དཔེ་ཀློག་གི་སྟོབས་ཤུགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དཔེ་ཀློག་གི་སྟོབས་ཤུགས།
དཔེ་ཀློག་གི་སྟོབས་ཤུགས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-26ལྟ་ཀློག (3665)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།

དཔེ་ཀློག་གི་སྟོབས་ཤུགས།  

---དཔེ་ཀློག་དང་འབྲེལ་བའི་ཕྱི་ནང་མཁས་པའི་གསུང་དུམ་དག་ལ་སྔ་ཕྱིར་མཇལ་བའི་ཟིན་ཐོ་ཙམ་དུ་བྲིས། 

ཁ་སྒང་སྟལ་འབུམ་རྒྱལ། 

   ཇིང་གིར་དམག་གི་དཔུང་ཆེན་པོས་འཛམ་གླིང་སུམ་གཉིས་རྨིག་པའི་རྡུལ་དུ་འཐགས་ཀྱང་ལོ་རྒྱུས་ཀྱི་དེབ་ཐེར་ཙམ་དུ་ཟད་ལ། རོ་མཱའི་འབྱོར་བའི་ནོམ་ཆེན་པོས་ཀླུ་རྒྱལ་མཛོད་ཆེན་ཅོ་འདྲིའི་ངོ་ཚར་འཕངས་ཀྱང་རྗེས་རབས་ཡིད་ཀྱི་སྣང་བརྙན་ཙམ་དུ་ལུས། ཟིལ་ཆེན་དམག་གི་དཔུང་སྟོབས་ཆེ་ཡང་རིང་མཐའ་ཡང་མི་ལོ་བརྒྱ་ཕྲག་ཡིན་ལ། བརྗིད་ཆེན་འབྱོར་བའི་སྟོབས་ཤུགས་ལྡན་ཡང་རིང་མཐའ་ཡང་མི་ལོ་བརྒྱ་ཕྲག་སྟེ། འཕེལ་བའི་སྒང་ལ་ཉི་འོད་བཞིན་ཁྱབ་ཐུབ་ཅིང་རྒུད་པའི་དུས་ལ་སྒྲོན་འོད་ཙམ་ཡང་གནས་དཀའ་བས། སྟོབས་འབྱོར་ཁེངས་དྲག་དར་བ་རྨི་ལམ་གྱི་རོལ་བ་ཞེས་ལོ་རྒྱུས་ཉམས་མྱོང་གིས་ཡིད་ཆེས་བསྩལ།

    དེ་ལྟ་ནའང་ཚེ་སྲོག་གི་རྒྱུན་རིང་བོར་གནས་ཐུབ་ཅིང་རྐྱེན་དང་འཕྲད་པས་སླར་ཡང་དབུགས་དབྱུང་གི་ལང་ཚོ་གསར་བ་རྒྱས་ཐུབ་པ་ནི་རིག་གནས་ཀྱི་ཞིང་དམ་པ་ཁོ་ནར་གསུངས་པ་སྟེ། གནའ་བོའི་རྒྱ་གར་གྱི་གཤིན་ས་རུ་སྨིན་པའི་ནང་བསམ་བློའི་རིག་གནས་དེ་ཚོ་ལྟར། ཉེ་རབས་ནུབ་ཕྱོགས་ཀྱི་མངལ་སྒོ་ལས་ཐོན་པའི་ཕྱིའི་རིག་གཞུང་གི་ཁྱེའུ་དེ་ཚོ་ལྟར། ཡུལ་དང་ཡུལ་གྱི་ཁུགས་པ་སོ་སོར་བརྡོལ་བའི་སྣ་ཚོགས་འབྲས་བཟང་ལྕི་བའི་ཡལ་ག་དེ་ཚོ་ལྟར། ད་དུང་མིང་གིས་མི་ཐོགས་ཤིང་ཡུལ་ངེས་མེད་དུ་འཐོར་བའི་རིན་ཐང་ཆེ་བའི་ཤུལ་བཞག་དེ་ཚོ་ལྟར། རིང་བ་མི་ལོ་སྟོང་ཕྲག་དུ་མ་དང་ཐུང་བ་མི་ལོ་བརྒྱ་ཕྲག་དུ་མའི་རིང་ལ་ཁོར་ཡུག་དང་ལོ་ཟླའི་མནར་གཅོད་དང་བཀའ་ཆད་རིམ་པར་ཕོགས་ནའང་རྙིང་བའི་བེམ་པོ་ལ་གསར་བའི་རྣམ་ཤེས་ཀྱི་གོམ་ཆེན་ཞུགས་ཏེ། ད་དུང་ཡང་འདི་ནས་བསྐལ་བ་མང་པོའི་རིང་ལ་ཡུན་ནས་ཡུན་དུ་གནས་ཀྱིན་རང་གི་གཞལ་མཐའ་བྲལ་བའི་རིན་ཐང་དང་ཉམས་པ་མེད་པའི་ཟིལ་ཤུགས་དེ་དཔའ་གདེང་གིས་ངོམ་ཞིང་ཡིད་ཆེས་ཀྱིས་འདེགས་པའི་དམ་བཅའ་འབུལ་བར་རྩོམ།

