ཐོན་མི་སམྦྷོཊའི་བསྟོད་པ་ཚངས་པའི་དབྱངས་སྙན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ཐོན་མི་སམྦྷོཊའི་བསྟོད་པ་ཚངས་པའི་དབྱངས་སྙན།
ཐོན་མི་སམྦྷོཊའི་བསྟོད་པ་ཚངས་པའི་དབྱངས་སྙན།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-29ལྟ་ཀློག (5038)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༄༅།།ཐོན་མི་སམྦྷོཊའི་བསྟོད་པ་ཚངས་པའི་དབྱངས་སྙན། 

བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེསམཛད།              

བསིལ་ལྡན་ཕྲེང་བས་བསྐོར་བའི་ཞིང་ཁམས་འདིར།།

བརྡ་སྤྲོད་དབྱངས་གསལ་ཉི་གཞོན་གསར་བའི་འཛུམ།།

གངས་ཅན་དགུང་དུ་འདྲེན་མཁས་ཐོན་མི་རྗེ།།

སཾ་བྷོ་ཊ་ཡི་ཞབས་ལ་སྙིང་ནས་འདུད།།

དམིགས་མེད་སྙིང་རྗེའི་གཏེར་གྱུར་སྤྱན་རས་གཟིགས།།

སྒྱུ་འཕྲུལ་གར་གྱིས་མི་ཡི་རྣམ་རོལ་མཁན།།

གངས་ཅན་ལྗོངས་འདིར་ཆོས་སྲིད་འཁོར་ལོ་ཆེ།།

བསྒྱུར་མཛད་རྒྱལ་བློན་རྣམས་ལ་གུས་པས་འདུད།།

ཁ་བའི་ལྗོངས་འདིར་རྒྱུ་བའི་གདོང་དམར་བུ།།

རིག་རྨོངས་མུན་པའི་ཀློང་དུ་འཁྱམས་པ་རྣམས།།

རིག་པའི་སྣང་བ་འབར་བའི་ཞིང་ཁམས་སུ།།

འགོད་མཛད་རྩ་བའི་སློབ་དཔོན་སཾ་བྷོ་ཊའི།།

བརྩེ་ཆེན་ཐུགས་བསྐྱེད་རླབས་ཕྲེང་ཆེར་འཁྲིགས་པས།།

དཀའ་བ་བརྒྱ་ཕྲག་བསལ་ཏེ་འཕགས་ཡུལ་དུ།།

བཤེས་གཉེན་ཞལ་ལས་ལེགས་བཤད་བདུད་རྩིའི་རྒྱུན།།

བཞེས་ཏེ་གངས་རིའི་ལྗོངས་འདིར་དབྱངས་གསལ་སོགས།།

བརྡ་སྤྲོད་རིག་པའི་པད་ཚལ་གསར་བའི་འཛུམ།།

བཞད་པས་དགའ་བ་འབུམ་གྱིས་རྫོགས་ལྡན་བསུས།།

འཛམ་གླིང་རིག་པའི་ལྷུན་པོའི་ཡང་རྩེ་རུ།། 

སྙན་པའི་བ་དན་རླུང་གིས་བསྐྱོད་པ་ཅན།། 

གངས་ལྗོངས་གནས་ལྔ་རིག་པའི་ནོར་བུ་ཞེས།། 

གྲགས་པའི་འབྲུག་སྟོང་འཛམ་གླིང་ཁྱོན་དུ་ལྡིར།། 

ཐོན་མིའི་ལག་སོར་གངས་རིའི་རྩེ་མོ་ནས།། 

བརྡ་སྤྲོད་རིག་པའི་ཆུ་བོ་རྣམ་བཞིའི་རྒྱུན།། 

བྷོ་ཊའི་ལྗོངས་སུ་ཁྱབ་པའི་རིན་ཆེན་ནོར།། 

འབྱུང་གནས་གྱུར་འདིའི་བཀའ་དྲིན་གཞལ་མི་ནུས།། 

དེ་ལྟར་བསུབ་མེད་ངོ་མཚར་ཕྱག་རྗེས་མཆོག། 

རྡོ་ལ་རི་མོ་བྲིས་པ་ལྟ་བུ་འདི།། 

རྗེས་འཇུག་གདུལ་བྱ་ཡོངས་ཀྱི་སྙིང་ཁོང་དུ།། 

དམ་དུ་བཅངས་ཏེ་བཀའ་དྲིན་རྗེས་སུ་དྲན།། 

འདི་ཡི་དགེ་བས་གངས་རི་ར་བའི་ཞིང་།། 

རྫོགས་ལྡན་དཔལ་ལ་འགྲན་ཞིང་ལྔ་རིག་གི། 

ཟླ་བའི་འོད་དཀར་སྐྱོན་གྱིས་མ་གོས་པ།། 

ཆོལ་གསུམ་འཁོར་ལོའི་ཁྱོན་དུ་ཁྱབ་པར་ཤོག། 

ཡབ་གཅིག་ཟུར་ཕུད་ལྔ་བའི་བྱིན་རླབས་མཆོག། 

སྙིང་ལ་ཞུགས་ཏེ་རྨོངས་མུན་རབ་བསལ་ནས།། 

དད་བརྩོན་ཤེས་རབ་རྣམ་དཔྱོད་རྩལ་རྫོགས་ཏེ།། 

འཇིགས་མེད་སྨྲ་བའི་དབང་བོར་བདག་གྱུར་ཅིག། 

གངས་ཅན་འགྲོ་ལ་སྨན་པའི་ལྷག་བསམ་གྱིས།། 

ཇི་ལྟར་སྨོན་པ་དེ་ལྟར་ལེགས་འགྲུབ་ཅིང་།། 

སྲིད་གསུམ་འགྲོ་ཀུན་སྡུག་བསྔལ་ལས་བསྒྲལ་ཏེ།། 

གཏན་བདེ་ཐར་བའི་གོ་འཕང་མྱུར་ཐོབ་ཤོག།  


      ཅེས་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་གངས་ཅན་གྱི་ལྗོངས་འདིར་བརྡ་སྤྲོད་ཡི་གེའི་སྲོལ་ཐོག་མར་གསར་གཏོད་མཛད་པའི་ཤིང་རྟ་བ་ཆེན་པོ། བོད་མི་ཡོངས་ཀྱི་རྩ་བའི་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ཞེས་སྙན་པའི་གྲགས་པ་འཛམ་གླིང་ཡོངས་སུ་ཁྱབ་པ་དེ་ཉིད་ལ་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་པ་ཚངས་པའི་དབྱངས་སྙན་ཞེས་བྱ་བ་འདི་ནི། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཞེས་གྲགས་པའི་སློབ་གྲྭ་གསར་སྐྲུན་བྱེད་པ་པོ། མཁྱེན་རབ་ཀྱི་རྩལ་དགུ་རབ་ཏུ་རྫོགས་པའི་རྭ་རྒྱའི་འཇིགས་མེད་རྒྱལ་མཚན་གཙོ་བྱས་རྣམ་དཔྱོད་ཀྱི་ཁོ་ལག་རབ་ཏུ་ཡངས་པའི་སློབ་གྲྭའི་དགེ་རྒན་འགས་ནན་གྱིས་བསྐུལ་པར་བརྟེན་༧ཤཱཀྱའི་བཙུན་གཟུགས་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་རང་ལོ་བརྒྱད་ཅུར་སོན་པའི་མེ་སྤྲེལ་ལོའི་ཆུ་སྟོད་ཟླ་བའི་ཚེས་ལ་བྲིས་པ་དགེ་ལེགས་འཕེལ།།  



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 75wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531387
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།