ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ལོ་རྒྱུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ལོ་རྒྱུས།
ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ལོ་རྒྱུས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-22ལྟ་ཀློག (5970)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། ། མང་ཡུལ་གྱི་ཆོས་སྡེ་ཆེན་མོ་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་ལོ་རྒྱུས་རགས་བསྡུས་སུ་བརྗོད་པ་དྲང་སོང་དགྱེས་པའི་མཆོད་སྤྲིན། 


རྩོམ་འབྲི་བ་བྱ་སྟོད་འོད་ཟེར། 

 

 

བགྲང་ཡས་ལེགས་ཚོགས་དཔྱིད་ཀྱི་ཆར་བའི་རྒྱུན། ། 

སྐྱེ་དགུའི་ཕན་བདེའི་གཤིན་སར་འདྲེན་མཁས་པ། ། 

མཚུངས་བྲལ་བཤེས་གཉེན་སྤྲིན་གྱི་དབང་བོ་གང་། ། 

ཚེ་རབས་དད་པའི་ཡིད་མཁར་གཏན་དུ་རོལ། ། 


བསླབ་གསུམ་རིམ་གཉིས་གྲུ་རྫིངས་ལ་བརྟེན་ནས། ། 

རྣམ་དག་ཁྲིམས་གཙང་དར་གྱི་རྒྱན་དང་བཅས། ། 

ཐར་འདོད་རྒྱ་མཚོར་འཇུག་པའི་གཉེན་གཅིག་བུ། ། 

སྐྱབས་གནས་འཕགས་ཚོགས་འདུས་སྡེ་ཕྱག་གི་ཡུལ། ། 


འདི་ན་སྡེ་འདིའི་སྔོན་བྱུང་གཏམ་གྱི་ཕྲེང་། ། 

རང་བློ་ཀུ་ཤུའི་རྩེ་མོར་བཏེགས་པ་ཡི། ། 

ཆུ་ཐིགས་ཙམ་ཞིག་འགྲེམས་པའི་སྐལ་བ་ནི། ། 

དཔག་མེད་བསོད་ནམས་མཐུ་ཡིས་བདག་ལ་ཐོབ། ། 

   དེ་ཡང་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ཞེས་བསྔགས་པའི་ཆོས་སྡེ་ཆེན་མོ་འདི་ནི་ཡུལ་མདོ་ཁམས་སྨད་ཀྱི་རྨ་ཀླུང་སྔོན་མོ་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་འབབ་པའི་རྒྱུད་རྨ་ཆུ་སྔོན་མོའི་ནང་ལུང་། འགོས་ལོ་ཙ་བ་དབང་ཕྱུག་ཆོས་ཀྱི་རྒྱལ་བོའི་ཞལ་སློབ་འཇང་བོ་རོང་གི་མང་ར་བ་སེངྒེ་རྒྱལ་མཚན་འགྲོ་དོན་སྤེལ་བར་མདོ་ཁམས་སུ་ཕེབས་ཤིང་མང་རའི་སྟོད་སྨད་དང་། ཁྱད་པར་འཇག་རི་སུམ་མདོར་བཞུགས་ཤིང་སྒོམ་དང་སྒྲུབ་པ་རྒྱུན་རིང་མཛད་དེ་འགྲོ་དོན་རླབས་ཆེན་བསྐྱངས་པ་ལ་བརྟེན་ནས་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། ཕྱིས་གང་ཟག་གི་མཚན་ས་མིང་ལ་འབོད་པ་བྱུང་སྟེ་མང་ར་ཞེས་པའི་ཡུལ། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་མཁར་གྲོང་ལྷོ་ནུབ་ཀྱི་མཚམས་སྤྱི་ལེ་བཅོ་བརྒྱད་ལྷག་གི་སར་ཆགས་ཤིང་། འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་བསྟན་པ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་དུ་གཏོགས་པ་ཡིན། སྔོན་༧རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་མདོ་སྨད་དུ་བྱོན་པའི་ཕེབས་ལམ་དུ་གནས་འདིར་བཞུགས་པས་ཤེལ་ལུང་བཞུགས་ཁྲི་གོང་མ་ཞེས་གྲགས་པའི་གནས། ཇ་བ་རྟ་རྨིག་མའི་ལུང་བ་སའི་དགེ་བཅུའི་མེ་ཏོག་གི་འདབ་མ་ཡོངས་སུ་གྲོལ་བའི་གནས་ཕུན་སུམ་ཚོགས་པ་དེར། རྒྱལ་བ་ཀུན་གྱི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་མཐའ་ཀླས་པ་རོ་གཅིག་པའི་བདག་ཉིད་ཀྱི་ངོ་བོ་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་ཀུན་མཁྱེན་ཡེ་ཤེས་ཀྱི་རྩེད་དགའ་ལ་རོལ་བ། བདག་པས་གཞན་གཅེས་ཀྱི་བྱ་དཀའ་བའི་སྤྱོད་པ་ཡོངས་སུ་རྫོགས་པར་མཛད་ཀྱང་། ཞིང་འདིར་དགེ་བའི་བཤེས་གཉེན་གྱི་རྣམ་པར་བྱོན་སྟེ་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་དང་དཔུང་གཉེན་དུ་གྱུར་བ། བཀའ་དྲིན་མཚུངས་པ་མེད་པའི་སྡེ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་པ༧ལ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོ་ཞེས་ས་གསུམ་ན་ཆོས་ཀྱི་གྲགས་པ་ཕྱོགས་དང་དུས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སེམས་དཔའ་ཆེན་པོ་གང་ཉིད་ཀྱིས་སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ༧རྗེ་བླ་ཁོ་རྡོ་རྗེ་འཆང་དང་། ལ་མོ་དགེ་འདུན་བསྟན་འཛིན་ནོར་བུ་དཔལ་བཟང་བོ་རྣམ་གཉིས་ཀྱི་བཀའི་མེ་ཏོག་སྤྱི་བོར་འཐོར་བ་ལ་བརྟེན་ནས་བོད་རབ་བྱུང་བཅུ་དྲུག་པའི་ཉག་མ་དགུ་བ་ཤིང་མོ་ཕག་གི་ལོ་སྟེ་སྤྱི་ལོ1935ལོར་ཕྱག་འདེབས་མཛད། བླ་མ་རྡོ་རྗེ་འཆང་གང་ཉིད་ནི་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་རྒྱུད་དུ་གཏོགས་པ་མཚོ་སྔོན་པོ་མདའ་བཞིའི་ལྡོང་སྐོར་ཞེས་པའི་ཚོ་བར་ཡབ་སངས་རྒྱས་སྐྱབས་དང་། ཡུམ་སྒྲོལ་རིས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བ་ཕུར་བུ་ཞེས་པ་སྟེ་སྤྱི་ལོ1908ལོར་སྐུ་འཁྲུངས། དམ་པ་གང་ཉིད་ནི་གཞོན་ནུའི་དུས་སུ་དམ་པའི་རང་རྟགས་མངོན་དུ་གྱུར་ཞིང་། དགུང་ལོ་དྲུག་སྟེང་དགོན་སར་རྣམ་རྒྱལ་གླིང་དུ་ཕེབས་ནས་ཁུ་བོ་ར་རྫི་རིན་པོ་ཆེའི་དྲུང་དུ་ཡི་གེ་ཕྲལ་སྦྱོར་དང་འབྲི་ཀློག་སོགས་བསླབས་ནས་ཚེགས་མེད་དུ་མཁྱེན། སྡེ་སྣོད་འཛིན་པ་༧ལྡོང་མཁན་པོ་ཚང་ལས་རབ་ཏུ་བྱུང་སྟེ་ཚངས་སྤྱོད་ཀྱི་འབྲས་བུ་དཔྲལ་བའི་མིག་བཞིན་སྲུང་བར་མཛད། དགུང་ལོ་བརྒྱད་པར་ལ་མོའི་ཡོངས་འཛིན༧རྗེ་ཤེས་རབ་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་གནང་ཐོག་བདེ་ཆེན་སོགས་སུ་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་དང་། སྨན་བླ་རིང་ཐུང་། འཇིགས་བྱེད། དུས་འཁོར། ཀུན་རིག མགོན་ཆོས་ལྷ་ལྔ། རྒྱན་འཇུག ཀུན་མཁྱེན་འཇིགས་མེད་དབང་བོའི་ཆོས་ཀྱི་རྣམ་གྲངས་སོགས་ཐུགས་འཛིན་གནང་། བསྡུས་གྲྭ་བློ་རྟགས། ས་ལམ་སོགས་ཀྱི་དཔེ་ཁྲིད་དུ་ཕེབས་ཤིང་། དགུང་ལོ་ཆུང་ངུའི་དུས་སུའང་བསགས་སྦྱང་གནད་སྨིན་མཛད། དགུང་ལོ་བཅུ་བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་སློབ་གཉེར་ལ་ཕེབས། གཞུང་བརྒྱ་སྨྲ་བའི་དབང་བོ་བསང་ཁོག་ཐབས་མཁས་ཚང་དགེ་རྒན་དུ་བསྟེན། རྨད་བྱུང་ཐོས་བསམ་ནོར་བུའི་གླིང་གི་ཆོས་གྲྭར་ཞུགས་ཏེ་ཐུགས་གཉེར་རྡོ་རུས་ཐུག་པ་མཛད། གྲུབ་མཐའ་རྩ་བ། རིན་ཕྲེང་། མདོ་རྒྱན། རྒྱུད་བླ་རྩ་ཤེས། བསྡུས་གྲྭའི་མཐའ་དཔྱོད་སོགས་ཐུགས་འཛིན་གནང་སྟེ་ཚོགས་རྒྱུགས་སུ་ཕུལ། བསྡུས་གྲྭ་བློ་རྟགས། སྡེ་བདུན། རིགས་རྒྱན། ཐར་ལམ་གསལ་བྱེད། ཊིཀ་ཆེན། དྲང་ངེས། གསེར་ཕྲེང་། རྣམ་བཤད་སྙིང་བོའི་རྒྱན་སོགས་མདོ་སྔགས་རིག་པའི་གནས་ཐམས་ཅད་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་སྙན་པ་ཕྱོགས་བཅུར་ཁྱབ། རྗེ་བླ་ཁོ་རྡོ་རྗེ་འཆང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་དམ་པ་དེ་ཉིད་ལས་དབང་ལུང་མན་ངག་མཐའ་དག་གི་གདམས་པ་ཕ་ནོར་བུ་བཞིན་ལེགས་པར་བསྩལ། དམ་པ་འདི་ཉིད་ཀྱི་སྐུ་ཚེ་གང་བོར་ཐོས་བསམ་བསྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་ཁོ་ནས་དབུས་ཀྱི་སེ་འབྲས་དགེ་གསུམ་དང་། སྨད་ཀྱི་བཀྲ་ཤིས་འཁྱིལ་གཙོ་བྱས་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་བོད་ཀྱི་བླ་སྤྲུལ་བཤེས་གཉེན་སྟོང་ཕྲག་དུ་མར་ཆོས་སྲིད་ལུགས་གཉིས་ཀྱི་བཀའ་དྲིན་ཆེན་པོ་བསྐྱངས་པས་འཛམ་གླིང་ཞི་བདེ་དང་། འགྲོ་ཀུན་ཕན་བདེ་ལམ་བཟང་དུ་འཁྲིད་མཁས་པའི་ཆོས་ཀྱི་དེད་དཔོན་ཆེན་པོར་གྱུར།


