འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ས་དཔྱད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། » འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ས་དཔྱད།
འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ས་དཔྱད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-18ལྟ་ཀློག (6939)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

 འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ས་དཔྱད།

   ལྟག་ཨོ་རྒྱན་ཆོས་འཕེལ།

 

    འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་ནས་སྤྱི་ལོ་༡༤༠༩ལོར་ཕྱག་བཏབ། དགོན་འདེབས་སའི་ཡུལ་དེ་ནི་ཆོས་དུང་གནང་ཞིང་ལུང་བསྟན་ཞེས་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ནས་ལུང་བསྟན་པ་དང་། དགའ་ལྡན་ཞེས་འབོད་པའི་མིང་དེའང་མཁན་ཆེན་ཆོས་སྐྱོབ་དང་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ནས་དངོས་སུ་ལུང་བསྟན་ཞེས། དེ་བཞིན་དུ། རྗེ་བླ་མ་བློ་བཟང་གྲགས་པ་ཉིད་ནས་ཀྱང་ཕལ་ཆེར་སྤྱི་ལོ་༡༣༩༧ནས་འགོ་བཙུགས་ཏེ་ལོ་ངོ་བཅུ་གྲངས་རིང་དགོན་ས་བཙལ་བ་དང་། རིམ་གྱིས་བརྟག་པ་དུ་མ་དང་དཔྱད་པ་མང་པོ་མཛད་དེ་ད་ལྟའི་དགོན་པ་འདེབས་སའི་ས་དེ་ཐུགས་བློར་འབབ་པ་ཡིན།  དགའ་ལྡན་དགོན་པ་ནི་རི་གསུམ་གྱི་བར་དུ་ཆགས་ཡོད། རི་གསུམ་ནི་དབང་བསྐུར་རི་དང་། འགོག་པ་རི་དང་། ནོར་བུ་རི་གསུམ་སྟེ། རི་གསུམ་ལས་མཐོ་ཤོས་ནི་དབང་བསྐུར་རི་ཡིན། འདུ་ཁང་རྣམས་གཙོ་བོ་ནོར་བུ་རིའི་ངོགས་སུ་བཞེངས་ཡོད། སྤུན་གྱི་གནས་བཤད་ལྟར་ན། དགའ་ལྡན་དགོན་ཆགས་ས་ནི་ཤྭ་བ་ཡུ་མོ་ཞིག་ཉལ་འདྲའི་པང་དུ་ཁེལ་ཞེས། ཤིན་ཏུ་དབེན་པ་དང་། ཡུལ་ལྗོངས་མཛེས་པ་དང་། ཁོར་ཡུག་ཡག་པ་ནི་དགོན་ཆགས་སའི་གནས་དེའི་ཁྱད་ཆོས་གཙོ་བོ་ཞིག་གོ ། དབང་བསྐུར་རི་ནི་བོད་ཀྱི་བརྩན་པོ་གནམ་རི་སྨོན་བཙན་གྱི་བླ་རི་སྟེ། བཙན་པོ་དེས་རང་གི་ཕོ་བྲང་ཡར་ཆབ་གཙང་པོའི་བྱང་ཕྱོགས་མལ་གྲོ་རུ་སྤོས་པའི་རྒྱུ་མཚན་གཙོ་བོ་ཞིག་ཀྱང་རི་རྒྱུད་འདི་ལ་ཐུག་ཅིང་། རི་དེ་དང་བལྟོས་པའི་བླ་མཚོ་ནི་གཟི་ཅན་བླ་མཚོ་ཞེས་འབོད་པ་དེའོ། དེས་ན། བོད་བཙན་པོའི་སྐབས་སུ་ནས་བླ་རི་འདི་ནི་ཤི་གསོན་གཉིས་ཀྱི་འདུ་གནས་ཤིག་སྟེ། ཚེ་དང་ལྡན་པ་རྣམས་ཀྱིས་གཟའ་སྐར་འཕྲོད་སྦྱོར་བཟང་པོ་དང་བསྟུན་ཏེ་བླ་རི་འདི་ལ་བསང་དང་རླུང་རྟ་གཏོར་ཞིང་། ཚེ་ལས་འདས་པ་མང་པོའི་བང་སོ་ནི་བླ་རི་འདིའི་ཉེ་འདབས་སུ་བརྩིགས་པ་ཡིན་ནོ། ། སྔུན་གྱི་དུས་སུ་བླ་རི་འདི་ནི་སྟེང་ཕྱོགས་ལྷ་ལ་མཆོད་པ་འབུལ་བའི་གནས་རི་ཞིག་དང་། གཉན་ཆེན་ཐང་ལྷའི་མདུན་གསོལ་ཡིན་པ་བསྙོན་མེད་རེད། ཁྱད་པར་དུ་དབང་ཐང་དང་བསོད་ནམས། གཟི་སྟོབས་སོགས་གོང་དུ་འཕེལ་བར་བྱེད་ནུས་པའི་གནས་ངོ་མཚར་ཅན་ཞིག་ཡིན་ངེས། རྒྱུ་མཚན་ནི་བཙན་པོ་གནམ་རི་སྨོན་བཙན་གྱིས་ལྷ་རྩེ་འདིའི་སྒང་དུ་གཉན་ཆེན་ཐང་ལྷ་མདུན་དུ་བསུས། གངས་རི་དཀར་པོ་ལ་རྒྱབ་བཅོལ་ཏེ་ལོ་ངོ་བཅུ་གསུམ་(༦༢༧) ཐོབ་པའི་རྒྱལ་སྲས་སྲོང་བཙན་སྒམ་པོ་རྒྱལ་ཚབ་དུ་དབང་བསྐུར་བ་དེའོ། རྗེས་སུ་ལྷ་རྩེ་འདིའི་མིང་ལ་དབང་བསྐུར་རི་ཞེས་གྲགས་སོ། །

   བོད་བཙན་པོའི་དུས་ནས་བཟུང་མི་ཆེན་བླ་དྲག་དང་འབངས་རྣམས་ཀྱིས་ལོ་ལྟར་དབང་བསྐུར་རིའི་ལྷ་རྩེ་སྒང་དུ་ཡུལ་ལྷ་གསོལ་ཞིང་། བྱང་གི་གཉན་ཆེན་ཐང་ལྷ་ནས་གཙོས་པའི་གཞི་བདག་ཆེན་པོ་རྣམས་མཆོད་སྲོལ་ཡོད། དེར་བརྟེན། རི་བོ་འདི་སྔ་ཞིག་གི་དུས་ནས་གནས་རྩ་ཆེན་པོ་ཞིག་ཡིན་པ་བཤད་མ་དགོས། དབང་བསྐུར་རིའི་རྩེ་ནས་ལངས་ཏེ་ཕྱོགས་སུ་བལྟས་ན་དགའ་ལྡན་དགོན་པ་ཆགས་སའི་ནོར་བུ་རི་དང་འགོག་པ་རེའང་རི་རྒྱུད་འདིར་གཏོགས་པའི་ཤར་བྱང་གི་སྣེ་རུ་ཁེལ། དེ་མ་ཚད། ཕྱོགས་ཀྱི་རི་བོ་ཐམས་ཅད་ཀྱང་དབང་བསྐུར་རི་ལ་མགོ་བོ་དུད་པའི་ཚུལ་དུ་གནས། ས་དཔྱད་འདི་ལྟར་ནི་བཙན་པོ་གནམ་རི་སྨོན་བཙན་མེད་དུ་མི་རུང་ཞིང་། རྒྱལ་པོ་སྲོང་བཙན་སྒམ་པོ་ལ་དགོས་གལ་ཆེ་བ། རྗེ་ཙོང་ཁ་པ་ལ་དེ་བཞིན་དུ་དོན་སྙིང་ཁྱད་པར་བ་ལྡན་ནོ། ། 

