང་འཕྲད་ཚེ་ཁོང་ཡང་འཇིགས་སྣང་སྐྱེས་པར་བཤད་པས་སོ།། དེ་ལྟར་འཇིགས་ཀྱང་ཆོས་འཚོལ་བའི་ཐུགས་འདུན་ཅུང་ཟད་ཀྱང་མ་ལྷོད་ཅིང་། གཅེས་སྲོག་འཆོར་བའི་ཉེན་ཁ་ལ་ཐུག་ཀྱང་གོམ་པ་གང་གིས་ཕྱིར་ནུད་མ་མཛད་པ་དེས་བདག་ལྷག་པར་ཡང་ཁོང་ལ་ཡིད་སྨོན་འཆོར་དུ་བཅུག་གོ།  

    དེ་ལས་ཀྱང་ངོ་མཚར་བ་ནི། ཐང་སན་བླ་མ་བུད་མེད་རྒྱལ་ཁབ་བརྒྱུད་ནས་ཕེབས་དུས་དེའི་རྒྱལ་མོའི་ལྷད་མ་འདྲེས་པའི་བརྩེ་དུང་གིས་ཀྱང་དམ་བཅའ་མ་དོར་བ་དེ་ཉིད་ཡིན་ནོ།། རྒྱལ་མོ་དེ་ནི་རང་དང་རིགས་མི་མཐུན་པའི་འདྲེ་གདོན་སོགས་མ་ཡིན་པར་རིགས་མཐུན་པའི་མི་ཡིན་པར་མ་ཟད། སྲིད་ན་རྙེད་པར་དཀའ་བའི་མཛེས་ཤིང་ལྟ་ན་སྡུག་པའི་བུད་མེད་དར་མ་ཞིག་ཡིན་ཞིང་། ཐང་སན་བླ་མ་ལ་དགའ་ཞིང་དུང་བ་ནི་ལྷད་མ་འདྲེས་པ་ཞིག་ཏུ་འདུག་པས་སོ།། འོ་ན་ཐང་སན་བླ་མ་ཁོང་དེས་ཀྱང་གཏན་ནས་ཐུགས་མ་གཡོ་བ་ཡིན་ནམ་ཞེ་ན། སྒྲུང་དེའི་འགྲོས་ལྟར་ན་ཐུགས་ཅུང་ཟད་གཡོ་བར་བཤད་དེ། ཁོང་ཆོས་ལ་སློབ་གཉེར་གནང་མཁན་གྱི་བཙུན་པ་ཞིག་ཡིན་ན་ཡང་། ཆགས་སོགས་རྩ་བ་ནས་སྤངས་ཟིན་པའི་དགྲ་བཅོམ་པ་མ་ཡིན་པ་དང་། རྒྱལ་མོ་དེ་ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པ་དང་།རྒྱལ་སྲིད་ཀྱང་ཕོངས་པ་མེད་པར་གཏོད་པར་འགྱུར་བ་སོགས་སྟག་ཤར་དར་མ་ཞིག་གི་ཡིད་སྨོན་འཆོར་སའི་སྲིད་པའི་ཕུན་ཚོགས་ཞིག་དཀའ་ཚེགས་མེད་པར་ཡོངས་སུ་འཐོབ་པར་འགྱུར་བས་ཡིད་ཅུང་ཟད་ཀྱང་མི་གཡོ་བ་ནི་ཆེས་ཤིན་ཏུ་ནས་ཀྱང་དཀའ་བ་ཞིག་ཡིན་པས་སོ།། མཐར་བཏུགས་ན་དེ་དག་གིས་ཀྱང་མ་བཟློག་པར་རང་གི་ཕུགས་འདུན་ནམ་བསྟན་པ་དང་འགྲོ་བའི་དོན་དུ་དེ་དག་ཐམས་ཅད་ཡོངས་སུ་དོར་ནས་མུ་མཐུད་དུ་འཇིགས་པ་བརྒྱ་སྟོང་གིས་གང་བའི་ནུབ་བསྐྱོད་ཀྱི་ལམ་ལ་ཆས་པའི་སྙིང་སྟོབས་དེས་བདག་གི་ཡིད་རབ་ཏུ་དྲངས་ཤིང་། མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས་པའི་སྤྲེལ་མགོ་ཅན་ལས་ཀྱང་འདི་ཉིད་ཆེས་ཤིན་ཏུ་ཡ་མཚན་ནོ་སྙམ་པ་འཆར་དུ་བཅུག་གོ།

