དཔེ་ཀློག་གླེང་བའི་གཏམ་ཞོགས་པའི་དྲིལ་ཆུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »དཔེ་ཀློག་གླེང་བའི་གཏམ་ཞོགས་པའི་དྲིལ་ཆུང་།
དཔེ་ཀློག་གླེང་བའི་གཏམ་ཞོགས་པའི་དྲིལ་ཆུང་།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-26ལྟ་ཀློག (5373)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དཔེ་ཀློག་གླེང་བའི་གཏམ་ཞོགས་པའི་དྲིལ་ཆུང་།


            རྒྱ་གྲོལ།


དཔེ་ཆ་གདམས་ངག་ལ་ཤར་ཞིང་།།

གདམས་པ་དྲེགས་པས་མ་བཅོམ་པ།།

ཉམས་ལེན་གྲུབ་པས་མ་བོར་བའི།།

མཁས་པ་ཞི་དུལ་ཅན་ལ་འདུད།།


རང་གཞན་ཀུན་ལ་མི་ཕན་མོད།།

རང་སེམས་དགའ་བའི་རྗེས་སོང་བས།།

རང་གི་སེམས་ལ་དྲན་པའི་གཏམ།།

རང་འགར་ངག་ལས་དབང་མེད་དོ།།


བྱིས་པ་དག་གི་མི་ཚེའི་ལམ།།

དར་མ་རྣམས་ཀྱི་རྣམ་དཔྱོད་མིག།

རྒན་པོའི་ཕྱི་མའི་ལམ་ཡིག་ནི།།

དཔེ་ཀློག་ལས་གཞན་ཡོད་མ་ཡིན།།


སེམས་ཀྱི་སྤོབས་པ་འདེགས་པ་ལ།། 

དཔེ་ཀློག་ངར་མ་ཆང་དང་འདྲ།།

ལྕིད་པའི་ཁུར་བོ་བསལ་བ་ལ།།

དཔེ་ཀློག་ངལ་གསོའི་དཔྱིད་དང་འདྲ།།


ཡངས་པའི་མིག་རྒྱ་བསྐྱེད་པ་ལ།།

དཔེ་ཀློག་རྒྱང་མཐོང་ཤེལ་དང་འདྲ།།

ཡོན་ཏན་མྱུ་གུ་འབུས་པ་ལ།།

དཔེ་ཀློག་དཔྱིད་ཀྱི་ཆར་དང་འདྲ།།


དྲན་འཛིན་བརྟན་པོ་འཛིན་པ་ལ།།

དཔེ་ཀློག་ལྕགས་ལ་ངར་བླུད་འདྲ།།

ཡི་གེ་ནོར་བ་སེལ་བ་ལ།།

དཔེ་ཀློག་དག་ཆའི་གློག་དང་འདྲ།།


ལེགས་ཉེས་རྟོག་དཔྱོད་བྱེད་པ་ལ།།

དཔེ་ཀློག་བཙོ་སྦྱོངས་མེ་དང་འདྲ།།

ཐོས་བསམ་སྒོམ་གསུམ་བྱེད་པ་ལ།།

དཔེ་ཀློག་འཇུག་པའི་སྒོ་དང་འདྲ།།


ཐོས་པའི་ཉི་མ་ཤར་བ་ལ།།

དཔེ་ཀློག་ལྷ་ཡི་སྒྲོན་མེ་འདྲ།།

ཉམས་ལེན་ཉམས་རྟོགས་བརྡོལ་བ་ལ།།

དཔེ་ཀློག་གཏེར་གྱི་ལྡེ་མིག་འདྲ།།


འཆད་པའི་ལེགས་བཤད་འཇོ་བ་ལ།།

དཔེ་ཀློག་སྨྲ་བའི་འཕྲུལ་དང་འདྲ།།

རྩོད་པའི་གློག་ཞགས་འཁྱུག་པ་ལ།།

དཔེ་ཀློག་འཕྲུལ་གྱི་ལྷ་དང་འདྲ།།


རྩོམ་པའི་ཟབ་དོན་གྱེར་བ་ལ།།

དཔེ་ཀློག་ཚངས་པའི་གླུ་དང་འདྲ།།

ཉམས་མྱོང་གསེར་ཕྱེ་འདྲེན་པ་ལ།།

དཔེ་ཀློག་རྨ་ཆུའི་གཞུང་དང་འདྲ།།


བོད་དུ་དཔེ་མང་མ་བཀླགས་པས།།

དད་པ་ཉམས་ཞེས་ཇོ་བོས་གསུངས།།

བཀླག་བྱའི་བླང་དོར་མ་ཕྱེས་པར།།

དཔེ་ངན་ཀློག་པ་སྟོན་པས་བཀག།


དཔེ་ཆ་ཀློག་ཚུལ་མ་ཤེས་ན།།

མིག་ལྡན་གཡང་ལ་མཆོང་བ་འདྲ།།

བཟང་ངན་བླང་དོར་མ་བྱས་ན།།

མུན་ནག་ནང་གི་ལག་ཉོབ་འདྲ།།


དཔེ་ཆ་གང་བྱུང་ཀློག་པ་ནི།།

བྱིས་པས་གང་ཐོབ་ཟ་བ་འདྲ།།

དཔེ་ངན་བཅུད་དུ་སྒོམ་པ་ནི།།

ཕག་པ་ངན་སྐྱུགས་ཟ་བ་བཞིན།།


དཔེ་ཀློག་རྣལ་དུ་མ་སོང་ན།།

ངལ་བས་བསྟེན་ཡང་ལོག་པར་འགྲོ།།

དཔེ་མང་ཤེས་རབ་འཆལ་བའི་རྒྱུར།།