   གཞན་ཡང་། དབང་བསྐུར་རི་ལ་གསང་བ་ཞིག་ཡོད་པ་ནི། རི་འདིའི་རང་བཞིན་ནི་རྔམ་པའི་ང་རོ་ཅན་སྟག་སེང་ཁྱུང་འབྲུག་བཞི་ལས་སྟག་ཐོབ། བཙན་པོ་གནམ་རི་སྨོན་བཙན་གྱིས་ས་དཔྱད་བགྱིས་པའི་འདུ་ཤེས་སུ་རང་གི་བུ་ལ་ཆིབས་པ་སྟག་ཅིག་གནང་བ་དང་། ཅིག་ཅར་དུ་མ་འོངས་པར་རྒྱལ་བུ་འདིས་གཅན་གཟན་སྟག་གི་དཔའ་སྟོབས་སྒོས་བྱང་གི་ཡུལ་ཁམས་ཆེན་པོ་སྟག་གཟིག་(ཏ་ཟིག) དབང་དུ་བསྡུ་བའི་རེ་བ་འཇོག་པ་དེའོ། ། དེ་ལྟར་ནི་སྔར་དགའ་ལྡན་དགོན་པའི་རི་ཤོད་ཀྱི་ཚལ་དུ་དངོས་སུ་སྟག་རྒྱུ་བ་ནས་བཤད་ཐུབ། དེ་ཡང་བྱང་སྡེ་སྟག་འདུལ་གྱི་བསམ་བློ་ནས། རྒྱལ་པོ་སྲོང་བཙན་གྱི་(བྱང་འདུལ)དམག་དཔུང་གི་དམག་དར་དུ་གཅན་གཟན་སྟག་གི་རི་མོ་བཀོད་དོ། ། འདི་ཡང་དབང་བསྐུར་རི་དང་དེའི་ས་དཔྱད་དང་འབྲེལ་བ་ཆེ་བ་ཡིན་ནོ། ། 

   ༼འཇམ་དཔལ་རྩ་རྒྱུད༽་ལས། འཇིག་རྟེན་ང་ནི་མྱ་ངན་འདས། ། ས་ཡི་སྟེང་འདི་སྟོང་གྱུར་ན། ། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། ། སངས་རྒྱས་མཛད་པ་བྱེད་པར་འགྱུར། ། དེ་ཚེ་དགོན་ཆེན་རབ་དགའ་བ། ། ཁ་བ་ཅན་ན་ཡོད་པ་ཡིན། ། དང་། ༼པདྨ་བཀའ་ཐང་ ༽ལས། དགའ་ལྡན་ཞེས་པའི་དགོན་གནས་དམ་པ་རུ༔ མཁས་པའི་མཆོག་གྱུར་མདོ་རྒྱུད་དོན་ལ་མཁས༔ རྡོ་རྗེ་འཆང་སྤྲུལ་གསང་སྔགས་བཀའ་སྒོ་འབྱེད༔ འགྲོ་བའི་དེད་དཔོན་ལམ་སྟོན་ས་མཁན་ནི༔ བློ་དང་བཟང་གི་མཚན་ཅན་སྐྱེས་བུ་འབྱུང༔ གསང་མཚན་ལས་རབ་རྡོ་རྗེས་བདེ་བ་རྩལ༔ཞེས་གསུངས་པ་ལྟར། འབྲོག་རི་བོ་དགའ་ལྡན་དགོན་འདེབས་སའི་ཡུལ་ལ་སྔོན་དང་སྔོན་གྱི་དུས་ནས་ལུང་བསྟན་མང་པོ་ཞིག་ཡོད་ཅིང་། དེ་བཞིན་དུ། གདན་ས་ཆེན་པོ་འདིའི་ས་དཔྱད་དང་ས་ཡི་དགེ་བ་དང་ཡོན་ཏན་ཡང་ལུང་བསྟན་ཁག་དང་ཤིན་ཏུ་འཕྲོད་ཅིང་དོན་དང་མཐུན་པར་གྱུར་བའོ། ། 

   ༼དགའ་ལྡན་དགོན་གྱི་དཀར་ཆག་སྣང་གསལ་སྒྲོན་མེ་༽ལས། ཕུན་སུམ་ཚོགས་པའི་གནས་དེར་གནམ་འཁོར་ལོ་རྩིབས་བརྒྱད་དང་། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད། ལུང་པ་ཕུ་ཆུང་བ། མདའ་ཆེ་བ། དབྱིབས་པདྨ་འདབ་བརྒྱད་ཁ་ཕྱེ་བ་ལྟ་བུ། རྒྱབ་རི་དར་དཀར་གྱི་ཡོལ་བ། མདུན་རི་ཆོས་ཞུ་བ། གཡས་རི་དཔའ་བོ་གདན་ལ་བཞུགས་པ། གཡོན་རི་མཁའ་འགྲོ་གར་བྱེད་པ་བཅས་དང་། དགའ་ལྡན་དགོན་འདི་ཕྱི་དབེན་པའི་རི་ཁྲོད། ནང་གསང་བ་འདུས་པའི་ཕོ་བྲང་ཅེས་གསུངས་སོ། ། གང་ལྟར། དགའ་ལྡན་དགོན་པའི་ས་དཔྱད་ལེགས་པར་ཕྱོགས་བཞིའི་བདག་པོ་བཞི་ཤར་སྟག་སྐྱ་བོ། ལྷོ་གཡུ་འབྲུག་སྔོན་མོ། ནུབ་བྱ་དམར་པོ། བྱང་རུས་སྦལ་སེར་པོ་བཅས་གདན་དུ་མ་ནོར་བར་བཞུགས་སོ། ། 

   སྤྱིར་ན་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདི་རི་གསུམ་གྱི་གནས་སུ་ཆགས་ནའང་། འདུ་ཁང་དཀར་མོ་དང་ཡངས་པ་ཅན་སོགས་གཙོ་རྟེན་གྱི་ཚོགས་ཁང་ཁག་ནི་དབང་བསྐུར་རི་དང་འགོག་པ་རིའི་བར་གྱི་ནོར་བུ་རིའི་ངོགས་སུ་ཆགས། དོན་དངོས་སུ་ནོར་བུ་རིའི་སྟེང་དུ་ཆགས། འདི་ས་དཔྱད་དང་བསྟུན་ན་ནོར་བུ་གདན་དུ་འཁོད་པའི་ས་ཡི་བཀྲ་བ་ཞིག་སྟེ། ས་ཡི་དབྱིབས་ནས་བཤད་ན་གདན་ས་འདི་ནོར་བུ་ཆེན་པོ་ཞིག་གི་སྟེང་དུ་བཞེངས་པ་དང་འདྲ་བར་ཡིན་ནོ། ། 

   ནོར་བུ་རིའི་ས་དབྱིབས་ནི་ཤྭ་བ་ཡུ་མོ་ཞིག་ཉལ་བ་ལྟར། ཤྭ་བའི་རྩིབ་མའི་ཕྱོགས་སུ་ཕ་བོང་ཅིག་འབུར་དུ་དོད་པ་ནི་ནོར་བུ་སྔོན་པོ་ཨིནྡྲ་ནཱི་ལ་དང་འདྲ་ཞིང་། ཕར་བལྟས་ན་ཕ་བོང་དེ་ཕལ་ཆེར་ནམ་མཁའ་རུ་འཕུར་འགྲོ་ས་འདུག་སྙམ་པ་ཞིག་སྟེ། དེ་ལ་རྗེ་བདག་ཉིད་ཆེན་པོས་དམིགས་བསལ་གྱིས་རྟེན་འབྲེལ་བསྒྲིགས་ཏེ་ཡངས་པ་ཅན་གཙུག་ལག་ཁང་ཕྱི་དམར་པོ་ཅན། ནང་ཀ་བ་བདུན་ཅུ་དོན་གཉིས་ཅན། བཀོད་པའི་དབྱིབས་སུ་སློབ་དཔོན་ཅན། སྒོ་ཤར་བསྟན་ཅན། རྟེན་གཙོར་ཐུབ་དབང་ཚུལ་ཁྲིམས་མ་གསེར་ཟངས་ཅན་སོགས་བཞེངས་སོ། །  ཡངས་པ་ཅན་གཙུག་ལག་ཁང་གི་ཕྱི་དམར་པོ་ནི་དབང་གི་མཚོན་བྱེད་དེ། ཁ་དོག་འདི་ཚོགས་ཆེན་འདུ་ཁང་དཀར་མོ་དང་དཀར་དམར་ར་སྤྲོད་པ་ཡིན། ཀ་བ་བདུན་ཅུ་དོན་གཉིས་ནི་བདུན་གཉིས་(༧)(༧/༢༩)བཅས་པའི་དགུ་སྟེ། དེ་ནི་བསླབ་གསུམ་ལ་གནས་པའི་དགེ་འདུན་པའི་སྡེ་མང་པོ་ཡོང་བའི་བརྡ་དོན་བསྟན། གཞན་ཡང་། ས་དཔྱད་དུ་བལྟས་ན་ཡངས་པ་ཅན་ནི་བྱུ་རུས་བརྒྱན་པའི་ནོར་བུ་རིའི་རྩེ་ཏོག་ལྟར་མཛེས་ཤིང་། བཀོད་པའི་ཆ་ནས་ཡིད་དབང་འཕྲོག། དེ་འདྲའི་ས་དཔྱད་ཀྱི་ཡོན་ཏན་རྟག་ཏུ་མངོན་པ་དང་རྟག་ཏུ་ཐོབ་པ། རྟག་ཏུ་གནས་པ་དང་རྟག་ཏུ་ནོར་བུ་རིའི་དབང་སྡུད་ཀྱི་ཆེ་བ་སོགས་འདོན་ཕྱིར། ཡངས་པ་ཅན་གཙུག་ལག་ཁང་བཞེངས་དུས་དམིགས་སུ་ཕ་བོང་གི་ཟུར་གཅིག་ཕྱི་ལོགས་རྨང་གི་མཚམས་སུ་མཇལ་རྒྱུར་བཞག་པ་དང་། གཞན་གཅིག་གཙུག་ལག་ཁང་གི་ནང་ལོགས་སུ་ད་ལྟའང་མཐོང་ཐུབ་པར་བཀོད་ཡོད་དོ། ། 