    ལ་མོ་ཡོངས་འཛིན་སྐུ་ཕྲེང་གསུམ་པ༧རྗེ་བཙུན་བློ་བཟང་ཆོས་འཕེལ་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི་སྤྱི་ལོ༢༠༠༥ལོར་མང་རྫོང་རུ་མང་སྡེ་བར་སྐུ་འཁྲུངས། ༢༠༡༠ལོར་རྣམ་དག་ཁྲིམས་ལྡན་གླིང་གི་དམ་པ་གོང་མའི་མི་འཇིགས་གདོང་ལྔ་འབར་བའི་གསེར་གྱི་ཁྲི་འཕང་ཡངས་པོར་ཞབས་ཀྱི་པདྨོ་རྣམ་པར་བཀོད་དེ་འདུས་སྤྱི་ལྷ་སྡེ་ཐུན་མོང་གི་དད་པའི་གསོས་སུ་སྨིན་པར་བྱས། ད་ལྟ་བླ་བྲང་བཀྲ་ཤིས་འཁྱིལ་དུ་༧རྗེ་འཇམ་དབྱངས་རྒྱ་མཚོ་ཚང་། ༧རྗེ་འཇིགས་མེད་དཔལ་ལྡན་ཚང་སོགས་དགེ་བའི་གཉེན་མཚད་ཉིད་དང་ལྡན་པ་དུ་མའི་ཞབས་པད་གུས་པས་བསྟེན་ཏེ་མདོ་རྒྱུད་རིག་གནས་རྒྱ་མཚོར་ཅི་དགར་ལོངས་སུ་སྤྱོད་བཞིན་པའི་སྐབས་ལགས་ཤིང་། དགོན་པའི་ཆོས་སྲིད་གང་ཅིའི་ཐད་སྐྱོང་ཁུར་བླ་མེད་གནང་བཞིན་བཞུགས། དེ་ཡང་ཐར་ཤུལ་སྤྱི་བའི་གྲྭ་བ་འགའ་ཞིག་དང་། གཡག་སེར་བསམ་གཏན་གྱིས་ཕུལ་བའི་གྲྭ་བ་བཅུ་ལྷག་ནི་དགོན་སྡེ་འདིའི་ཐོག་མའི་གྲྭ་རྒྱུན་ཡིན་སྐད། ལོ་དེར་དགེ་འདུན་ཞལ་གྲངས་སུམ་ཅུ་ལྷག་འདུས། གྲྭ་ཁང་བཅུ་ལྷག ཚོགས་འཚོག་ཡུལ་ལ་ཁང་ཆེན་རིང་བོ་ཞིག རུང་ཁང་། ནང་ཆེན་བཅས་ཀྱི་བཟོ་བཀོད་བསྐྲུན། མེ་བྱི་ལོར་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་གནང་སྟེ་ཞལ་འདོན་ཕལ་ཆེར་བླ་བྲང་ལྟར་བྱས། སྔ་དྲོའི་གསུང་ཆོས་དང་། ཕྱི་དྲོའི་སྨོན་ལམ་བླ་མར་ཉིན་བཞིན་ཁོང་སྐུ་དངོས་སུ་ཕེབས་པ་གནང་། ལོ་འདིར་གྲུབ་པའི་དབང་ཕྱུག་རྒྱ་བཟའ་དགེ་འདུན་ཕུན་ཚོགས་ཕེབས་ནས་ཁོང་རིན་པོ་ཆེ་བླ་མར་བསྟེན་ཏེ་ཚོགས་ཞུགས་གནང་། གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་ཚོགས་དང་ཆོས་གྲྭར་འགྲིམས། དེ་མཚུངས་སུ་ཏོག་ར་བླ་མ་དཀར་བོའི་ཡང་སྤྲུལ་རྗེ་བློ་བཟང་བསྟན་རྒྱ་མཚོ་ཆུང་དུས་ནས་བླ་མ་རིན་པོ་ཆེ་ལ་ཕུལ། ཁོང་གིས་བླ་མ་བསྟེན་ཚུལ་ཤིན་ཏུ་ལེགས་ཤིང་། སྡོམ་གསུམ་གྱི་བཅོས་མཚམས་ཕྲ་མོ་ཙམ་ཡང་མིག་འབྲས་བཞིན་བསྲུངས་ཏེ་བཀའ་གདམས་གོང་མའི་རྣམ་ཐར་འབའ་ཞིག་བསྐྱངས་པས་དགུང་ལོ་བཅོ་ལྔ་ནས་བཟུང་སྨོན་ལམ་བླ་མ་མཛད། ཨ་ལགས་ཐུལ་བ་ཚང་། ཨ་ལགས་ནམ་མཁའ། རྭ་རྒྱའི་དགེ་བཤེས་སོགས་བླ་སྤྲུལ་མང་བོ་གདན་ས་འདིར་ཡུན་རིང་བཞུགས། དེ་ལྟར་ལོ་རེ་བཞིན་གྲྭ་རྒྱུན་ཇེ་མང་དུ་སོང་བས་མི་རིང་བར་དགེ་འདུན་ཞལ་གྲངས་བརྒྱ་ལྷག་འདུས་པ་ལས་འདུ་ཁང་གི་བཀོད་པ་རྒྱ་བསྐྱེད་