   མཁས་པ་ཉམས་མྱོང་ལས་འཁྲུངས་ཤིང་། བསྟན་བཅོས་མཁས་པ་ལས་ཐོན་ལ། རིག་པ་བསྟན་བཅོས་ལ་གནས་པས། དེ་ལྟའི་ཤེས་རབ་མངལ་འཁྱེར་གྱི་བསྟན་བཅོས་དག་ལ་གོང་བཀུར་བའི་གཅེས་སྤྲས་དང་། རིན་ཆེ་བའི་འདུ་ཤེས། ཡིད་དགའ་བའི་མཇལ་ཀློག་བྱ་རྒྱུ་ནི་ཕྱི་ནང་གི་མཁས་པ་མང་པོ་དང་ཡུལ་གྲུ་མང་པའི་ངོ་མཚར་བའི་ཕྱག་སྲོལ་ཉག་གཅིག་སྟེ། ཡི་གེའི་གཟུགས་སུ་ཕབ་པའི་མི་སྣའི་ལོ་རྒྱུས་དག་ལ་མཇལ་ཚེ། མི་རིགས་དང་རྒྱལ་ཁོངས་རིས་སུ་མ་ཆད་པའི་ལྟོ་སྐྱ་གོས་ཧྲུལ་གྱི་དཀའ་སྤྱོད་པ་དེ་ཚོ་དཔེ་ཀློག་པ་རེད་ལ། བསམ་གཞིག་སྒོ་བརྒྱ་ཡི་མཚན་ཉིད་པ་དེ་ཚོའང་དཔེ་ཀློག་པ་རེད། དབུ་དཀར་སྐྲ་འཛིང་གི་ཚན་རིག་པ་དེ་ཚོའང་དཔེ་ཀློག་པ་རེད་ལ། ཐུགས་བསིལ་རྒྱུད་འཇམ་གྱི་ཆོས་སྟོན་པ་དེ་ཚོའང་དཔེ་ཀློག་པ་རེད། དེ་ལྟར་རིང་སའི་འདས་པའི་ལོ་རྒྱུས་དང་རྒྱུས་མེད་གཞན་གྱི་བྱུང་བ་ལ་ཞིབ་ལྟ་གཟབ་ཉན་དཀའ་ནའང་། མཁས་དབང་དུང་དཀར་རིན་པོ་ཆེས་བོད་ཀྱི་དཔེ་ཆའི་སུམ་ཆའི་གཉིས་ལ་གཟིགས་ཚར་གསུངས་པའི་གསུང་བརྗིད་པོ་དེ་དང་། བླ་བྲང་དགེ་བཤེས་རྗེ་འཇམ་དབྱངས་རྒྱ་མཚོས་དགུང་གྲངས་བརྒྱད་ཅུ་ལ་སླེབས་མཚམས་བར་དཔེ་ཆ་མ་བལྟས་པའི་ཉིན་གཅིག་ཀྱང་མེད་གསུངས་པ་སོགས། མདོར་ན་ལྟ་བའི་ཤིང་རྟའི་ཁ་ལོ་བ་དང་། སྤྱོད་པའི་ཚངས་ཐིག་ཕབ་པ་པོ། ལམ་གྱི་འདྲེན་པ། བདེན་པའི་དར་ཆེན། སྟོབས་ཀྱི་དཔང་པོ། འཛིན་བྱེད་གཟུང་ཐག་ཐམས་ཅད་དཔེ་ཀློག་ལས་བྱུང་བ་སྟེ། དཔེ་ཀློག་མེ་ཏོག་གི་མཛེས་པ་ཡིས་ཤེས་རྒྱུད་སྐྱེད་ཚལ་ལ་འབྲས་བུ་བསྐྱེད་ཅིང་། འབྲས་བུའི་བསུང་ཞིམ་གྱི་ལོངས་སྤྱོད་ཀྱིས་ཡངས་པའི་ཁོར་ཡུག་ལ་བདེ་སྣང་སྦྱིན།