   ནོར་བུ་རིའི་ཕ་བོང་དེ་དགའ་ལྡན་དགོན་པའི་ས་དཔྱད་དང་འབྲེལ་བ་ཤིན་ཏུ་ཆེ་སྟེ། ཁ་ཅིག་གིས། ཕ་བོང་ཆེན་པོ་འདི་རྒྱ་གར་འཕགས་པའི་ཡུལ་གྱི་གནས་ཆེན་ཡངས་པ་ཅན་ནས་ཐད་ཀར་འཕུར་ཡོང་བ་ཡིན་སྐད། དེ་བཞིན་དུ། གཙུག་ལག་ཁང་དམར་པོ་ལ་ཡངས་པ་ཅན་ཞེས་མིང་དུ་བཏགས་ཟེར། དོན་དུ་རྗེ་བླ་མའི་དགོངས་པ་རུ་དགའ་ལྡན་དགོན་ནི་འཕགས་པའི་ཡུལ་གྱི་བཻ་ཤཱ་ལི་ནྲ་(ཡངས་པ་ཅན) བཞིན་སྟོན་པ་ཤཱཀྱ་མུ་ནེས་ཐེག་ཆེན་གྱི་ཆོས་མང་པོ་གསུངས་སའི་ཡུལ་དང་གཉིས་སུ་མེད་པར་གྱུར་བའི་སྨོན་ལམ་དང་། ཡང་ན། སྟོན་པའི་བསྟན་པ་སྤེལ་བ་ལ་ནོར་བུ་རིའི་ས་དཔྱད་དང་ཡོངས་སུ་མཐུན་པར་བསྟན་པའི་སྦྱིན་བདག་མངའ་ཐང་ཅན་མང་པོ་ཡོང་བའི་སྨོན་ལམ་ཞིག་ཀྱང་ཡོད་དོ། །

   དགའ་ལྡན་དགོན་པའི་ཚོགས་ཆེན་འདུ་ཁང་དཀར་མོ་དང་། ཡངས་པ་ཅན་སོགས་གཙུག་ལག་ཁང་གཙོ་ཤོས་དེ་ནོར་བུ་རིའི་སྟེང་དུ་ཆགས། ཁྱད་པར་དུ་དགའ་ལྡན་དགོན་པའི་རྟེན་གྱི་གཙོ་བོ་ཐུབ་དབང་ཚུལ་ཁྲིམས་མའང་ནོར་བུ་རིའི་དབང་སྔོན་གྱི་ཁྲི་ལ་བཞུགས། ས་དཔྱད་ཀྱི་རྣམ་པ་འདི་ལ་ནོར་བུ་གདན་འཁོད་ཅེས། ནོར་བུ་རིན་པོ་ཆེ་དབང་དུ་བསྡུ་བ་དང་ཤིན་ཏུ་བསོད་ནམས་དར་བ། དབང་ཐང་འཛད་མེད་ཡིན་པ་བསྟན། གཞན་ཡང་། ས་དཔྱད་ཀྱི་འབྲས་བུ་འདིས་རྐྱེན་པས་དགོན་སྡེ་འདི་དང་དེའི་ཡན་ལག་གི་འདུས་སྡེ་རྣམས་ནམ་ཡང་འབྱོར་བ་ལྡན་ཞིང་། བསོད་ནམས་ཆེན་པོ་ཐོབ་པ། ཕུན་གསུམ་ཚོགས་པ་བཅས་སོ། ། 


   ཤོད་སྲོལ་དུ། དགེ་ལུགས་པའི་གྲྭ་པ་རྣམས་སྣུམ་པོ་ཡོད་ཅེས་པ་ནི་རྗེ་བླ་མས་ཚོགས་རྒྱ་ཆེན་པོ་བསགས་པའི་འབྲས་བུ་བསྔོ་བ་ཡིན་སྐད། ཡིན་ནའང་། འདིར་རྒྱུ་མཚན་འགའ་ཞིག་ཡོད་སྣང་། གལ་ཏེ། ས་དཔྱད་ནས་བརྟག་ན། དགེ་ལུགས་པའི་མ་དགོན་གྱི་ཚོགས་ཆེན་འདུ་ཁང་དཀར་མོ་དང་། གཙུག་ལག་ཁང་ཡངས་པ་ཅན་དམར་པོ་དང་། གསེར་གདུང་མཐོང་བ་དོན་ལྡན་སོགས་ནོར་བུ་རིའི་སྒང་དུ་ཆགས་ཡོད་པ་ནས་སོ། ། ས་དཔྱད་ཀྱི་རྣམ་པ་འདིས་བསོད་དབང་གི་བཅུད་བསྡུ་བ་དང་། གང་ཞིག་དབང་དུ་མཛད་དེ་གནམ་ནོར་བུ། ས་ནོར་བུ། མི་ནོར་བུའི་རྣམ་བཞག་བཀོད་ཅིང་། དགེ་ལྡན་པའི་རྗེས་སུ་འཇུག་པ་རྣམས་ལ་རྟག་ཏུ་བསོད་ནམས་རང་འཁོར་གྱི་དངོས་གྲུབ་སྟེར་བའོ། ། 

   དགའ་ལྡན་རི་གསུམ་ལས་འགོག་པ་རི་ནི་དབང་བསྐུར་རིའི་རི་རྒྱུད་ཀྱི་ཤར་གྱི་སྣེ་མོ་སྟེ། རི་འདི་བརྗིད་ཅིང་མཛེས་པ་དང་། བྲག་རི་གཟར་ལ་བརྟན་པ། རྩི་ཤིང་དང་མེ་ཏོག་རྒྱས་པ། བྱ་དང་བྱིའུ་སྣ་ཚོགས་ཀྱིས་སྐད་སྙན་བསྒྱུར་བ་བཅས། ཁ་ནི་ལོ་ཡི་ཕྱོགས་སུ་གཏད་ཅིང་། སྔུན་འདས་པའི་དུས་ནས་མོའུ་འགལ་གྱི་བུ་དང་། ཁྲི་སྲོང་བཙན་སོགས་སྐྱེས་བུ་དམ་པ་མང་པོའི་ཞབས་ཀྱིས་བཅགས་མྱོང་སྟེ། བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འབར་རོ། ། 

