བོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» ལྷུག་རྩོམ། »བོད།
བོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-12ལྟ་ཀློག (7181)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད།

རྩོམ་པ་པོ། ལྡོང་ཡོན་ཏན་རྒྱ་མཚོ།

   

   བོད་ནི་ཆུང་ལ་གཉོམ་པའི་རྩྭ་ཕྲན་ཞིག་ཡིན་ལ། བོད་ནི་ཀུན་ཀྱི་ངག་སྒོར་འཚེར་བའི་རྒས་རྒྱུ་མེད་ཅིང་ཐོལ་བྱུང་ཡང་མིན་པའི་གསར་འགྱུར་དུམ་ཚན་ཞིག་ཡིན། བོད་ཇི་ལྟར་ཆུང་ནའང་གླིང་ཆེན་བདུན་གྱིས་དོ་སྣང་བྱེད་སའི་བསམ་བློའི་འཇིག་རྟེན་ཞིག་ཡིན། དེའི་ཕྱིར། བོད་ཟེར་ཡ་འདི་རང་དགར་འདོར་རྐྱང་ཞིག་ག་ལ་ཡིན།

   དོན་དམ་པར། བོད་ནི་གླུ་ལེན་གར་རྩེད་ལ་དགའ་བའི་གདོད་མའི་ཚོ་ཁག་འགྲེལ་བརྗོད་དཀའ་བ་ཞིག་སྟེ། ཁོང་ཚོས་ལེན་བཞིན་པའི་གླུ་ཚིག་ལས། གུ་ཡངས་དང་བག་ཕེབས། འདྲ་མཉམ་དང་དྲང་བདེན་སོགས། སྔོན་ཐོན་ཡིན་ཟེར་མཁན་ཚོས་རྙེད་མ་ཐུབ་པའི་རྨི་ལམ་ལྟ་བུའི་མཛེས་སྡུག་གི་ཁ་དོག་མཐོང་ཐུབ། ཁོང་ཚོས་འཁྲབ་ཀྱིན་པའི་བྲོ་གར་ལས། དཔའ་སྟོབས་དང་བརྟན་བརླིང་། གཞུང་དྲང་དང་རོགས་རམ་སོགས། བོར་ཟིན་པའི་མི་གཤིས་ཀྱི་སྙིང་ནོར་ལྟ་བུ་དག་ལ་རོལ་མྱོང་བྱེད་ཐུབ། དེས་ན། བོད་ནི་ལྷ་སྒྲུང་ལས་རྙེད་པའི་དངོས་བྱུང་ལོ་རྒྱུས་ཀྱི་རྫོང་མཁར་བཙན་ཤོས་དང་མཐོ་ཤོས་ཀྱང་མིན་པའི་བདེན་དཔང་སུ་ལ་ཡོད།

   བོད་པའི་ཕྱི་ནང་བར་གསུམ་ཞིབ་པར་བཀླག་རྒྱུ་ནི། ལས་དབང་རྒྱལ་བོས་ང་ལ་བསྩལ་བའི་བཟློག་མེད་ཀྱི་ལས་འགན་ཞིག་ཡིན་པ་འདྲ་སྟེ། ཁ་ཆར་གྱི་འཚུབ་མ་གདོང་གིས་བསུ་དགོས་ཀྱང་། མདའ་མདུང་གི་ངར་ཁར་ཐོལ་གྱིས་མཆོང་དགོས་ཀྱང་། ཐ་ན་དམ་པའི་ཆོས་ཁྲིམས་དང་འཇིག་རྟེན་མི་ཆོས་ལའང་ངོ་སོ་སྟེར་མི་ཐུབ་པའི་ཚད་ལ་ལྷུང་ཡང་། ཞིབ་པར་བཀླགས་ཤིང་ནན་གྱིས་མ་བརྗོད་ན། ཅི་ཞིག་ལ་ཁྲེལ་མེད་བྱས་འདོད་ཀྱིས། ངའི་སེམས་སྐྱ་མོ་སྨུག་པས་གཡོག་འགྲོ།