སྔོན་བྱོན་མཁས་པ་རྣམས་ཀྱིས་གསུངས།།


དཔེ་ཆ་ངན་པ་བཀླགས་པ་ལས།།

ཡི་གེར་རྨོངས་པའི་ལུག་རྫི་སྐྱིད།།

རིག་འཆལ་རྗེས་སུ་འབྲངས་པ་ལས།།

བླང་དོར་མི་ཤེས་བླུན་པོ་བདེ།།


དཔེ་ངན་ཉེས་པའི་མཚང་ཡིན་ཏེ།།

བཀླགས་པས་དུག་གིས་ཁྱབ་པར་འགྱུར།

སློག་ཧྲུལ་དག་ནི་སྙིགས་མ་ལ།།

དྲུད་པས་སྙིགས་མའི་ཕུང་བོར་འགྱུར།།


སྔོན་གྱི་སྐྱེས་བུ་དམ་པ་རྣམས།།

དཔེ་ཀློག་ཡན་ན་ཉམས་ལེན་མེད།།

གང་གི་གསུང་ལ་མཇལ་བ་ན།།

དེ་ལས་དངོས་སུ་གསན་པ་འདྲ།།


སྤྱི་དོན་བཟུང་ན་སྤྱི་ཁོག་རྟོགས།།

མཐའ་དཔྱོད་བཟུང་ན་མཐའ་རྒྱ་ཆོད།།

རྩ་འགྲེལ་སྦྱར་ན་ངེས་པ་བསྐྱེད།།

གཞུང་ཆེན་སྦྱོང་བའི་འཕྲུལ་གསུམ་ཡིན།།


མིག་གིས་དཔེ་ཆའི་ཚིག་ལ་གཞོལ།།

ཡིད་ཀྱི་ཡི་གེའི་དོན་ལ་གཞོལ།།

རིགས་པས་དཔྱོད་པའི་ལས་ལ་གཞོལ།།

འདི་ནི་དཔེ་ཀློག་གཞོལ་གསུམ་ཡིན།།


དང་བོར་བཀླག་བྱའི་དཔེ་ཆ་གདམ།།

བར་དུ་ཞིབ་མོའི་བློ་ཡིས་བཀླག།

མཐའ་མར་ངེས་པའི་དོན་ལ་བསམ།།

འདི་ནི་དཔེ་ཀློག་རིམ་གསུམ་ཡིན།།


ཚིག་གི་གནད་དག་བློ་རུ་འཛིན།།

དོན་གྱི་གནད་དག་བྱང་བར་བྱེད།།

ཉམས་ལེན་གནད་དག་ལག་ཏུ་ལེན།།

འདི་ནི་གནད་གསུམ་ལམ་འཁྱེར་ཡིན།།


ངེས་པའི་དོན་ལ་ཡང་ཡང་ཀློག།

དྲན་པའི་ཆེད་དུ་ཐོ་རུ་འགོད།།

འདྲིས་པའི་དོན་དུ་བྱང་བར་བྱེད།།

འདི་ནི་ལམ་ཆོད་འཕྲུལ་གསུམ་ཡིན།།


ཕྲེང་བ་བཟུང་བའི་གྲུབ་ཐོབ་ནི།།

ལུག་རྫི་ནང་ན་ཡོད་ཅེས་གསུངས།།

ཡིག་འབྲུ་གཉེར་བའི་རྟོགས་ལྡན་ནི།།

གྲུབ་ཐོབ་སྨྱོན་པ་དག་ལས་འཕགས།།


འཇིག་རྟེན་མིག་གཅིག་ས་པཎ་གྱིས།།

སང་ཉིད་འཆི་ཡང་སློབ་གཉེར་ཟེར།།

གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་ཡིས།།

སློབ་གཉེར་ཕྱི་མར་སྦྲེལ་དགོས་གསུངས།།


ཀློག་དཔེ་ཕྱི་རུ་མ་སོང་བར།།

ནང་གི་སེམས་དང་འདྲེས་ནུས་ན།།

གྲུབ་ཆེན་ཞེས་པ་གཞན་མེད་དེ།།

འདི་ལ་རྒྱལ་བས་འཛུམ་ཞལ་སྟོན།།


དང་བོ་གཞུང་ལུགས་ཐང་མར་བརྡལ།།

བར་དུ་གདམས་པའི་ངག་ཏུ་ཉར།།

མཐའ་མར་ཉམས་རྟོགས་ཀློང་དུ་བརྡོལ།།

མེས་པོ་དམ་པའི་ཕྱག་སྲོལ་ཡིན།།


བླ་མའི་ཉམས་ལེན་དཔེ་ཀློག་སྟེ།།

སློབ་མའི་མིག་ལྟོས་དཔེ་ཀློག་གོ།

དམ་པའི་རྣམ་ཐར་བཟང་བོ་འདི།།

དམ་པ་རྣམས་ཀྱིས་ཟིན་པར་ཤོག།


ཅེས་དཔེ་ཀློག་གླེང་བའི་གཏམ་ཞོགས་པའི་དྲིལ་ཆུང་ཞེས་བྱ་བ་འདི་ནི་དཔེ་ཀློག་ལ་དགའ་བའི་ཤེས་རབ་བསྟན་དར་གྱིས་ཉམས་མཚར་ཞིག་གིས་རྐྱེན་བྱས་ཏེ་བྲིས་སོ།།

 རྩོམ་ཁུངས།  ཤེས་རིག་གཡང་དཔེ་མཛོད་ཁང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504064
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།