   གནས་འདི་ལ་འགོག་པ་རི་ཞེས་པ་ནི། ཤོད་སྲོལ་དུ། སྔུན་རྗེ་བདག་ཉིད་ཆེན་པོས་དགོན་ས་བརྟག་པའི་སྐབས་སུ་རི་འདིའི་ཁྲོད་དུ་དགྲ་བཅོམ་པ་ཞིག་འགོག་པ་ལ་སྙོམས་པར་ཞུགས་ཡོད་པས། རྗེ་བླ་མས་དགྲ་བཅོམ་དེ་འགོག་པ་ལས་བསླངས། དེའི་ཕྱིར། གནས་དེར་འགོག་པ་རི་ཞེས་མིང་ཐོབ་ཟེར། གཞན་ཡང་། འགོག་པ་རི་ནི་རྗེ་བླ་མས་ཆོས་དུང་དཀར་མོ་གཏེར་ལས་བཞེས་སའི་གནས་རི་རྩ་ཆེན་པོ་ཞིག་སྟེ།  ས་དཔྱད་དུ་བྱས་ན། འགོག་པ་རི་ནི་དགྲ་བཅོམ་པ་ཏིང་ངེ་འཛིན་ལ་རོལ་བའི་གནས་ཏེ། དེར་བརྟེན། རི་འདིས་བསླབ་པ་གསུམ་ལས་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་མཚོན་ཞིང་། རྟེན་འབྲེལ་གྱི་དབང་དུ་བྱས་ན། འགོག་པ་རི་ནི་ཆོས་དུང་གཉེར་བའི་གནས་བཟང་སྟེ། གནས་ཀྱི་དགེ་བ་འདིས་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་དུ་མདོ་སྡེའི་བསྟན་པ་ཡུན་དུ་གནས་པ་དང་། ཆོས་ཀྱི་སྒྲ་དབྱངས་ཕྱོགས་སུ་ཁྱབ་པའི་དོན་བསྟན་ནོ། ། 

   དགའ་ལྡན་གྱི་རི་གསུམ་ནི་རིགས་གསུམ་མགོན་པའི་ཚུལ་དུ་གནས་ཤིང་། གཡས་ཀྱི་བླ་རི་མཐོན་པོ་ནི་སྤྱན་རས་གཟིགས་དང་། དཀྱིལ་གྱི་ནོར་བུ་སྤུངས་རི་ནི་འཇམ་དཔལ་དབྱངས་དང་། གཡོན་གྱི་འགོག་པ་རི་ནི་ཕྱག་ན་རྡོ་རྗེ་སྟེ། ས་དཔྱད་ཀྱི་བཀྲ་གསལ་དེ་བཞིན་དུ། འགོག་པ་རི་ནི་རི་གསུམ་ལས་ཏོག་ཙམ་དྲག་པོ་དང་ཁྲོས་ཉམས་ཅན་གྱི་ཚུལ་དུ་གནས་ཤིང་། འདི་ནི་རྗེ་བླ་མའི་དགོན་ས་བརྟག་པའི་ཆེ་བའི་ཡོན་ཏན་གྱི་ཁྱད་ཆོས་དང་མཐུན་ཞིང་། གང་ཡིན་ཞེ་ན། འགོག་པ་རིའི་རི་དབྱིབས་ནི་གཡོན་གྱི་གྲུ་མོ་ནང་ལ་བསྐུམས་པ་ནས་དབེན་གནས་ཆེན་པོ་སྲུང་བའི་སྟབས་བཞིན། འདིས་དམ་ཚིག་ཉམས་པའི་བསྟན་དགྲ་དང་། བདུད་དང་། ལྟ་ལོག་ཅན་དང་། གནོད་པ་གང་ཡིན་སོགས་ཕྱི་རུ་འགོག་པ་དང་། ཁྱད་པར་དུ་ས་ཡི་དགྲ་དང་། ཆུ་ཡི་དགྲ་དང་། མེ་དང་རླུང་གི་དགྲ་དང་། གནམ་གྱི་དགྲ་སོགས་འགོག་པ་དེའོ། ། དེར་བརྟེན། འགོག་པ་རིའི་༼འགོག༽་འདི་འགོག་སྲུང་གི་འགོག་ལའང་གོ་དགོས་ཏེ། རྒོལ་བ་དང་བཀག་པའི་དོན་ལ་འཇུག་ཅིང་། ས་དཔྱད་ཀྱི་གཏན་ཚིག་ཏུ་མེད་དུ་མི་རུང་བའི་ཆ་ཤས་གཙོ་བོ་ཞིག་གོ །

   དགའ་ལྡན་དགོན་པའི་ས་དཔྱད་ཀྱི་སྡེ་ཚན་དུ་ཤིན་ཏུ་ངོ་མཚར་སྐྱེ་འོས་པ་ཞིག་ནི་དགོན་དེའི་ནམ་མཁའི་མཚན་རྟགས་ཏེ། ༼རི་བོ་དགའ་ལྡན་གྱི་དཀར་ཆག་སྣང་གསལ་སྒྲོན་མེ༽་ལས། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། ལོགས་བཀྲ་ཤིས་རྟགས་བརྒྱད་ཅེས་གསུངས་པ་བཞིན། དགོན་པའི་ནམ་མཁའི་དབྱིབས་དེ་འཁོར་ལོའི་གཟུགས་སུ་བཀོད་ཡོད། ཡིན་ནའང་། འཁོར་ལོ་ནི་ས་དཔྱད་སྤྱིའི་འགྲོས་ཤིག་སྟེ། ཐུན་མོང་གི་དབང་དུ་བྱས་པ་ཡིན་མོད། བྱེ་བྲག་ཏུ་དགའ་ལྡན་དགོན་པའི་མཁའ་དབྱིངས་སུ་རྗེ་བཙུན་བྱམས་པ་མགོན་པའི་ཞིང་ཁམས་ཡིད་དགའ་ཆོས་འཛིན་མངོན་སུམ་དུ་ཤར་བ་དེ་ཡིན། དེ་ནི་ལས་དག་པའི་སྣང་ངོ་རུ་ཡོད་པ་ལས། ལས་མ་དག་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། ། རྗེ་བདག་ཉིད་ཆེན་པོས་ཐོག་མར་དགོན་ས་བརྟག་པའི་སྐབས་སུ་ནམ་མཁའི་མཻ་ཏྲིའི་རྟགས་མཚན་འདི་ལ་ཐུགས་མཉེས་པོ་དང་དམིགས་བསལ་གྱིས་དང་ལེན་མཛད་ཡོད། རྒྱུ་མཚན་ཅི་ཡིན་ཞེ་ན། ནམ་མཁའི་མཚན་རྟགས་འདི་དང་བླ་མ་དབུ་མ་པ་ལས་ཞུས་པའི་འཇམ་དཔལ་དབྱངས་ཀྱི་ལུང་དང་དངོས་སུ་མཐུན་ཞིང་། མ་འོངས་པ་དགའ་ལྡན་དུ་འགྲོ་བ་དང་། མཚན་ལ་འཇམ་དཔལ་སྙིང་པོ་ཞེས་བྱ་བའི་རྟེན་འབྲེལ་དང་ར་འཕྲོད་པ་ཡིན་ནོ། ། 