   འབྲེལ་ཡོད་གནས་ཚུལ་ལྟར། ཡ་གི་དཱ་པ་མི་རིགས་ལ་མཚོན་ནའང་མི་གྲངས་ཕལ་ཆེར་བྱེ་བ་གཅིག་དང་ས་ཡ་བདུན་ཡོད་པ་སྟེ། རང་རྒྱལ་གྱི་གྲོང་ཁྱེར་ཆེ་བ་གཅིག་གི་འདུས་སྡོད་མི་གྲངས་ལས་ཀྱང་ཉུང་། དེ་ལས་ནོར་བྷེལ་གཟེངས་རྟགས་ཐོབ་མཁན་བརྒྱ་དང་དོན་དགུ་དང་དེས་འཛམ་གླིང་གི་བརྒྱ་ཆའི་ཉེེར་གསུམ་ཟིན་ཅིང་། ཧཱ་ཝ་རྡི་གཙུག་ལག་སློབ་ཆེན་གྱི་སློབ་མའི་གྲངས་ལས་གསུམ་ཆའི་གཅིག་དང་། ཡཱེ་འོ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལས་བརྒྱ་ཆའི་ཉེར་ལྔ། ཨ་བཱེ་སློབ་གྲྭའི་སློབ་དཔོན་ཆེན་མོ་ལས་བརྒྱ་ཆའི་སུམ་ཅུ། གཞན་ཡང་ཨ་རིའི་དངུལ་འབྱོར་གྱི་ཐོན་ཁུངས་གཙོ་བོར་གྱུར་པའི་རྒྱལ་སྲིད་མཐུན་ཚོགས་གསོག་གཉེར་ཅུའུ་ཡང་ཁོ་ཚོས་བཙུགས་པ་ཡིན་ལ། འཛམ་གླིང་གི་ཁེ་ལས་སྟོབས་ཆེན་བརྒྱ་ཡི་བརྒྱ་ཆའི་སུམ་ཅུ་ནས་བཞི་བཅུའི་བར་ཡང་ཁོ་ཚོས་བདག་གཉེར་བྱས་ཡོད་པ་དང་། ཨ་རིའི་རྒྱལ་ཚོགས་ཀྱི་ཚོགས་མི་མང་པོ་ཞིག་ཀྱང་ཁོ་ཚོའི་མི་ཡིན་པ་སྟེ། རེས་དར་རེས་རྒུད་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་སྐབས་རེར་རྩ་རྒུད་ཀྱི་ཉེན་ཁར་འཕྲད་ཅིང་མཚམས་རེར་དམར་གསོད་ཀྱི་སྡུག་བསྔལ་མྱངས་པ་སོགས་དཀའ་ངལ་བློས་ཤོང་དཀའ་བ་མང་པོ་ཞིག་དང་གདོང་ཐུག་མཉམ་གཤིབ་ཀྱི་ཉམས་མྱོང་གསོན་པོ་བརྒྱུད་པ་ལས། དཔལ་འབྱོར་ནི་ནམ་ཞིག་གཞན་གྱིས་མི་འཕྲོག་པའི་ངེས་པ་ཡེ་ནས་མེད་པས་ས་ཆ་གང་དུ་སོང་ཡང་བྱ་བ་ཅི་ཞིག་བསྒྲུབས་ཀྱང་དཔེ་ཆ་ཁོ་ན་བསྣམས་ཏེ་འགྲོ་ཞིང་། དཔེ་ཆ་ལས་ཐོབ་པའི་ཤེས་རབ་ཀྱི་འབྱོར་བ་དེ་ནམ་དུའང་གཞན་གྱིས་འཕྲོག་མི་ཐུབ་པར་ཡིད་གཏིང་ནས་ཆེས་པས། ག་དུས་ཡིན་ཡང་དཔལ་འབྱོར་གྱི་སྟོབས་ཤུགས་སློབ་གསོ་ལ་ཕུལ་ཞིང་དུས་ཚོད་ཀྱི་རིན་ཐང་བྱིས་པའི་སློབ་གསོ་ལ་སྤྲད་པ་སྟེ། འདི་ལྟར་ཡ་གི་དཱ་པ་མི་རིགས་འདི་སྟོབས་འབྱོར་ཅན་དུ་ཆགས་ཤིང་འཛམ་གླིང་སྤྱི་ལ་མཛད་རྗེས་ཆེ་བའང་དེའི་དོན་དུ་ལེགས་པར་གསུངས།