ཕྱིར་མང་ར་སྟོད་སྨད་ཀྱི་སྡེ་དཔོན་ཚོ་དཔོན་རྣམས་ལ་གྲོས་བསྡུར་གྱིས་ཚོགས་ཆེན་འདུ་ཁང་གི་རྒྱུ་ཆའི་དོན་དུ་རོང་བ་རྣམས་ཀྱིས་སྡོང་བོ་གཅོད་རྒྱུ་དང་། འབྲོག་པ་རྣམས་ཤིང་ཆ་སྐྱེལ་འདྲེན་བྱ་རྒྱུའི་གྲོས་འཆམ་བྱུང་། འདི་སྐབས་ཤིག་ལ་དགེ་བསྙེན་ཕྱིར་དཀར་བས་གུས་འདུད་ལྷུ་རུ་བླངས་ཏེ་དགོན་སྡེ་འདིའི་རྒྱབ་རིར་གནས་ནས་སྡོངས་གྲོགས་དང་འཕྲིན་ལས་ཚུལ་བཞིན་བསྒྲུབ་རྒྱུའི་གཡར་དམ་ཕུལ། མེ་ཕག་ལོར་སྔོན་གྱི་ཚོགས་ཆེན་འདུ་ཁང་གི་རྟེན་དང་བརྟེན་པར་བཅས་པ་ཡུལ་འདིའི་བསོད་ནམས་ཀྱི་ཞིང་ལ་མངོན་པར་བརྗིད་དུ་ཆགས། གསུང་རྟེན་ལ་བཀའ་བསྟན་ཚར་གསུམ། མདོ་དབུས་ཁམས་གསུམ་གྱི་མཁས་གྲུབ་ཚད་ལྡན་མང་བོའི་གསུང་འབུམ་དང་། ཟངས་དམར་དངུལ་ཤན་གྱི་ཙི། དུང་ཆེན། རྒྱ་གླིང་། རྔ་སྦུབ་སོགས་མཆོད་རྫས་ཉེར་སྤྱད་སོགས་ཀྱང་མ་ཚང་མེད་པར་བྱས། ལོ་མཇུག་ལ་ཁོང་རིན་པོ་ཆེ་ནས་བདེ་མཆོག་ལི་ཨུ་བའི་ཆོ་ག་ཡོངས་རྫོགས་ཀྱི་འདོན་རྟ་དབྱངས་དང་ཕྱག་ལེན་ཐམས་ཅད་ཞིབ་ཁྲིད་གནང་སྟེ་ཟླ་ཤས་ལ་གཤར་སྦྱངས་ཕུན་སུམ་ཚོགས་པ་མཛད། ནག་པ་ཟླ་བའི་ཚེས་བདུན་ཉིན ༧རྗེ་བླ་ཁོ་རྡོ་རྗེ་འཆང་དང་། ཚེས་བརྒྱད་ཉིན་ལ་མོ་དགེ་འདུན་བསྟན་འཛིན་ནོར་བུ་རྣམ་གཉིས་ཀྱི་གདུང་མཆོད་དང་འབྲེལ་བདེ་མཆོག་སྒྲུབ་མཆོད་ཉིན་བདུན་རིང་ཚུགས་པར་བྱས། ཁྱབ་བདག་འཁོར་ལོའི་མགོན་པོ་༧ རྗེ་བླ་ཁོ་རྡོ་རྗེ་འཆང་གི་བཀའ་གསུང་ལྟར་བདེ་གསང་འཇིགས་གསུམ་སྒྲུབ་མཆོད་ཀྱི་འདོན་རྟ་དབྱངས་གསུམ། ཐིག་རྡུལ་ཚོན། གར་ཕྱག་རྒྱ། རྡུང་འབུད་དཀྲོལ་ལ་སོགས་པའི་ཕྱག་ལེན་ཐམས་ཅད་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་རྒྱུད་པ་ཇི་ལྟ་བ་བཞིན་ཚུགས། དུས་བཞིར་རབ་གནས་བཀྲ་ཤིས་སྙེ་མ། ཡར་ངོ་མར་ངོའི་གསོ་སྦྱོང་། ལོ་རེར་ཟླ་ངོ་ཅོག་གི་ཚེས་བཅུ་གཉིས་ལ་བདེ་གསང་འཇིགས་གསུམ་གྱི་ཆོ་ག་རེས་མོས། གཞན་ཡང་ཟླ་རེའི་ཉེར་དགུ་ལ་མགོན་ཆོས་བསྐང་བ་སྐང་གསོ་སོགས་ཆིག་སྐྱ་ཕེར་བར་བཙུགས། དེ་ལྟར་དགོན་སྡེ་འདི་ཉིད་བཏབ་པ་ནས་རབ་རྒྱལ་ས་ཁྱི་ལོའི་བར་གྲྭ་བ་བརྒྱ་དང་ཉི་ཤུ་ལྷག གྲྭ་ཤག་དྲུག་ཅུ། འདུ་ཁང་གྱན་ཞེ་ལྔ་ཅན་བཅས་སུ་འཕེལ་རྒྱས་བྱུང་། ང་བདུན་ལོར་འདུ་ཁང་གྱན་བརྒྱད་ཅུ་ཅན་ཞིག་བཞེངས་པར་གྲ་སྒྲིག་ཐོན་པར་བྱས་ཀྱང་ཆོས་ལུགས་བསྒྱུར་བཅོས་སྐབས་དང་འཁེལ་བས་གཅིག་ཀྱང་མ་ལུས་པར་འདུས་བྱས་མི་རྟག་པའི་ཚུལ་ལ་བསྐུལ་ཏོ། །