   རྗེ་བདག་ཉིད་ཆེན་པོ་ལ་མཚོན་ན་ཚེ་གང་ཉམས་ལེན་གྱི་ཕྱིའི་བསྟེན་ཕྱོགས་ནི་རྗེ་བཙུན་འཇམ་དཔལ་དབྱངས་དང་། ནང་གི་བསྟེན་ཕྱོགས་ནི་རྗེ་བཙུན་བྱམས་པ་མགོན་པོ་ཡིན། བསྟེན་པ་འདི་གཉིས་ལ་ལྕི་ཡང་སྤུ་ཙམ་མེད་པ། གཡས་གཡོན་དུ་བཅད་པའི་ཆ་མཉམ་པའོ། ། དོན་དུ་ཟབ་མོ་ལྟ་བའི་བརྒྱུད་དང་རྒྱ་ཆེན་སྤྱོད་བརྒྱུད་གཉིས་ཕྱི་ནང་གི་ཚུལ་དུ་ཆུ་བོ་གཅིག་འདྲེས་བྱས་པ་ཡིན། འདིའི་སྒྲུབ་བྱེད་ལྟ་བུ་ནི་ལྷོ་བྲག་མཁན་ཆེན་གྱི་ཞལ་ནས། “བདག་གིས་ལོ་བདུན་ཅུ་ལོན་དུས་ལྷ་མོ་དཀར་མོ་ཞིག་ན་རེ། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ།” ཞེས་དང་། དེ་བཞིན་དུ་སྐྱེས་བུ་དམ་པ་མང་པོའི་གཟིགས་སྣང་དུ་རྗེ་བླ་མ་ཉིད་སྐབས་རེར་མགོན་པོ་བྱམས་པ་ལྟར་བྱོན་པ་དང་། སྐབས་རེར་རྗེ་བཙུན་འཇམ་དཔལ་དབྱངས་འོད་ཀྱི་དྲ་བ་ཅན་དུ་གྱུར་པ་སོགས་མང་། དོན་དུ་བརྒྱུད་གཉིས་གཅིག་འདྲེས་ཟིན་པ་དེའོ། ། ལ་ལས་བཀའ་བཞི་པ་བློ་བཟང་གྲགས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཡིན་པ་དང་། ཡང་ན། བླ་མ་དབུ་མ་པ་བརྒྱུད་དེ་དངོས་སུ་འཇམ་དཔལ་དབྱངས་ལས་ཆོས་ཞུ་བ་སོགས་ཀྱི་རྒྱུ་མཚན་ནས། རྗེ་ཙོང་ཁ་པ་དང་འཇམ་དཔལ་དབྱངས་གཉིས་ངོ་བོ་དབྱེར་མེད་ཡིན་ཚུལ་ཙམ་ལས་རྗེ་བཙུན་བྱམས་མགོན་དང་མཐུད་པ་ཟབ་མོ་ཡོད་ཚུལ་སྨོས་མཁན་དཀོན། འདི་ལྟར་སྨྲ་བའི་དགོས་པ་ནི་རྗེ་བླ་མའི་ལྟ་བའི་དགོངས་པ་དབུ་མ་པ་ལ་བབས་པར་བཤད་པའི་དོན་ནོ། ། ཡིན་ནའང་། རྗེ་བླ་མ་བློ་བཟང་གྲགས་པ་དང་མི་ཕམ་བྱམས་པ་མགོན་པོ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་ངང་ཚུལ་ཅན། རྗེ་བདག་ཉིད་ཆེན་པོ་ནི་རྗེ་བཙུན་བྱམས་པ་མགོན་པོའི་རང་གཟུགས་ལས་འཕྲོས་པ་ཡིན་པར། རྗེ་བླ་མའི་མཛད་ཆེན་ཀུན་དང་མི་ཕམ་མགོན་གཉིས་ལྷན་གཅིག་ཏུ་གནས་པ་ལྟར་རོ། ། 


   དཔེར་ན། རྫིང་ཕྱིའི་བྱམས་པ་ལ་ཞིག་གསོ་དང་། རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་དང་། ཟབ་མོ་དབུ་མའི་ལྟ་བ་ཐུགས་སུ་འཁྲུངས་ཁ་མའི་བྱམས་ཆེན་རྨི་ལམ་དང་། ལྷ་ལྡན་སྨོན་ལམ་ཆེན་མོའི་བྱམས་བསྐོར་རམ་བྱམས་པ་གདན་འདྲེན་དང་།  དགའ་ལྡན་དགོན་ཚོགས་ཆེན་འདུ་ཁང་གི་གསེར་ཁྲིའི་མདུན་གྱི་རྣམ་ཐར་སྒོ་གསུམ་སྟེང་རྩིག་ལྡེབས་སུ་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཞིང་བཀོད་འབུར་གཟུགས་ཅན་དང་། རྗེ་བླ་མས་དངོས་སུ་ལྗགས་བཀོད་གནང་བའི་འབྲས་སྤུངས་བྱམས་ཆེན་མཐོང་གྲོལ་མ་དང་། སྐུ་མྱ་ངན་ལས་འདས་རྗེས་དགའ་ལྡན་ཡིད་དགའ་ཚོས་འཛིན་དུ་གཤེགས་པ་སོགས་དཔེ་བཀོད་ཤིན་ཏུ་མང་། དེར་བརྟེན། རྗེ་ཙོང་ཁ་པའི་སྐུ་ཚེ་ཧྲིལ་པོའི་མཛད་ཆེན་ཁག་དང་རྗེ་བཙུན་བྱམས་པ་མགོན་པོ་གཉིས་ཁ་བྲལ་ཐབས་མེད་ཅེས་སོ། ། ཁྱད་པར་དུ་དགེ་ལྡན་སྙན་བརྒྱུད་དུ་རྗེ་བླ་མ་ཡབ་སྲས་གསུམ་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་བདག་པོ་བྱམས་པའི་ཐུགས་ཀ་ནས་བྱུང་བ། དེ་བཞིན་དུ། རྗེ་བླ་མའི་རྗེས་འབྲང་པ་རྣམས་ཀྱིས་ཀྱང་དགོན་པ་གང་བཏབ་སར་བྱམས་པའི་སྐུ་ཆེན་པོ་རེ་བཞེངས་པར་མཛད་དོ། ། 

    དགའ་ལྡན་དགོན་པའི་གནས་བཤད་དུ། དགའ་ལྡན་རང་བྱོན་གྱིས་བསྐོར་ཞེས་པའི་སྐོར་ལམ་དེ་རུ་རྗེ་བཙུན་བྱམས་པ་མགོན་པོའི་ཕྱག་འཚལ་ས་(ཕྱག་གདན)ཡིན་པར་སྨྲ་བའི་གནག་ཅིང་འཇམ་པའི་ཕ་བོང་ཆེན་པོ་ཞིག་མཇལ་རྒྱུ་ཡོད། གནས་དེ་རུ་བྱམས་པ་མགོན་པོ་ལ་སྨོན་ལམ་བཏབ་ན་མ་འོངས་པར་དགའ་ལྡན་དུ་སྐྱེ་ཞེས་གྲགས། འདི་ལྟར་ན་གནས་དེའི་ས་གཞི་དང་ནམ་མཁའ་ཁོར་ཡུག་ཀུན་ལ་བྱམས་མགོན་གྱི་ཐུགས་རྗེ་ཡོད་པ་མ་ཚད། ལྷག་པར་དུ། དགའ་ལྡན་དགོན་པ་ཆགས་སའི་ཡུལ་འདི་ཉིད་དེ་སྔོན་འདས་པའི་དུས་ནས་མི་ཕམ་མགོན་གྱི་གདན་ས་དང་། ཡང་ན། བྱིན་བརླབས་ཚད་མེད་ཕོག་མྱོང་བའི་གནས་བཟང་པོ་ཞིག་ཡིན་པར་བསྟན་ནོ། ། 

   ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་(༡༧༥༦-༡༨༣༨)མཆོག་གདན་ས་དགའ་ལྡན་དགོན་དུ་ཐོག་མར་ཕེབས་པའི་སྐབས་དགའ་ལྡན་དགོན་པའི་ནམ་མཁའི་དབྱིངས་སུ་དགའ་ལྡན་ཡིད་དགའ་ཆོས་འཛིན་མཇལ་བ་དང་། དེ་མིན་སྐྱེས་བུ་དམ་པ་མང་པོས་ཀྱང་དེ་བཞིན་དུ་དགའ་ལྡན་དགོན་པའི་ནམ་མཁའ་རུ་ཡིད་དགའ་ཆོས་འཛིན་མཇལ་མྱོང་བར་བཤད། འདི་འདྲའི་ཐུན་མིན་གྱི་ནང་དོན་མངའ་བའི་ས་བཀྲའི་ཆེ་བ་ནི་དགའ་ལྡན་དགོན་པའི་ས་དཔྱད་གཏན་ལ་ཕབ་པའི་བརྗོད་བྱའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པ་དང་། ཁྱད་པར་དུ་འབྲོག་རི་དགའ་ལྡན་དགོན་པ་ཆགས་སའི་ཡུལ་ནི་རྗེ་བཙུན་བྱམས་མགོན་གྱི་ཞིང་ཁམས་ཡིན་པ་དེའོ། ། 