   གཞན་ཡང་། འཛམ་གླིང་སྟེང་གི་མིང་དུ་གྲགས་པའི་མཚན་ཉིད་པ་དང་བསམ་བློ་བ། རྩོམ་པ་པོ། སྙན་ངག་པ་སོགས་མང་དུ་འཁྲུངས་སའི་འཇར་མན་རྒྱལ་ཁབ་ཀྱི་དཔེ་ཀློག་གནས་ཚུལ་སྐོར་ལ་རྒྱའི་རྩོམ་པ་པོ་ལེ་ཐཱང་གིས་སྤྱི་བསྡོམས་འདི་ལྟར་བྱས་འདུག་སྟེ། འཇར་མན་མི་གྲངས་ཀྱི་བརྒྱ་ཆའི་གོ་གཅིག་གིས་ལོ་རེར་དཔེ་ཆ་གཅིག་རེ་དང་། བརྒྱ་ཆའི་ཉེར་གསུམ་གྱིས་ལོ་རེར་དཔེ་ཆ་དགུ་ནས་བཅོ་བརྒྱད་བར། བརྒྱ་ཆའི་ཉེར་ལྔ་ཡིས་ལོ་རེར་དཔེ་ཆ་བཅོ་བརྒྱད་ཙམ་སྟེ་ཕལ་ཆེར་གཟའ་འཁོར་གསུམ་རེའི་ནང་དཔེ་ཆ་གཅིག་རེ་ཀློག་བཞིན་པའི་གནས་ཚུལ་མཆིས།

  འཇར་མན་པ་བརྒྱ་ཆའི་བདུན་ཅུ་ཙམ་དཔེ་ཆ་ཉོ་རྒྱུར་དགའ་ཞིང་། མི་གྲངས་ཕྱེད་ཀའི་ཡན་གྱིས་དུས་ལྟར་དཔེ་ཆ་བླུ་ལ། སུམ་ཆའི་གཅིག་ཙམ་ཉིན་བཞིན་དཔེ་ཀློག་གིས་འཚོ། ལྷག་པར་ན་གཞོན་རྣམས་ཝུ་ཆང་འཐུང་བ་ནང་ལྟར་དཔེ་ཀློག་ལ་དགའ་སྣང་ཆེས་ཆེར་འདུག། ལོ་གྲངས་བཅུ་བཞིའི་ཡན་གྱི་འཇར་མན་པའི་ནང་། བརྒྱ་ཆའི་རེ་དགུ་ཡིས་གཟའ་འཁོར་རེར་དཔེ་ཆ་གཅིག་རེ་དང་།   བརྒྱ་ཆའི་སོ་དྲུག་གིས་ཉིན་རེར་དཔེ་ཆ་གཅིག་རེ། བརྒྱ་ཆའི་ཉེར་གཉིས་ཀྱིས་དཔེ་ཆ་གཅིག་ཙམ་མ་ཡིན་པའི་མང་པོ་སྟེ། དེ་ལས་ཀྱང་བརྒྱ་ཆའི་བཅུ་དྲུག་ཙམ་དཔེ་ཀློག་དང་མཉམ་འགྲོ་མཉམ་འདུག་ཡིན་ཚུལ་གླེང་། མི་གྲངས་བྱེ་བ་བརྒྱད་ཀྱི་འཇར་མན་པ་ལ་འཛམ་གླིང་དཔེ་དེབ་ཉོ་འཚོང་གི་ཚོང་ར་ཆེན་པོ་ཨང་རིམ་གཉིས་པ་དེ་མངའ་ཞིང་། ལོ་རེར་ཡོ་སྒོར་དུང་ཕྱུར་གོ་དྲུག་དཔེ་ཆ་ཉོ་འཚོང་གི་ཕྱོགས་སུ་འགྲོ། ལོ་རེར་དེབ་གསར་མི་གཅིག་པ་ཁྲི་དགུ་རེ་དཔར་བསྐྲུན་གྱིས་ཕལ་ཆེར་འཇར་མན་པ་ཁྲི་གཅིག་ལ་དེབ་གསར་བཅུ་གཅིག་དང་ཕྱེད་རེའི་བགོ་སྐལ་སྣང་།  གཞན་ཡང་འཇར་མན་རྒྱལ་ཁབ་ལ་དཔེ་ཚོང་ཁང་མང་དུ་འདུག་པ་སྟེ་ཕལ་ཆེར་མི་ཁྲི་གཅིག་དང་སྟོང་བདུན་རེའི་བར་ལ་དཔེ་ཚོང་ཁང་གཅིག་རེ་མངའ་བར་གསུངས།

