བོད་ཀྱི་ལོ་རྒྱུས་ཁྲོད་སྙན་ཕྲ་ཞུ་ལོག་གི་སྐོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »བོད་ཀྱི་ལོ་རྒྱུས་ཁྲོད་སྙན་ཕྲ་ཞུ་ལོག་གི་སྐོར།
བོད་ཀྱི་ལོ་རྒྱུས་ཁྲོད་སྙན་ཕྲ་ཞུ་ལོག་གི་སྐོར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-05-03ལྟ་ཀློག (5485)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   

བོད་ཀྱི་ལོ་རྒྱུས་ཁྲོད་སྙན་ཕྲ་ཞུ་ལོག་གི་སྐོར།

 གྱི་ལིང་འཇིགས་མེད།

   སྙན་ཕྲ་ཞུ་ལོག་ཅེས་པ་ནི་དོན་དངོས་སུ་ཕྲ་མ་བྱེད་པ་སྟེ། མི་ཕན་ཚུན་བར་ལྐོག་ནས་གཏམ་ཡན་བསྐྱལ་ཏེ་སོ་སོར་གཏོང་བ་དེ་རེད། དེ་ནི་བྱ་བ་ངན་པ་ཞིག་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་རང་བཞིན་གྱི་ཁ་ན་མ་མཐོ་བར་གསུངས་པ་རེད། དགེ་ཚུལ་སློང་ཞིག་ཡིན་ན་སྨོས་ཅི་དགོས། སྤྱིར་བཏང་གི་མི་སེར་དག་གིས་ཀྱང་དེ་ལྟར་ཕྲ་མ་བྱེད་མི་ཆོག་པར་གསུངས་ཡོད། འོན་ཀྱང་ལོ་རྒྱུས་ཁྲོད་ཀྱི་སྐྱོ་གར་མང་བོ་ཞིག་ཕྲ་མ་དང་ལྷག་ཏུ་སྙན་ཕྲ་ཞུ་ལོག་ལ་བརྟེན་ནས་བྱུང་བ་རེད།     སྙན་ཕྲ་ཞུ་ལོག་ཅེས་པ་ནི་ཕྲ་མ་ལ་ཞེ་ས་སྦྱར་བ་ཞིག་སྟེ། དེ་ནི་ཆེན་པོ་དག་གི་རྣ་ལམ་དུ་ཕྲ་མ་ཞུས་པ་དང་། དེའི་རྣ་ལ་ཕྲ་མ་སོང་བའི་དོན་རེད། ཆུང་ས་ནས་ཕན་ཚུན་བར་ལ་ཕྲ་མ་ཤོར་བས་གྲོགས་ཀྱི་བརྩེ་འདང་ཆད་པ་དང་གཉེན་ཉེའི་དུང་བ་ལྷོད་པ་སོགས་ཞེ་སྐྱོ་བའི་དོན་དག་མང་ལ། ཆེ་ས་ནས་སྙན་ཕྲ་ཞུ་ལོག་ཤོར་བས་བླ་སློབ་ཀྱི་དམ་ཚིག་ལ་འགལ་བ་ཤོར་བ། རྒྱལ་བློན་གྱི་འབྲེལ་བ་ལ་འགལ་བ་ཤོར་བ། ཚོགས་པ་དང་སྡེ་ཁག་གི་མི་སྣ་དང་འགོ་ཁྲིད་བར་འགལ་བ་ཤོར་བ་སོགས་ཀྱི་དབང་གིས་བསམ་ཡུལ་ལས་འདས་པའི་སྐྱོ་གར་བྱུང་བ་ཉུང་ཉུང་མིན།      དེ་བས་མི་ཆེན་རྣམས་ལ་མཚོན་ན་ཆེས་གལ་ཆེ་བ་ནི་རང་སྟོབས་ཀྱིས་བརྡར་ཤ་གཅོད་པའི་ནུས་པ་དེ་རེད། མཐོན་པོ་དག་གིས་ངན་པར་ཐག་བཅད་པ་དེའང་མང་བོ་ཞིག་གཞན་གྱིས་སྙན་ཕྲ་ཕུལ་བ་ལས་བྱུང་བ་ཡིན། ལོ་རྒྱུས་ཁྲོད་སྐྱོ་གར་དེ་འདྲ་གྲངས་མེད་པ་ཞིག་བྱུང་མྱོང་།      