 

   ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་སྟེ། མི་རིགས་ཀྱི་སྲིད་ཇུས་ལྷོད་ཡངས་སུ་བཏང་བའི་ཁྲིམས་ལུགས་དངོས་འབེབས་བྱས་པར་བརྟེན་བོད་རབ་བྱུང་བཅུ་བདུན་པའི་ཆུ་ཁྱི་ལོ་སྟེ། སྤྱི་ལོ1982ལོར་སླར་ཡང་གདན་ས་འདི་གའི་ཆོས་སྒོ་ཡངས་པོར་ཕྱེས་ཤིང་། ཡུལ་འདིའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་གསོལ་བ་བཏབ་པར་ཁོང་རྡོ་རྗེ་འཆང་ཕྱིར་གདནས་སར་ཕེབས། སྔོན་གྱི་གྲྭ་རྒན་དྲུག་བདུན་ལྷག་དང་། གསར་དུ་བསྒྲུབ་བྱ་བཅུ་ལྷག་རབ་ཏུ་བྱུང་ནས་གྲྭ་ཤག་དྲུག་བདུན་ཙམ་གསར་དུ་བསྐྲུན། སྡེ་འདིའི་ལྷ་སྡེ་ནང་མ་ཐར་ཤུལ། གོང་བ། ཙག་དཔའ། རྒྱ་སུ་སྡེ་བ་སོགས་ཀྱིས་ཁོང་རིན་པོ་ཆེར་གནས་འདིར་ཡུན་རིང་བཞུགས་རྒྱུའི་གསོལ་བ་ཕུར་ཚུགས་སུ་བཏབ་སྟེ་རྟ་ནོར་བརྒྱ་དང་རེ་ལྔ། གོས་རས་སྣ་ཚོགས། ཇ་བག་བརྒྱ་ལྷག་ཕུལ་བ་སོགས་ཁོང་གིས་འདུ་ཁང་གསར་བཞེངས་ཀྱི་ཐེབས་སུ་བསྩལ། ཤིང་བྱི་ལོར་འདུ་ཁང་ལས་འགོ་བརྩམས་ཤིང། ལོ་ཕྱི་མར་ཀྭ་བ་ཞེ་བརྒྱད་ཅན་གྱི་ཚོགས་ཆེན་འདུ་ཁང་ལ་མ་ཎི་ཁང་གྱན་ཉེར་ལྔ་དུང་ཕྲེང་སྤེན་རྒྱན་ཅན་བཅས་ལེགས་པར་བཞེངས་གྲུབ་མཛད། ཀུན་དགའ་ར་བའི་གཙོ་སྐུ་ཇོ་བོ་ཤཱཀྱ་མུ་ནེ་མཐོ་ཚད་ལ་ཁྲུ་གསུམ་ཅན་དང་། འཇམ་དབྱངས་ཀུན་གཟིགས། བྱམས་པ་ཆོས་འཁོར་མ། རྡོ་རྗེ་འཆང་བླ་ཁོ་རིན་པོ་ཆེའི་སྐུ་འདྲ་དང་། གཞན་ཡང་རྗེ་ཡབ་སྲས་གསུམ། སངས་རྒྱས་རབས་བདུན། ཀུན་མཁྱེན་སྐུ་ཕྲེང་། ལ་མོ་སྐུ་ཕྲེང་། ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། འཇམ་དབྱངས་ཆོས་རྗེ། འཁོར་དག་པ་རྣམ་བརྒྱད། མི་ལ་རས་པ། རྗེ་བཙུན་ཤེས་རབ་སེངྒེ་། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་སོགས་དང་། གཞན་ཡང་དུས་གསུམ་སངས་རྒྱས། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། མགོན་ཁང་དུ་འཇིགས་བྱེད་གཙོས་རྗེའི་ཐུགས་དམ་ལྷ་ལྔ། རྟ་མགྲིན་གསང་སྒྲུབ་སོགས་དང་། འདུ་ཁང་ཡང་ཐོག་ཏུ་སྟོན་པ་གཙོ་འཁོར་གསུམ། ཇོ་འབྲོམ་ཡབ་སྲས། མཁན་སློབ་ཆོས་གསུམ། སྤོས་ཤིང་ལས་གྲུབ་པའི་བཤགས་ལྷ་སོ་ལྔ་སོགས་སྐུ་འདྲ་གང་མང་བཞེངས། རྗེ་བཙུན་ཤེས་རབ་སེངྒེ་ལ་འདུལ་དཀར་ནག་སོགས་ཀྱིས་བསྐོར་བ། རྗེ་རིན་པོ་ཆེ་ལ་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བ། གསང་འདུས། འཇིགས་བྱེད། འཁོར་ཆེན། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། བཤགས་ལྷ་སོ་ལྔ། འཇམ་དབྱངས་ཀུན་གཟིགས། གདུགས་དཀར། རྗེ་གཟིགས་པ་ལྔ་ལྡན། རྟ་མགྲིན་གསང་སྒྲུབ། མགོན་པོ། ཆོས་རྒྱལ། ལྷ་མོ། རྣམ་སྲས། དཔལ་མགོན་ཞལ་བཞི་བ་སོགས་གསེར་འོད་ལམ་ལམ་འཕྲོ་བའི་གྱན་ཐང་བཅོ་བརྒྱད་ལྷག་བཅས་ལེགས་པར་གྲུབ། འདུ་ཁང་ལ་གསེར་ཚོན་དང་། མཆོད་རྫས་སྣ་ཚོགས་ཚེམ་དྲུབ་ལེགས་པར་སྤུད་པའི་སྐུ་གསུང་ཐུགས་རྟེན་གྱིས་བྱུར་བུར་གཏམས་པའི་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ལ་བྱིན་ཆགས་པར་བྱས། དགུ་བའི་ཉེར་གཉིས་ལ་སྤྱན་དབྱེའི་ཆོ་ག་དང་འབྲེལ་བར་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་ཏེ་དགེ་འདུན་ལྔ་བཅུ་ལྷག་འདུ་ཁང་གསར་བའི་ནང་དུ་ཚོགས་འཚོགས། གྲྭ་ཤག་ཀྱང་ཉི་ཤུ་ལྷག་ལ་འཕེལ། དགུན་དུ་ཁོང་རིན་རིན་པོ་ཆེ་སྐུ་དངོས་ཀྱིས་གྲྭ་ཚང་བྱིངས་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་འདོན་རྟ་དབྱངས་ཕྱག་ལེན་དང་བཅས་པ་ཞིབ་ཁྲིད་མཛད། ཆོས་སྤྱོད་སྣ་ཚོགས་ཀྱི་འདོན་རྟ་ཡང་ཁྲིད་དེ་དགའ་ལྡན་ལྔ་མཆོད་ཆེན་མོ་ཚུགས། འདི་སྐབས་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བྱམས་པ་འཕྲིན་ལས་ཚང་ཕེབས་ནས་རྒྱུན་བཞུགས་གནང་སྟེ་ལོ་རེ་བཞིན་རྒན་གཞོན་ཐམས་ཅད་ལ་ལམ་རིམ་འཇམ་དཔལ་ཞལ་ལུང་དང་། བདེ་ལམ། ས་ལམ། གྲུབ་མཐའ་རིན་ཕྲེང་སོགས་ཀྱི་དཔེ་ཁྲིད་དང་། ཞར་ལ་སུམ་རྟགས་དག་གསུམ། སྙན་འགྲེལ་དབྱངས་ཅན་དགྱེས་གླུ་སོགས་ཐུན་མོང་རིག་གནས་སྐོར་གྱི་བཀའ་དྲིན་བསྐྱངས། ཆོ་འཕྲུལ་སྨོན་ལམ་གྱི་གསུང་ཆོས་ཕལ་ཆེར་དགེ་བཤེས་ཁོང་གིས་མཛད་དེ་སྒྲིག་ལམ་ཀུན་སྤྱོད་ལ་དག་ཐེར་རྟིང་གནོན་མཛད། ཏོག་ར་བླ་མ་དཀར་བོའི་ཡང་སྤྲུལ་རྗེ་བློ་བཟང་བསྟན་འཛིན་རྒྱ་མཚོ་བ་ཁོང་ཡང་སྐུ་ཚེ་མ་རྫོགས་ཀྱི་བར་དུ་དམངས་གཙོ་དོ་དམ་ཁང་གི་ཀྲུའུ་རིན་དང་། ཆོས་སྲིད་ལུགས་གཉིས་ཀྱི་བགྱི་བ་ཕྲག་པར་བཞེས་ནས་དགོན་པའི་འཕེལ་རྒྱས་ལ་རླབས་ཆེན་གྱི་མཛད་པ་རིང་དུ་བསྐྱངས། 