    མི་ལ་ལས། དེ་ལྟར་རླབས་ཆེ་ཞིང་ངོ་མཚར་བའི་ལོ་རྒྱུས་དངོས་ཡོད་ཀྱི་མི་སྣ་ཞིག་གི་མཛད་པ་བསམ་གྱིས་མི་ཁྱབ་པ་རྣམས་བྱིས་པ་ལ་མཚར་སྣང་སྐྱེད་པའི་ལྷ་སྒྲུང་དུ་བྱས་ནས་བྲིས་པ་དང་། རི་བོང་གི་རྭ་ལྟར་གཏན་ནས་མེད་པའི་སུན་ཝུ་ཁུང་འགྲན་གྱིས་དོ་མེད་དུ་བྱས་པ་དང་། སྙིང་སྟོབས་དང་ཤེས་རབ་སོགས་འགྲན་ཟླ་མ་མཆིས་པའི་སློབ་དཔོན་ཉིད་ནུས་མེད་སྐོར་ལོག་ཅིག་ཏུ་བྱས་པ་ནི་ཆེས་ཤིན་ཏུ་མི་རིགས་པ་ཞིག་གོ་ཞེས་ཟེར་མོད། དེ་ལྟར་རྩོམ་རྩལ་ཡ་མཚན་པ་ཞིག་གིས་བྲིས་མེད་ན། འཛམ་གླིང་ཤར་ནུབ་ཀུན་ཏུ། མི་རིགས་ལ་ལྟོས་པ་མེད་པར་གཞོན་སོ་དཀར་ཡན་ཆད། རྒན་མགོ་དཀར་མན་ཆད་ཐམས་ཅད་ཀྱི་ནང་ན་ཐང་སན་བླ་མ་ཟེར་ན་མི་ཤེས་པ་མེད་པ་འདི་ལྟ་བུ་ཞིག་ཡོང་མི་ཐུབ་པ་ཁོ་ཐག་རེད་སྙམ་མོ།།   

    སྒྲུང་གཏམ་དེར་བཀོད་པའི་སུན་ཝུ་ཁུང་ངམ་སྤྲེལ་མགོ་ཅན་ནི། སྤྲུལ་སྒྱུར་བདུན་ཅུ་དོན་གཉིས་ལ་དབང་འབྱོར་བ། ནམ་མཁའི་སྤྲིན་ལ་ཁ་ལོ་བསྒྱུར་ནས་སྐད་ཅིག་ཙམ་གྱིས་སྟེང་ཕྱོགས་ལྷ་ཡུལ་དང་། ཡུད་ཙམ་གྱིས་ས་འོག་ཀླུ་ཡུལ་ལ་འཛུལ་ཐུབ་པ། ལྡིང་སྐོར་གཅིག་གིས་ལེ་བར་འབུམ་ཕྲག་བརྒལ་ནུས་པ། མཐུ་དང་རྫུ་འཕྲུལ་ལ་འགྲན་གྱི་དོ་ཟླ་མེད་པ། ཅི་བསམ་ལྟར་བསྒྲུབ་ཐུབ་པ་ཞིག་ཡིན་པས། ཆེས་ལྟ་འདོད་ས་དང་ཡིད་སྨོན་འཆོར་སའི་གནས་ཤིག་གོ། སྐབས་དེར་སུན་ཨུ་ཁུང་ཟེར་བ་དེ་ལོ་རྒྱུས་དངོས་ཡོད་ཀྱི་མི་སྣ་ཞིག་མ་རེད། དེ་འདྲ་ཞིག་གཏན་ནས་ཡོད་པ་མ་ཡིན་ནོ་ཟེར་ན། ཟེར་བ་བོ་དེ་ལ་རྡུང་རེས་ཤིག་བརྒྱག་མ་ཐུབ་ཀྱང་མིག་ལོག་ཅིག་བལྟས་ནས་མ་དགའ་བའི་ཉམས་ཤིག་སྟོན་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ།།

    སྒྲུང་གཏམ་དེར་བཀོད་པའི་ཕག་མགོ་ཅན་ནི། མཐུ་དང་ནུས་པ་སྤྱིར་བཏང་བ་ཙམ་དང་། ལེ་ལོ་ཆེ་ཞིང་སྒྱིད་ལུག་པ། བཟའ་བཏུང་ལ་རྔམ་པ། འདོད་སྲེད་ཆེ་བ། ནམ་ཡིན་ཡང་རོགས་མི་ཐུབ་པར་གནོད་སྐྱེལ་བ། མཚམས་ལན་རེར་དགོད་བྲོ་ཞིང་མཚམས་ལན་རེར་ཞེ་སྡང་སའི་མི་སྣ་ཞིག་ཡིན་པས་དེ་ཡང་ངེས་པར་དེར་མཁོ་བ་ལྟ་བུ་ཞིག་རེད། ཁོ་བླ་མ་དང་མ་འཕྲད་གོང་བོད་ཀྱི་མངའ་ཁོངས་སུ་གཏོགས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ཁྱིམ་ཚང་ཞིག་གི་མག་པར་བསྡད་དུས་སྤྱིར་བཏང་བ་དག་ལ་བལྟས་ན་སྟོབས་དང་རྫུ་འཕྲུལ་ཡོད་པས་བལྟ་རྒྱུ་ཡོད་དོ།། 