   གཞན་ཡང་། སྐུ་ཞབས་ཆན་ལོས་ཆོན་གྱིས་སློབ་གསོ་བསྒྲུབ་པ་ལ་ཆ་རྐྱེན་གསུམ་ཚང་དགོས་པར་སྙམ་སྟེ། ཐོག་མར་དཔེ་ཀློག་ལ་དགའ་བའི་སློབ་གཙོ་བཟང་པོ་ཞིག་དང་། དེ་ནས་སློབ་གཙོ་བཟང་པོ་དེའི་ཐུ་འོག་ནས་བྱུང་བའི་སློབ་གསོ་ལ་དགའ་ཞིང་། སློབ་མ་ལ་དགའ་ལ། དཔེ་ཀློག་ལ་དགའ་པའི་དགའ་བ་གསུམ་གྱི་མཚན་ཉིད་ཚང་བའི་དགེ་རྒན་བཟང་པོ་དག་དགོས་ལ། ད་དུང་དེའི་ཐོག་རྒྱུགས་འབྲེལ་དཔེ་ཆ་རྐྱང་བ་མ་ཡིན་པའི་སློབ་མར་འཚམ་པའི་གནའ་དེང་མཁས་པའི་གསུང་རབ་བརྩིགས་པའི་དཔེ་མཛོད་ཁང་ཞིག་ཀྱང་ངེས་པར་དགོས་ཞེས་གསུངས།

   དེ་ལྟར་དཔེ་ཀློག་ནི་བདུད་རྩི་མིན་ཡང་ལུས་སེམས་གསོ་ཐུབ་ལ་དབྱུག་ལྕག་མིན་ཡང་མདུན་སྐྱོད་ལ་ངར་ཤུགས་སྩོལ་ཐུབ། གཤོག་པ་མིན་ཡང་འཕུར་ལྡིང་རྒྱག་ཐུབ་ལ་ཀུན་ནུས་མིན་ཡང་འགྱུར་བ་སྣ་ཚོགས་བསྐྱེད་ཐུབ། དཔེ་ཀློག་གི་ཀུན་སློང་རྩེ་མོར་སྙེག་འདོད་ཀྱི་ཧམ་པ་མིན་ཡང་མ་མཐའ་ཡང་གཡང་དུ་མི་ལྷུང་བའི་དན་རྟགས་ཡིན་ལ། གོམ་གང་སྤོས་པས་ལྷ་ཡུལ་ལ་སླེབས་འདོད་མིན་ཡང་མི་ཚེའི་འགག་མདོ་རུ་རང་ཉིད་ལེགས་པར་ངོ་ཤེས་པའི་ཆེད་དུ་ངེས། དཔེ་ཀློག་ལ་དགའ་བ་དེས་ཁེར་རྐྱང་གི་སྐྱོ་གདུང་ཐམས་ཅད་དགའ་སྐྱིད་ཀྱི་གླུ་དབྱངས་སུ་འགུག་ཐུབ་ཅིང་། གུ་ཡངས་ཀྱི་འཇིག་རྟེན་ནས་རང་དབང་གི་ཕུན་ཚོགས་ལ་ལོངས་སྤྱོད་ཀྱི་དགའ་སྟོན་དགྱེད་ཐུབ་པར་འགྱུར། དུད་འགྲོ་མི་རུ་འཕེལ་བའི་ཉེར་རྒྱུ་ཡིན་ལ། གཉོམ་པོས་བཙན་ས་ཟིན་པའི་ལྡེ་མིག་ཏུའང་གསུངས་སོ།།

རྩོམ་ཁུངས།  སྒང་ལོང་པའི་རྩོམ་རིག་འཕྲིན་སྟེགས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527859
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།