   སྤྱིར་ས་དཔྱད་རིག་པའི་ལུང་ཚིག་དང་བསྟུན་ན་དགའ་ལྡན་དགོན་པ་ཆགས་སའི་ས་དེ་ས་དཔྱད་ཀྱི་གཏན་ཚིག་ལས་རབ་ཏུ་བརྒལ་བའི་ངོ་མཚར་ཅན་གྱི་༼དགོན་ས༽ཞིག་སྟེ། འདི་ནི་རྗེ་བདག་ཉིད་ཆེན་པོས་གསར་གཏོད་མཛད་པའི་དགེ་ལྡན་པའི་གྲུབ་མཐའ་ནང་བཞིན། དགའ་ལྡན་དགོན་པའི་ས་དཔྱད་ཀྱི་བཀོད་པ་ནས་ཀྱང་བོད་སྔ་རབས་ཀྱི་ས་དཔྱད་རིག་པའི་ལྟ་ལུགས་ལ་འགྱུར་བ་ཆེན་པོ་ཞིག་བཏང་ཡོད། གནས་ཚུལ་ཇི་བཞིན་པ་དགའ་ལྡན་དགོན་པའི་ས་དཔྱད་ལ་ཞིབ་དུ་བརྟག་ན་གསལ་པོར་མཁྱེན་ཐུབ། ཕྲན་གྱིས་རིམ་པར་དགའ་ལྡན་དགོན་པའི་ས་དཔྱད་གླེང་བ་དང་སྦྲགས་དེ་འདྲའི་འགྱུར་བ་དང་ཁྱད་པར་སོགས་གསལ་པོ་བཟོ་འདོད།

   དགའ་ལྡན་དགོན་པ་སྤྱིའི་ཆགས་ཡུལ་ནི་ཀླུ་ཡི་ཕོ་བྲང་གི་གཙུག་ཏུ་ཡིན་ཞིང་། དེར་བརྟེན། དགོན་འདི་དང་འདིའི་བརྒྱུད་པར་གྱུར་བ་ཐམས་ཅད་ལ་འདོད་ཡོན་ཆར་ལྟར་འབབ་ཅེས། དེ་དང་དེ་བཞིན་དུ། དགོན་གྱི་ཕྱོགས་སུ་གངས་ཆུ་དང་། རྫ་ཆུ་དང་། སྤང་ཆུ་དང་། གཏེར་ཆུ་དང་། ཀླུ་ཆུ་དང་། སྨན་ཆུ་དང་། རྦབ་ཆུ་སོགས་ཆུ་སྣ་ཀུན་གྱིས་བསྐོར་ཏེ། མདུན་གྱི་གངས་རི་དཀར་པོ་(ཤར་གངས་རི)ལས་བབ་པའི་གངས་ཆུ་དང་། ཀླུ་ཡི་རྒྱལ་པོས་རྗེ་བདག་ཉིད་ཆེན་པོ་ལ་ཕུལ་བའི་ཆུ་མིག་བརྒྱ་རྩ་བརྒྱད་(ཆའི་ཕུ་ལ་ཡོད)དང་། རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོ་བཞུགས་སའི་བཙུན་མོ་སྡིང་གི་གསོལ་ཆུ་ཆུ་མིག་དང་། དབང་བསྐུར་རིའི་དཔལ་ལྡན་ལྷ་མོའི་ཆུ་མིག་དང་། ཆའི་ཕུ་ཆུ་གཡུ་འབྲུག་སྔོན་མོ་ཅན་དང་།  དེ་བལྟོས་རྗེ་བདག་ཉིད་ཆེན་པོས་ས་དཔྱད་ཀྱི་བཀོད་པ་རུ་དགོན་འདི་ལ་གཏེར་ཆུ་ཞིག་དགོས་པ་དགོངས་ཏེ།  ཆུ་མགོ་བསམ་ཡས་ལ་ཐུག་ཅེས་པའི་སྤྱི་སོ་ཆུ་མིག་གམ་ཡོན་ཆབ་ཆུ་མིག་དེ་གཏེར་ལས་བཞེས། (ཆུ་མིག་འདི་བེ་ཧར་རྒྱལ་པོས་ཕུལ་ཞེས་གྲགས) འདི་ཡང་དམིགས་སུ་གཏེར་ཆུ་ཞིག་བཏོན་དགོས་པ་ནི་རྗེ་བདག་ཉིད་ཆེན་པོས་དགའ་ལྡན་གྱི་ས་དཔྱད་གཏན་ལ་འབེབས་སྐབས་སུ། གཏེར་དུང་དང་གཏེར་ཆུ་གཉིས་ནོར་བུ་རིའི་གཡས་གཡོན་དུ་ཁ་སྤྲོད་པ་དེ་ཡིན། དགོས་པ་ནི་དགོན་པ་ཐོག་མར་འདེབས་པའི་རྟེན་འབྲེལ་དུ་དགའ་ལྡན་ཡིད་དགའ་ཆོས་འཛིན་ལ་དུང་ཆུའི་མཆོད་པ་འབུལ་བ་དང་། གཞན་མ་འོངས་པར་དགོན་འདི་རུ་ཕེབས་པའི་སློབ་གཉེར་བ་རྣམས་ནས་རྟག་ཏུ་རྒྱལ་བའི་ཆོས་དུང་ཐོས་དང་རིག་པ་འཕེལ་བ་དང་། དེ་མིན་གཏེར་ཆུའི་བྱིན་རླབས་ནས་ལུས་སེམས་ཀྱི་སྒྲིབ་པ་རྣམས་མྱུར་ཏུ་སེལ་བ་དེའོ། ། 

   དགའ་ལྡན་དགོན་ཆགས་སའི་འབྲོག་རི་དེ་བོད་བཙན་པོའི་སྐབས་ནས་སྐད་གྲགས་ཆེ་བའི་གནས་ཤིག་ཡིན། རི་དེ་ལ་གནས་སྐོར་དང་བསང་གསོལ་བགྱི་ན་སྟོབས་དང་དབང་ཐང་རྒྱས་པ་མ་ཚད། རྟོགས་པ་རྙེད་པ་དང་། རིག་པ་མྱུར་དུ་འཕེལ་བ་བཅས། དེ་ནི་ཤེས་རབ་ཀྱི་རི་བོ་ཞིག་སྟེ། འཇམ་དཔལ་དབྱངས་ཀྱི་བླ་རི་ལ་བཀུར་ནའང་མི་ཆོག་པ་མེད་དེ། གང་ཡིན་ཞེ་ན། སྔོན་ཆ་པ་ཆོས་ཀྱི་སེང་གེ་1089-116དགུང་ལོ་ཆུང་ངུའི་དུས། ཁ་གྲགས་མ་ནུས་པས། ཨ་མས་འབྲོག་རི་ལ་གནས་སྐོར་ཁྲིད། སྐོར་ལམ་དུ་“ཨ་མ། ལྟོས་དང་། གཉན་ཆེན་ཐང་ལྷ།”ཞེས་སྐད་འབྱིན། གནས་འདིའི་བྱིན་རླབས་ནས་རྗེས་སོར་ཆ་པ་ཆོས་ཀྱི་སེང་གེ་མཁས་པ་ཆེན་པོར་གྱུར་བ་དང་། བསྡུས་གྲྭའི་རིགས་ལམ་གྱི་སྲོལ་འབྱེད་དོ། ། དེ་བཞིན་དུ་རྗེ་བདག་ཉིད་ཆེན་པོ་དང་དེའི་བརྒྱུད་པ་རྣམས་ཀྱིས་ཀྱང་གནས་འདི་ནས་གཙོས་པའི་ཆ་པའི་རིགས་ལམ་ཇེ་རྒྱས་དང་ཇེ་གསལ་དུ་བཏང་། འདི་དག་ཀུན་གནས་འདིའི་ས་དཔྱད་ཀྱི་ཆེ་བ་དང་འབྲེལ་བ་ཆེན་པོ་ཡོད་དོ། ། ས་དཔྱད་ཀྱི་དགེ་བ་ནི། ས་ཡི་ཡོན་ཏན་དཔག་ཏུ་མེད། ། ཆུ་ཡི་ཡོན་ཏན་དཔག་ཏུ་མེད། ། གནམ་གྱི་ཡོན་ཏན་དཔག་ཏུ་མེད། ། དཔག་ཏུ་མེད་ལ་བརྟེན་ནས་ནི། ། ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། ། ཞེས་སོ། །


   འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དེ་དབང་བསྐུར་རི་དང་ནོར་བུ་རི། འགོག་པ་རི་གསུམ་ལ་བརྟེན་ནས་ཆགས་པ་བཞིན་དུ་དགའ་ལྡན་དགོན་པའི་ས་དཔྱད་ཀྱི་སྤྱི་ཁོག་དང་། དགོན་པའི་ཕྱི་ནང་གསང་གསུམ་གྱི་གནས་སྟངས་དེའང་རི་བོ་འདི་གསུམ་གྱི་བཞུགས་ཚུལ་དང་ཆེ་བ། ཁྱད་ཆོས་དང་ཡོངས་སུ་མཐུན་ནོ། དགེ་ལྡན་རི་གསུམ་ལས་ནོར་བུ་རི་ནི་རི་གསུམ་གྱི་གཙོ་བོ་དང་སྙིང་པོ་དེ་ཡིན། དེ་ཕྱིར་ཡངས་པ་ཅན་གཙུག་ལག་ཁང་དང་ཐུབ་དབང་ཚུལ་ཁྲིམས་མ་དེའང་ནོར་བུ་རི་ལ་བཞུགས་ཤིང་། ཁྱད་པར་དུ་འབྲོག་རི་བོ་ཞེས་པའི་༼རི་བོ༽དངོས་མ་དེའང་ནོར་བུ་རི་(ས་དཔྱད་དོན་གྱི་ཆ་ནས)ལ་གོ་དགོས། ས་དཔྱད་དང་བསྟུན་ན། ནོར་བུ་རི་ནི་ནོར་བུ་ཀུན་འབྱུང་གི་གནས་སྟེ། ཕྱིའི་རྣམ་པ་བརྗིད་ཅིང་བརྟན་པ། ནང་འཛད་མེད་ཀྱི་མཐུ་ནུས་མངའ་བ། དགའ་ལྡན་དགོན་པའི་གཞི་སའི་སྲོག་ཤིང་དུ་གྱུར། དེ་ལས་དབང་བསྐུར་རི་དང་འགོག་པ་རི་གཉིས་ནོར་བུ་རིའི་ལག་པ་གཡས་གཡོན་གྱི་ཚུལ་དུ་ཕྱོགས་སུ་བསྲིངས། 

   ནོར་བུའི་རི་ཡི་གཡས་ཀྱི་རི་དེ་ལ་དབང་བསྐུར་རི་ཞེས། རི་དེ་ནི་སྔོ་སིང་སིང་མཐོ་ཞིང་བརྗིད་ཆགས་པ། ངོགས་སུ་མེ་ཏོག་སྣ་ཚོགས་རྣམ་པར་རབ་ཏུ་བཀྲ་ཞིང་། རྟག་ཏུ་བྱ་དང་བྱེའུ་ཡིས་སྐད་སྙན་འབྱིན་པ། རྩེ་མོ་ནི་གནམ་ལ་ཐུག་ལྟར་རྒྱུན་པར་སྤྲིན་དང་ན་བུན་འཁྲིགས་ཤིང་། རྩི་སྨན་གྱི་དྲི་བཟང་ཕྱོགས་ཀུན་ཏུ་ཁྱབ་སྟེ། ཡོངས་སུ་མིང་དོན་མཚུངས་པའི་རི་བོ་ཆེན་པོ་ཞེས་པ་སྟེ། དེ་ཡང་རི་རྩེ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཞུགས་ཁྲི་དང་།བསང་མཁར་སོགས་བརྩིགས་ཡོད་དོ། ། ས་དཔྱད་དུ། རི་འདི་ནི་དབང་སྡུད་ཀྱི་རྟེན་སྙིང་སྟེ། གཡས་མཐོ་བའི་ཚུལ་གྱི་ལས་བཞི་ལས་༼དབང༽གི་ཆེ་བ་འབུར་དུ་མངོན་ནོ། ། ནོར་བུ་རིའི་གཡོན་དུ་འགོག་པ་རི་སྟེ། འགོག་པ་རི་ནི་ཁྲོ་དང་ལྕགས་ནས་བླུགས་པ་ལྟར་དུ། བྲག་རི་རྣམས་གཟར་ཞིང་བཙན་པ། སྨད་ཤོད་དུ་ནགས་ཚལ་སྟུག་པོ་ཅན་གྱིས་བསྐོར་བ། དེ་ལ་གཅན་གཟན་(ཞུན་དུས) སྟག་གིས་ངར་སྐད་བསྒྲོགས་པ། ཤིན་ཏུ་གཏུམ་དྲག་གི་ཚུལ་ཅན་ཞིག། ས་དཔྱད་དུ། བགེགས་དང་གནོད་པ་སོགས་ཕྱི་ནས་འགོག་པ་དང་། གནོད་པའི་དགྲ་རྣམས་ཐམས་ཅད་བཏུལ་བའི་དོན་ཅན་དུ་གྱུར་རོ། །

   དགའ་ལྡན་ཆགས་སའི་རི་བོ་གསུམ་གྱི་རྣམ་པ་འདི་ལས་དགའ་ལྡན་དགོན་པའི་ས་དཔྱད་ཀྱི་ཆེ་བ་བསྟན་ཞིང་། དགོན་དེའི་ཕྱི་ནང་གི་སྒྲིག་གཞི་དང་ཁྱད་ཆོས་ཀྱང་ས་དཔྱད་ཀྱི་འབྲས་བུ་འདི་དང་། ཡང་ན་ས་དང་རི་དེའི་ཁྱད་པར་ལས་མ་ཡོལ། དཔེར་ན། རྗེ་ཡབ་སྲས་གསུམ་གྱི་བཞུགས་ཚུགས་ཀྱང་རི་བོ་འདི་གསུམ་གྱི་རང་བྱུང་གི་བཀོད་པ་དང་གཉིས་སུ་མ་ཡོད་དེ། རྗེ་བདག་ཉིད་ཆེན་པོ་ནི་༼དཀྱིལ་འདུ་འགྱིང་པའི་ནོར་བུ་རི་སྟེ། ཁོང་ནི་ཡིད་བཞིན་ནོར་བུའི་ངང་ཚུལ་ལྟར་བཞུགས་ཤིང་། རྗེ་བཙུན་འཇམ་དཔལ་དབྱངས་དང་། བྱམས་པ་མགོན་པོ་གཉིས་གཞི་གཅིག་ཏུ་འདྲེས་པའི་མཁྱེན་པའི་ནོར་བུ་དང་། རྒྱལ་བ་སེང་གེ་ང་རོའི་ཐུགས་བྱིན་སྤུན་དུ་འཁྲུངས་པའི་འཕྲིན་ལས་ཀྱི་ནོར་བུ་སྤ་བའོ། ། 

   དེ་ལས་གཡས་ཀྱི་དབང་བསྐུར་རི་ནི་རྒྱལ་ཚབ་དམ་པ་དར་མ་རིན་ཆེན་མཆོག་སྟེ། ཁོང་ནི་དབུ་སྐྲ་དཀར་སངས་དགུང་ལོ་ཡང་མཐོན་པོར་བསླེབས་པའི་ངང་ཚུལ་ཅན། ཕར་བལྟས་ན་དབང་བསྐུར་རི་ལྟར་ཡོན་ཏན་གྱི་བརྗིད་ཅིང་། དབང་སྡུད་ཀྱི་འཕྲིན་ལས་རབ་ཏུ་རྒྱས་པ།ཁྱད་པར་དུ་ཁྲི་སྲོང་བཙན་རྒྱལ་པོའི་གསེར་ཁྲི་ལ་དབང་བསྐུར་བ་བཞིན་དུ། རྒྱལ་ཚབ་དར་མ་རིན་ཆེན་མཆོག་ཀྱང་རྗེ་བླ་མའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲི་ལ་མངའ་གསོལ་བ། གཞན་ཡང་། དབང་བསྐུར་རི་དང་འབྲེལ་བས་ཁྲི་སྲོང་བཙན་དང་། རྒྱལ་ཚབ་རྗེ་གཉིས་ཀ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རུ་ངོས་འཛིན་ཞིང་། གནས་ཚུལ་འདི་དག་ཤིན་ཏུ་མཐུན་དང་མཐུན་པར་ཡིན་ནོ། གཡོན་གྱི་འགོག་པ་རི་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་སྟེ། ཤོད་སྲོལ་དུ་མཁས་གྲུབ་རིན་པོ་ཆེ་མེད་ན་དགེ་ལུགས་པའི་གྲུབ་མཐའ་མེད་ཟེར་བ་བཞིན་དུ། ཁོང་ནས་རྟག་ཏུ་ཐུགས་རྩུབ་པོའི་སྒོས་གྲུབ་མཐའི་གསར་པའི་གཟི་དཔལ་དང་། རྗེ་བླ་མའི་དགོངས་པ་གསུངས་པ་ཡིན་ཞིང་། དེར་བརྟེན། ཡབ་སྲས་གསུམ་གྱི་བཞུགས་ཚུལ་དུ་མཁས་གྲུབ་རྗེའི་སྐུ་ནི་ངེས་པར་དུ་དྲག་པོའི་རྣམ་པ་ཅན་ཞིག་དོད་དགོས། འདི་ནི་འགོག་པ་རིའི་ཆགས་ཚུལ་དང་། ཆེ་བ་དང་། ཁྱད་ཆོས་སོགས་དང་བསྟུན་དང་མཐུན་ཞིང་། དེ་བཞིན་དུ་མཁས་གྲུབ་རྗེ་ཡང་ཕྱག་ན་རྡོ་རྗེའི་སྤྲུལ་པ་རུ་ངོས་འཛིན་ནོ། 