གཞན་ཡང་དགེ་བཤེས་དཔའ་རིས་བསྟན་འཛིན་ཚང་། དགེ་བཤེས་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱིས་བསྡུས་གྲྭ། བློ་རྟགས། ས་ལམ། གྲུབ་མཐའ། ལམ་རིམ་སོགས་ཀྱི་དཔེ་ཁྲིད་ལོ་ངོ་དུ་མར་གནང་ཞིང་དགོན་པའི་སྒྲིག་ལམ་ལ་ཤ་ཚ་སྙིང་ཉེ་བའི་བཀའ་དྲིན་ཟབ། འདུ་ཁང་གསར་བསྐྲུན་ལའང་ནུས་པ་གང་ལེགས་བགྱིས། མེ་སྟག་ལོར། དགེ་བའི་བཤེས་གཉེན་བྱམས་པ་འཕྲིན་ལས་མཆོག་གིས་སྨན་ཁང་དང་སྨན་གྱི་སློབ་གྲྭ་གསར་འཛུགས་གནང་། སྨན་པ་བཅུ་ལྷག་གསོ་སྐྱོང་བྱས་ཏེ་སྨན་གྱི་རྒྱུད་ཆུང་གསུམ། སུམ་རྟགས་དག་གསུམ་སོགས་ཀྱི་རིག་གནས་སྐོར་མཛུབ་ཁྲིད་གནང་། ལོ་དེར་རིག་གནས་རྒྱ་མཚོའི་ཕྲེང་བ་འཛིན་པ་སྨད་སོག་བཛྲ་ཚང་ཕེབས་ནས་རྣམ་སྲས་སོགས་ཀྱི་འདོན་རྟ་རྡུང་དཀྲོལ་སོགས་ཞིབ་ཁྲིད་གནང་། ལོ་འདིར་དབྱར་གནས་ཚུགས་ཏེ་ལམ་རིམ་འཛིན་གྲྭ། བསྐྱེད་རིམ་འཛིན་གྲྭ། བཀའ་རིམ་འཛིན་གྲྭ་སོགས་རྩ་བའི་འཛིན་གྲྭ་གསུམ་ལ་ལམ་རིམ་འཆད་ཉན་གྱི་བཤད་གྲྭ་བཙུགས། དགེ་འདུན་ཞལ་གྲངས་བདུན་ཅུ་ལྷག་ལ་བསླེབས། ས་འབྲུག་ལོའི་གནམ་ལོ་གསར་ཚེས་ལ་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་གིས་ཁོང་རྡོ་རྗེ་འཆང་ལ་མཎྚལ་བརྟན་བཞུགས་ཕུལ། སོས་ཀར་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གྱན་བཅོ་ལྔ་ལ་གཡུ་ཐོག་གིས་བརྒྱན་པ་ཅན་བཞེངས། སྟེང་དུ་ཁོང་རིན་པོ་ཆེའི་གསུང་བཀོད་ལྟར་ཨ་ཁུ་སྨད་སོག་ཚང་དང་གྲྭ་བ་བཞིས་འཇིགས་བྱེད་བློས་བསླངས་དུར་ཁྲོད་དང་བཅས་པའི་བཀོད་པ་ལེགས་པར་བཞེངས། ས་སྦྲུལ་ལོར་དགེ་བའི་བཤེས་གཉེན་བྱམས་པ་འཕྲིན་ལས་ཚང་གིས་དབྱངས་ཆག་གནང་སྟེ་གཅོད་ཀྱི་ཞབས་བརྟན་ཚུགས། ཨ་ཁུ་བྱམས་འཕྲིན་ཚང་། ཨ་ཁུ་སྨད་སོག་རྣམ་གཉིས་ཀྱིས་དུས་འཁོར་གྱི་ཆོ་གའི་སྦྱོར་དངོས་རྗེས་གསུམ་གྱི་བྱ་བ་མཐའ་དག་ཞིབ་ཁྲིད་གནང་སྟེ་ཁོང་རིན་པོ་ཆེས་གནང་བའི་དུས་འཁོར་དབང་ཆེན་གང་ལའང་རང་རྐྱ་འཕེར་བ་མཛད། བླ་མ་རིན་པོ་ཆེའི་བཀའ་ལྟར། བདེ་ཆེན་སྨད་རྒྱུད་པ་རྗེ་བློ་བཟང་འོད་ཟེར་མཆོག་ཆེད་གཉེར་གྱིས་ཕེབས་ཏེ་དཔལ་གསང་བ་འདུས་པའི་ཆོ་ག་ཡོངས་རྫོགས་ཀྱི་འདོན་རྟ་དབྱངས་གསུམ་ཞིབ་ཁྲིད་གནང་། ཆུ་སྟོད་ཟླ་བའི་དུས་ཆེན་དང་འབྲེལ་གསང་འདུས་སྒྲུབ་མཆོད་ཚུགས། བླ་མ་རིན་པོ་ཆེ་མཆོག་མ་དགོན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ༧ གོང་ས་སྐྱབས་མགོན་མཆོག་དང་མཇལ། གདན་ས་རྣམ་དག་ཁྲིམས་ལྡན་གླིང་ཇི་སྲིད་ནམ་གནས་ཀྱི་བར་དུ་ཆོས་སྲིད་ལུགས་གཉིས་ཀྱིས་སྐྱོང་ཁུར་གནང་རྒྱུའི་ཞུ་བ་ཕུལ་བར་གོང་ས་མཆོག་གིས་ཐུགས་དགྱེས་བཞིན་ཞལ་བཞེས་གནང་། ཁོང་གི་དངོས་སློབ་གནས་ལྔ་ཀུན་གཟིགས་བཀྲ་ཤིས་འཁྱིལ་གྱི་མ་ཧཱ་པཎྚིཏ་༧རྗེ་བཙུན་བློ་བཟང་རྒྱ་མཚོ་མཆོག་དགོན་སྡེ་འདིའི་དགེ་རྒན་དུ་གནང་ཞིང་། ཕྱི་ལོ་ནས་རིམ་བཞིན་འཛིན་གྲྭ་སོ་སོ་ལ་སྐབས་བབས་ཀྱི་དཔེ་ཁྲིད་དང་། དགོན་པའི་སྒྲིག་ལམ་ཕྲ་མོ་ཙམ་ཡང་ཡལ་བར་མི་འདོར་བར་སྐུ་ཚེ་གང་བོར་ཁོང་གི་བཀའ་བཞིན་བསྒྲུབས། དགེ་རྒན་རྡོ་རྗེ་འཆང་ལ་ཁོང་རིན་པོ་ཆེ་བཀའ་བཞིན་ལ་མོ་གོང་ས་མཆོག་སྤྲུལ་རིན་པོ་ཆེའི་རིགས་ཀྱི་ཅོད་པཎ་མཛད་