   མི་རྣམས་ཀྱིས་རྟག་པར་གླེང་བཞིན་པ་ནི་མྱང་མང་བོ་རྗེ་ཞང་སྣང་གིས་རང་ནུས་ཡོད་དགུ་བཏོན་ནས་རྒྱལ་བོ་སྲོང་བཙན་སྒམ་པོ་ཁྲིར་བཀོད་ཅིང་། སུམ་པ་དབང་དུ་བསྡུས་ཏེ་བཙན་པོ་གནམ་ལ་འཕུར་བའི་གཤོག་ཡ་ལྟ་བུར་གྱུར་མྱོང་ན་ཡང་མཐར་ཁྱུང་བོ་སྤུངས་ཟད་ཟུ་རྩེས་སྙན་ཕྲ་ཕུལ་བ་ལ་གསན་པས་མྱང་མང་བོ་རྗེ་དམར་གསོད་བཏང་བ་རེད།     དེ་བས་ཀྱང་བརྗེད་དཀའ་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་ནི་མགར་ཁྲི་འབྲིང་ཕ་རིང་བུ་བརྒྱུད་ལ་བྱང་ཤར་ས་ཁུལ་གྱི་མྱ་ངམ་ཐང་ནས་མི་ལོ་བཅུ་ཕྲག་མང་བོའི་རིང་ལ་བོད་བཙན་པོའི་ཆེད་དུ་རང་སྲོག་འབེན་ལ་བཙུགས་ནས་དམག་འཐབ་བྱས་མོད། མཐར་ཁྲི་མ་ལོད་ཅེས་པའི་བུད་མེད་ཅོལ་ཆུང་ཞིག་གིས་ཐང་གི་རྒྱལ་མོ་འུག་ཙེ་ཐེན་གྱིས་ཕུལ་བའི་སྙན་ཕྲ་ལ་བརྟེན་ནས་བཙན་པོ་ཁྲི་འདུས་སྲོང་ལ་ངར་བླུད་དེ་ཁྲི་འབྲིང་གི་སྟེང་ལ་དམག་དྲངས་པས་ཁྲི་འབྲིང་ཡི་ཆད་དེ་རང་སྲོག་བཅད་པར་དམག་དཔོན་བརྒྱ་ཐམ་པས་ཀྱང་དུས་མཉམ་དུ་རང་སྲོག་བཅད་དེ་བཙན་པོའི་དམག་གི་སྟོབས་ཤུགས་ལ་གནོད་པ་ཚབས་ཆེན་ཐེབས།         

   ས་སྐྱའི་མགྲོན་གཉེར་གྱིས་ཕྲ་མ་བསྐྱལ་ཏེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བཞི་བཅུའི་ནང་ནས་སྐུ་ཚེ་རྫོགས་སུ་བཅུག་ཡོད་ལ། ཁོའི་སྙན་ཕྲའི་སྡིག་སྒྲིབ་འོག་ས་སྐྱའི་བདག་ཆེན་ཡང་གོས་དཀར་བོ་དང་ཞྭ་ནག་པོ་གྱོན་ཏེ་སོག་དམག་གིས་བཀྲོངས། ངས་ལོ་རྒྱུས་ཀྱི་ཁྲོད་ནས་ད་དུང་དེ་ལས་མང་བའི་སྐྱོ་གར་མང་བོ་མཐོང་མྱོང་།     རྒྱ་ནག་སུང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཅན་སུའུ་ཏུང་ཕོ་ཡང་ཁོའི་གྲོགས་པོ་ཞིག་གིས་གོང་མ་ལ་སྙན་ཕྲ་ཞུས་པ་བཞིན་ཁྲིམས་ལ་ཚུད་དེ་རྒྱང་ཕུད་བཏང་བ་རེད། ཆེས་སྙིང་ཉེ་བའི་མིས་ཕྲག་དོག་བྱས་པའི་འབྲས་བུར་ལོ་རྒྱུས་ཀྱི་སྐྱོ་གར་བཟོད་དཀའ་བ་དེ་བྱུང་བ་རེད།     