   དགའ་ལྡན་དགོན་པའི་ས་དཔྱད་དེ་བོད་སྔ་རབས་པའི་ས་དཔྱད་ཀྱི་ལྟ་སྟངས་ལས་ཡོངས་སུ་གྲོལ་ཞིང་། ཤིན་ཏུ་ངོ་མཚར་སྐྱེ་དགོས་པའི་ཁྱད་ཆོས་ལྡན། དེ་ཕྱིར། དགའ་ལྡན་དགོན་པ་ཐོག་མར་འདེབས་པའི་སྐབས་སུ་རྗེ་བདག་ཉིད་ཆེན་པོའི་ཐུགས་སྲས་ཞ་ལུ་བ་ལེགས་པ་རྒྱལ་མཚན་ནས་དགོན་ས་ལ་དོགས་པ་མཛད་དེ། ༼དབང་བསྐུར་རི༽་དགོན་པའི་རྒྱབ་རིར་འཇོག་དགོས་པའི་བློ་དང་ཆོ་ག་སྤེལ་བར་བཤད། དེ་བལྟོས་རྗེ་བདག་ཉིད་ཆེན་པོས་ཞ་ལུ་བ་ལ་“བུ་ཁྱོད་ཀྱི་ཐེ་ཚོམ་ཞི་བར་མཛོད། ངས་ནི་དགོན་པའི་རྒྱབ་རི་གཉན་ཆེན་ཐང་ལྷ་ལ་བཅོལ་ཡོད།” ཅེས་གསུངས། རེད་དེ། དགའ་ལྡན་དགོན་པའི་གནས་བཤད་དང་བཏུད་ན་“རྒྱབ་རི་དར་གྱི་ཡོལ་བ”ཞེས། ཚིག་འདི་ནས་དགའ་ལྡན་དགོན་པ་ལ་རྒྱབ་རི་དངོས་ཤིག་མེད་པའི་ཚུལ་བསྟན་ཡོད།

   རྗེ་བླ་མའི་གསུང་དང་བསྟུན་ན་དགོན་གྱི་རྒྱབ་རི་བཙན་པོ་ནི་ཡུལ་དངོས་དང་ཤིན་ཏུ་ཁ་ཐག་རིང་བའི་བྱང་གི་གཉན་ཆེན་ཐང་ལྷ་ཡིན་དགོས། ཡིན་ནའང་། དེ་འདྲའི་ས་དཔྱད་ཀྱི་ལྟ་ཚུལ་ནི་བོད་སྔ་རབས་པའི་ས་དཔྱད་ཀྱི་དགོངས་ཚུལ་ལས་འདའ་བ་ཡིན། དེར་བརྟེན། རྗེ་ཙོང་ཁ་པ་མཆོག་ནས་ཆེད་དུ་དགའ་ལྡན་དགོན་པའི་ཚོགས་ཁང་དམར་པོ་ཡངས་པ་ཅན་གྱི་༼རྒྱབ་རི་༽སྙེན་ལུགས་དེ་བོད་སྔ་རབས་པའི་ལུགས་ལྟར་དབང་བསྐུར་རི་ལ་བརྟེན་ཡོད།ལུགས་འདི་ནི་ས་དཔྱད་ཐུན་མོང་གི་ཚུལ་དུ་མཛད་པ་ཡིན་ཞིང་། ཐུན་མོང་མ་ཡིན་པ་ནི་རྒྱབ་རི་དེ་སྤྲིན་གྱི་བར་མཚམས་སུ་བཀྲ་བའི་གཉན་ཆེན་ཐང་ལྷ་ཡིན་པ་དེའོ། ། 

   འདི་ནས་ཀྱང་ཐད་ཀར་དགོན་པ་སྤྱིའི་ས་དཔྱད་ནི་རྒྱབ་༼བྱང་༽མདུན་༼ལྷོ་༽ཅན་དང་། བྱེ་བྲག་གི་ས་དཔྱད་ནི་རྒྱབ་༼ནུབ་༽མདུན་༼ཤར་༽ཅན་དུ་གྱུར། དོན་དངོས་སུ་དགའ་ལྡན་དགོན་པའི་རྒྱབ་རི་ལ་ཆེ་ཆུང་གཉིས་(གཉན་ཆེན་ཐང་ལྷ་དང་དབང་བསྐུར་རི་) བཀོད་ཡོད། དེ་ནི་རྗེ་བདག་ཉིད་ཆེན་པོས་དགོན་ས་བརྟག་ལུགས་སུ་ཐུན་མོང་མ་ཡིན་པའི་ཕྱག་བཞེས་མཛད་པ་ཞིག་སྟེ། ཤིན་ཏུ་ཞིབ་འཇུག་གི་རིན་ཐང་ལྡན་ནོ། ། 

   གོང་གི་རྒྱབ་རི་བརྟེན་ཚུལ་གཉིས་ལས་ཡང་དུ་ཤེས་ཐུབ་པ་ཞིག་ནི། དགའ་ལྡན་དགོན་པ་སྤྱི་དང་། བྱེ་བྲག་ཡངས་པ་ཅན་གཙུག་ལག་ཁང་གཉིས་ཐོབ་གོ་སའི་ཆ་ནས་གཅིག་ཡིན་པ་དང་། ཁྱད་པར་དུ་༼ཡངས་པ་ཅན༽དེ་དགའ་ལྡན་དགོན་པའི་སྙིང་པོ་དང་། རྟེན་གྱི་གཙོ་བོ་ཡིན་པར་མངོན། དེར་བརྟེན། དགའ་ལྡན་དགོན་པའི་ས་དཔྱད་དུ་ཚོགས་ཁང་ཡངས་པ་ཅན་གྱི་ཁ་ཤར་རུ་ཕྱོགས་པ་དང་། ཁང་པའི་སྐུ་མདོག་ཀྱང་དམར་པོ་རུ་བསྒྱུར་ཡོད། དེ་མིན་ཚོགས་ཁང་གཞན་པ་དག་སྐུ་མདོག་དཀར་པོ་དང་། ཁ་ལྷོ་རུ་བསྟན་ཏོ། གཞན་ཡང་། དགའ་ལྡན་དགོན་པའི་ས་དཔྱད་དེ་ཡང་དག་པ་དང་། མཆོག་རབ་དང་། ཕུན་ཚོགས་རྣམ་དག་ཏུ་བསྒྱུར་བ་ལ། རྗེ་བདག་ཉིད་ཆེན་པོས་དམིགས་སུ་རང་ཉིད་ཀྱི་སྐུ་གདུང་མཆོད་རྟེན་གྱི་ཁ་ལྷོ་(དགོན་པ་སྤྱིའི་ས་དཔྱད་ལྟར)དང་། སྐུ་གདུང་གི་ཞལ་ཤར་(བྱེ་བྲག་ཡངས་པ་ཅན་གྱི་ས་དཔྱད་ལྟར་)དུ་བསྟན་དགོས་པའི་བཀའ་ཆེམས་བཞག་ཡོད། 

 

 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527425
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།