དེ་གྲྭ་ཚང་བྱིངས་ལ་དབང་ལུང་མན་ངག་མཐའ་དག་དང་། བཀའ་ཆོས་གང་བཞུགས་གནང་རྒྱུ། གོང་ས་མཆོག་ལ་ལུགས་གཉིས་ཀྱིས་སྐྱོང་ཁུར་བཞེས་རྒྱུའི་ཞལ་བཀོད་གནང་བ་བཞིན་སྡེ་འདིའི་བླ་སློབ་ཐམས་ཅད་ལ་བཀའ་དྲིན་རྒྱ་ཆེན་པོ་བསྐྱངས། མེ་བྱི་ལོར་བྱམས་ཁང་གསར་བཞེངས་མཛད་ཅིང་། ཀུན་དགའ་ར་བ་བརྐོས་རིས་ངོ་མཚར་བས་བརྒྱན་པ་གྱན་བཅུ་གཉིས་གྲུབ། ཕྱི་ལོར་དབུས་ཀྱི་རྟེན་གཙོ་ལ་རྗེ་བཙུན་བྱམས་པ་མགོན་པོ་བཟང་བོའི་བཞུགས་སྟངས་མཛད་པ་མཐོ་ཚད་ལ་ཁྲུ་བཅོ་བརྒྱད་ཅན། གཡས་ཀྱི་རྟེན་གཙོ་ལ་དུས་ཀྱི་འཁོར་ལོ་ཁྲུ་བདུན་ཅན། གཡོན་གྱི་རྟེན་གཙོ་ལ་ཕྱག་རྡོར་འཁོར་ཆེན་ཁྲུ་བདུན་ཅན་དང་། གཞན་ཡང་ཉེ་བའི་སྲས་བརྒྱད། རྗེ་བཙུན་ཤེས་རབ་སེངྒེ་ལ་སོགས་བླ་སྐུ་གང་མང་། སྤྱན་རས་གཟིགས་སོགས་ལྷག་ལྷ་དུ་མའི་འཇིམ་སྐུ། དགའ་ལྔན་ལྷ་བརྒྱ་མ། འཇམ་དབྱངས། འོད་དཔག་མེད། བྱམས་པ་མགོན་པོ་རྣམས་ཀྱི་ཞིང་བཀོད། རྗེ་སྐུ་ལ་འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བ། ཀུན་མཁྱེན་འཁྲུངས་རབས། ལ་མོའི་འཁྲུངས་རབས། གནས་བརྟན་བཅུ་དྲུག ཞལ་ལྷ་མོ། རྒྱལ་ཆེན་སྡེ་བཞི་བཅས་ལ་གཟུང་གཞུགས་དྲིལ་སྒྲུབ་ལེགས་པར་བཞུགས་སུ་གསོལ། མཐའ་སྐོར་དུ་ཟངས་སེར་ཐུམ་ཅན་གྱི་མ་ཎི་འཁོར་ལོ་བདུན་ཅུ་ལྷག་གིས་བསྐོར་བ་ལེགས་པར་བསྐྲུན། གཞན་ཡང་དགོན་སྡེ་འདིའི་ལོ་འཁོར་གཅིག་གི་ཆོས་ཐོག་གི་རིམ་པ་སྟབས་གཅིག་ཏུ་བརྗོད་པ་ལ། ཧོར་ཟླ་དང་བོའི་ཚེས་གསུམ་ནས་བཅུ་བདུན་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆོས་ཐོག་ལ་ཞོགས་ཚོགས། གསུང་ཆོས། གུང་ཚོགས། སྨོན་ལམ་ཡར་འཚོགས། དགོང་ཇ་བཅས་ཆོས་ཐུན་ལྔ་རེ་བྱེད་པ་བཅའ་ཡིག་ཟུར་གསལ་ལྟར་དང་། རྒྱལ་བ་བྱམས་པའི་བསྟན་པ་དང་མཇལ་བའི་རྟེན་འབྲེལ་དུ་ཚེས་བཅུ་གཅིག་ཉིན་བྱམས་པའི་གོས་སྐུ་ཆེན་མོ་བཤམས་སྟོན་དང་། བཅུ་དྲུག་ཉིན་བྱམས་པ་གླིང་སྐོར་གྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཇུག་བསྡུས་ཏེ་ལོ་གཅིག་གི་ཆོས་ཐོག་གི་དབུ་ཚུགས་པ་ཡིན། གཅོད་ཀྱི་ཞབས་བརྟན་དང་འབྲེལ་ཧོར་ཟླ་གཉིས་པའི་ཚེས་གསུམ་ནས་བཅུ་བདུན་བར་དཔྱིད་ཆོས་དང་བོ། འདིའི་ནང་བསྐྱེད་རིམ་པ་དང་ལམ་རིམ་འཛིན་གྲྭ་གཉིས་ལ་དོན་རྒྱུགས་ཚ་ནན་དྲག་པ་ལེན། ནག་ཟླའི་ཚེས་གསུམ་ནས་བཅུ་བདུན་བར་བདེ་མཆོག་སྒྲུབ་མཆོད་དང་འབྲེལ་བར་དཔྱིད་ཆོས་གཉིས་པ། ས་ག་ཟླ་བའི་ཚེས་གསུམ་ནས་ཚེས་བཅུ་བདུན་བར་དཔྱིད་ཆོས་གསུམ་པ། འདིའི་ནང་ཚིག་རྒྱུགས་ཞིབ་ལེན་བྱེད། ཧོར་ཟླ་ལྔ་བའི་ཚེས་གསུམ་ནས་བཅུ་བདུན་བར་དབྱར་ཆོས་དང་བོ། ཆུ་སྟོད་ཟླ་བའི་ཚེས་བཞི་ནས་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པ་ཉིན་བདུན། ཟླ་ངོ་ཕྱེད་དང་གཉིས་ལ་དབྱར་གནས་ཆོས་ཐོག དབྱར་གནས་ཆོས་ཐོག་སྐབས་འཛིན་གྲྭ་སོ་སོ་ལ་སྐབས་བབ་ཀྱི་དཔེ་འཛིན་དཔེ་ཁྲིད་དང་། དགོང་ཞོགས་ཀྱི་ཆོས་གྲྭར་ལུང་རིགས་ཟུང་འབྲེལ་གྱི་སྤྲོས་པ་གནད་སྨིན་གནང་སྟེ་རྒོལ་བ་སྔ་ཕྱིས་བརྒལ་བརྟག་གང་གནང་ཐམས་ཅད་ཤེས་རྒྱུད་འདུལ་བའི་ཐབས་སུ་འཁྱེར་བ་དང་བཀའ་པོད་ལྔའི་འཆད་ཉན་གཙིགས་སུ་འཛིན་པའི་ཆོས་ཐོག་ཅིག་གོ། ། 