   སྙན་ཞུ་ཕྲ་ལོག་ལ་མཇུག་འབྲས་དེ་ལྟ་བུ་མང་དུ་བྱུང་བ་ནི་ཕྱོགས་གཅིག་ནས་མི་ངན་ཐ་ཤལ་བ་དག་གིས་དབྱེན་སྦྱོར་བྱས་པའི་ངན་འབྲས་ཡིན་ལ། ཕྱོགས་གཞན་ཞིག་ནས་བསམ་ན་རང་ཉིད་ཆེན་པོར་རློམ་པའི་ཅོལ་ཆུང་དེ་དག་ལ་དཀར་ནག་དབྱེ་འབྱེད་ཀྱི་བློ་མིག་མེད་པའི་ངན་འབྲས་ཀྱང་རེད།    གལ་ཏེ་ཁྱོད་ཀྱིས་སྐྱེས་བུ་ཤེས་རབ་ཅན་ཞིག་ལ་སྙན་ཕྲ་་ཞུ་ལོག་ཕུལ་ན་ཡང་འཕྲལ་དུ་དེའི་རྗེས་སུ་མི་འབྲངས་པར་བཏང་སྙོམས་སུ་བཞག་སྟེ་ཕྲ་མ་ལེགས་པར་ཚར་གཅོད་པར་འགྱུར་ཏེ། སྔོན་བཀའ་གདམས་གོང་མ་དག་ལ་གཞན་གྱིས་ཁྱེད་ལ་འདི་དང་འདི་ཟེར་ཞེས་ཞུས་པ་ན་མིའི་བཟང་ངན་མི་ཡིས་མི་བཤད་པར་སུས་བཤད། དེ་བཤད་དགོས་པ་རེད་གསུངས་ཏེ་བཏང་སྙོམས་གནང་བས། མཐར་ཕྲ་མ་ཆད་ཅིང་སྙན་གྲགས་ལྷ་ཡིས་བསྒྲགས་ནས་ད་ལྟའི་བར་ཁྱབ་པ་རེད།     

   མི་མང་བོ་ཞིག་སྙན་གྲགས་དང་གོ་གནས་ཀྱི་ཕྱོགས་ནས་ཇེ་མཐོར་སོང་གིན་དེའི་ཕྱོགས་ཀྱི་རེ་བ་ཡང་ཇེ་མཐོར་འགྲོ་ལ། དེ་ནི་ཁོ་ཚོའི་ཆེས་ཆེ་བའི་ཞན་ཆ་སྟེ། མཚན་སྙན་དང་གོ་གནས་ལ་རེ་བ་ཆེ་དུས་དེའི་ཕྱོགས་ཀྱི་གཏམ་བཟང་ལ་ཤིན་ཏུ་དགའ་བས་ད་གཟོད་མགོ་སྐོར་ཐེབས་སླ་བར་མ་ཟད། ཁ་ཡག་གཏམ་སྙན་འབའ་ཞིག་མ་གཏོགས་མི་དགོས། དེ་བས་ཁ་ཡག་གཏམ་སྙན་བཤད་མཁན་དག་གིས་ཅི་ཞིག་བཤད་ཀྱང་བདེན་པར་བཟུང་བས་ད་གཟོད་ལོ་རྒྱུས་ཀྱི་སྐྱོ་གར་རབས་དང་རིམ་པར་བྱུང་བ་རེད།    

   སྙན་ཕྲ་ཞུ་མཁན་དག་ནི་རིགས་གཉིས་སུ་འདུ་སྟེ། ཧམ་སེམས་ཅན་དང་ཕྲག་དོག་ཅན་གཉིས་རེད། ས་སྐྱ་མགྲོན་གཉེར་ལྟ་བུར་མཚོན་ན་གོ་གནས་ལེན་པའི་ཧམ་སེམས་ཡིན་ལ། ཟུ་རྩེ་ལྟ་བུར་མཚོན་ན་ཕྲག་དོག་དང་སྙིང་ནད་དེ། སྔར་མྱང་གིས་མགུར་ཞིག་བླངས་ཏེ་ཁོའི་སྙིང་ལ་བཞག་ཡོད་པས་རེད།      རྒྱ་བོད་ཀྱི་ལོ་རྒྱུས་གང་ལ་བལྟས་ནའང་མཐར་ཐུག་ཕམ་ཁ་ཉོ་མཁན་དང་སྐྱ་གར་འཁྲབ་མཁན་ནི་བློ་དཀར་གཞུང་དྲང་གི་དམ་པ་དེ་དག་རེད།    དེ་རིང་སྙན་ཕྲ་ཞུ་ལོག་ཅེས་པའི་ཐ་སྙད་འདི་མཐོང་བས་གློ་བུར་དུ་དྲན་ཚུལ་སྣ་ཚོགས་བྱུང་བ་ཡི་གེར་བཀོད་པའོ། །



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qngt བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526586
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།