   བོད་ཅེས་པའི་ཐ་སྙད་ལྕི་མོ་འདི། ངའི་མིག་དང་ཡིད། རྣ་བ་དང་ལྕེ། ཐ་ན་དོན་ལྔ་སྣོད་དྲུག་གི་བར་གསེང་དུ་འཛུལ་བ་ནས། ངས་རིག་གཞུང་ཁྲི་སྟོང་ལས་སུམ་རྟགས་དག་གསུམ་སྦྱངས་ཤིང་། འཆད་ཁྲིད་ཕལ་ཆེར་ལ་བོད་སྐད་ཡིག་རྒྱུད་འཛིན་གྱི་རེ་བ་ནན་མོ་བཏོན། ཉན་མི་ཉན་ཚང་མར་ཨུ་ཚུགས་ཀྱིས་བོད་བཙན་པོའི་ལོ་རྒྱུས་བཤད། འཐད་མི་འཐད་ཀུན་ལ་བོད་པའི་གཟུངས་འཇུག་གལ་ཆེན་གྱི་གནས་ལུགས་བགྲངས། ཨུ་ཚུགས་བྱས་དྲགས་པས། བསྐྱར་བཟློས་མང་ཐལ་བས། སུན་སྣང་སྟོན་མཁན་དང་། དགག་གཞག་སྤྲོ་མཁན་ཡང་གང་མང་བྱུང་སོང་མོད། ང་ལ་མཚོན་ན། དེ་དག་གིས། གཟི་བརྗིད་ཅིག་གམ་གྲུབ་འབྲས་ཤིག ཡང་ན། གཟེངས་བསྟོད་ཅིག་གམ་རྟིང་སྐུལ་ཞིག་གི་འདུ་ཤེས་འཁྲུངས་སུ་བཅུག་པས། ངས་ནམ་ཡང་ཁོང་ཚོར་བཀའ་དྲིན་ཞུ་འོས།

   ང་སྔར་བཞིན་བསྐྱར་བཟློས་ཀྱི་ལམ་ལ་ཞུགས་འདོད། རྡོ་རྗེ་དཀྱིལ་དཀྲུང་གིས་འཁོད་དེ། ལུས་རྣམ་སྣང་གི་འདུག་སྟངས་བདུན་ལྡན་གྱིས། ཉེ་རིང་ཆགས་སྡང་གཉིས་བྲལ་གྱི་བཏང་སྙོམས་ལ་འབད་ཀྱང་། རིགས་ཞེན་གྱི་རྟག་མཐའ་དང་། ཚུར་ཕན་མིན་སྣང་གི་ཆད་མཐར་ལྷུང་འགྲོ་བའི་དུས་ནི། བོད་ཅེས་པའི་ཡིག་འབྲུ་ཧྲེང་ཧྲེང་བོ་འདི་དང་། བོད་པ་ཞེས་པའི་ངོ་གདོང་དམར་ཡང་སེམས་རྩ་དཀར་བའི་ཚོ་ཁག་རྙིང་བ་འདི་དྲན་པའི་དུས་ཁོ་ན་ཡིན། ཡིག་འབྲུ་འདི་དང་ངོ་གདོང་འདི་དག་གིས། ང་ད་རུང་ཐར་བའི་ཐེམ་སྐས་སུ་འཛེགས་ཁོམ་མི་འདུག དགའ་ལྡན་དག་པའི་ཞིང་ཁམས་དུ་ལྷོད་ཁོམ་མི་འདུག

   སྤྲེལ་རྒན་ངོ་དམར་ཞིག་གི་རུས་རྒྱུད་ཡིན་ཟེར་མཁན་འགའ་ལ། སྲིན་མོ་གཤིས་རྩུབ་ཅིག་གི་བུ་རྒྱུད་ཡིན་ཟེར་མཁན་ཁ་ཤས་ལ། དབྱངས་གསལ་སོ་བཞིའི་ཀློག་སྟངས་དང་། སྔོན་རྗེས་བཅོ་ལྔའི་སྦྱོར་ཚུལ་བཤད་པས་ཀྱང་། ང་ཅི་ཞིག་ཡིན་སྣང་དང་ངས་ཅི་ཞིག་བྱས་སྣང་གིས། ངོ་གདོང་འཛུམ་དཀར་གྱིས་འཁྲུད་ཅིང་སེམས་རྩ་སྤྲོ་དགས་ཁྱབ་འགྲོ་ཨང་

   བོད། ཉེ་སར་བཅར་ནས་སྐོར་བྲོ་རྩེས་ཤིག ལག་རྡང་སྦྲེལ་ཏེ་ཕུ་ནུ་སྤུན་མཆེད་ཀྱི་ཚོར་བ་དལ་ལྷོད་ཀྱིས་མྱོངས་ཤིག བོད། སློབ་གླིང་གང་ཞིག་ནས་མཉམ་འཛོམས་གྱིས་ཤིག སམ་བྷོ་ཊའི་ཤེས་རབ་ལ་ཁེན་ཏེ་རིགས་པའི་དཔའ་སྐད་སྒྲོགས་ཤིག བོད། བང་མཛོད་རྒྱུ་འབྱོར་གྱིས་གང་བར་བརྩོན་ཅིག དུས་རབས་ཀྱི་དབྱངས་འགྲོས་དང་འགྲོགས་ནས་སྲིད་པའི་ཡང་རྩེར་དོན་ལྡན་གྱིས་འགྲེངས་ཤིག  འདི་དག  ཟུར་ངོས་གཞན་ཞིག་ནས་བོད་པའི་བཀྲག་མདངས་འཚེར་ཚུལ་རིགས་ཤིག་གོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532011
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།