    སྒྲུང་གཏམ་དེར་བཀོད་པའི་ཐོད་པ་ཟླ་བ་ནི། རང་བཞིན་དྲང་ཞིང་གཡོ་སྒྱུ་མེད་པ། བླ་མའི་ཅི་གསུང་བཞིན་སྒྲུབ་ཨེ་ཐུབ་ལྟ་བ་ལས་བསམ་བློ་གཞན་མེད་པའམ། དགེ་སྤུན་ཆེ་བ་སྤྲེལ་མགོ་ཅན་གྱི་ངག་ལ་ཉན་པ་ལས་གང་བྱུང་ལ་ཡིད་མི་ཆེས་པ། མཐུ་དང་ནུས་པའང་ཆེན་པོ་མེད་མོད། འོན་ཀྱང་ལམ་གང་བོར་ཡོ་བྱད་སོགས་ཁུར་ཐམས་ཅད་སྐྱོ་ངལ་མེད་པར་རང་ཉིད་གཅིག་པུས་འཁུར་དུ་ཁྱེར་བའི་མི་སྣ་དགའ་ས་ཞིག་ཏུ་འདུག་གོ།

    ད་དུང་སྒྲུང་གཏམ་དེར་བཀོད་པའི་རྟ་མཆོག་ཀླུ་ཕྲུག་དཀར་པོ་ནི། ཐང་སན་བླ་མའི་ཆིབས་པ་སྟེ། མགྱོགས་པའི་བང་གིས་བཤུལ་ལམ་རིང་མོ་ཡུད་ཀྱིས་བགྲོད་པའི་ཅང་ཤེས་རྟ་མཆོག་ཅིག་ཡིན་ལ། མཚམས་ལན་རེར་འདྲེ་གདོན་དག་ལ་མཐུ་དང་རྫུ་འཕྲུལ་གྱིས་གཡུལ་འགྱེད་ཀྱང་ཅུང་ཟད་རེ་བྱེད་མཁན་ཞིག་གོ།   

    ཆུང་ངུའི་དུས་སུ་ཆེས་སེམས་ཁྲལ་ཆེ་བ་ནི་ཐང་སན་བླ་མ་འདྲེ་གདོན་མ་རུང་བ་དག་གིས་ཁྱེར་ཨེ་འགྲོ་སྙམ་པ་དང་། ཆེས་ལྟ་རྒྱུ་ཡོད་པ་ནི་ཁོང་ཉིད་འདྲེ་གདོན་དག་གིས་ཁྱེར་སོང་ན་ཁོང་གི་སློབ་མ་རྫུ་འཕྲུལ་ཅན་དག་དེའི་རམ་མདར་སོང་སྟེ་འདྲེ་གདོན་རྣམས་དང་གཡུལ་འགྱེད་པ་དང་། མཐར་མཐུ་དང་ནུས་པ། རྩལ་དང་དཔའ་སྟོབས་ཀྱིས་འདྲེ་གདོན་དེ་དག་ཐམས་ཅད་བཏུལ་ནས་སླར་བསྐྱབས་པའི་ལྟད་མོ་དེ་དག་ཡིན། ལྷག་པར་ཡང་སྤྲེལ་མགོ་ཅན་རྫུ་འཕྲུལ་ཆེ་བས་སྐབས་འགར་སྦྲུང་མ་ལྟ་བུར་སྤྲུལ་བ་དང་། ལན་རེར་རྡོ་ཕ་བོང་ལྟ་བུར་སྤྲུལ་བ་དང་། སྐབས་འགར་འདྲེ་གདོན་ཁོ་རང་ཚོ་དང་གཅིག་པ་གཅིག་མཚུངས་ལྟ་བུར་སྤྲུལ་ནས་མ་རུང་བ་དེ་དག་ལ་སྡུག་གང་འདོད་རེ་ཕབ་སྟེ་བཏུལ་བའི་བརྒྱུད་རིམ་ཁྲོད་ན། ངུས་ནས་མིག་ཆུ་མི་ཆོད་པ་དང་། བགད་ནས་ཁ་མི་ཟུམ་པའི་ལྟད་མོའང་སྣ་ཚོགས་ཡོད་དོ།།

---  མུ་འགོད། ---

རྩོམ་ཡིག་མཁོ་སྤྲོད་པ།  བྱམས་པ་དོན་གྲུབ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23521831
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།