ཧོར་ཟླ་བརྒྱད་པའི་བཅུ་བདུན་ནས་སྟོན་ཆོས་ཚུགས་ཤིང་། ལྕགས་མཁར་བ་རྣམས་བརྒྱད་པའི་ཉེར་བརྒྱད་ནས་འཇིགས་བྱེད་དང་ཆོས་རྒྱལ་གྱི་ལས་རུང་བསྙེན་པ་ཚད་ལྡན་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ལེགས་པར་སྔོན་དུ་བཏང་ནས། དགུ་བའི་ཉེར་བཞི་ནས་ཉེར་དགུ་བར་འཇིགས་མཛད་རྡོ་རྗེ་དཔའ་བོ་གཅིག་པ་དང་ལས་གཤིན་སྦྲགས་པའི་གཏོར་ཆེན་དྲག་པོ་ཟུར་དགུ་བའི་སྒྲུབ་པ་ཚད་ལྡན་སྙན་བརྒྱུད་མག་ངག་བཞིན་དུ་གཏོང་བར་བྱེད། དགུ་བའི་ཚེས་བཅུ་བདུན་ནས་བཅུ་བའི་ཚེས་གསུམ་བར་སྟོན་ཆོས་གཉིས་པ་ས་དཀར་ཆོས་ཐོག དགུ་བའི་ཉེར་གཉིས་ཉིན་བླ་མ་ལས་སྣེ་གྲོས་མཐུན་དགོངས་བཅད་ཀྱིས་གྲྭ་བ་རྒན་པ་སྤྱི་སེམས་ཆེ་ཞིང་། སྒྲིག་ལམ་ལ་ཤ་ཚ་བ། ཤེས་འཇོན་སྤྱོད་གསུམ་སོགས་གང་ཅིའི་ཐད་སྐུ་ཡོན་ཆེ་བ་རེ་འོས་ཐོ་བསྒྲིགས་ཏེ་དགེ་བསྐོས་སུ་བསྐོ་བཞག་བྱེད། དགའ་ལྡན་ལྔ་མཆོད་ཆེན་མོའི་ནངས་སྔ་བར་ཚ་རྟིང་མའི་ཇ་དང་བོར་དགེ་བསྐོས་གསར་བཞེངས་ཀྱིས་བསྟན་པའི་བྱུང་རབས་རྒྱས་བསྡུས་གང་འཚམ་དང་འབྲེལ་མ་ངེས་པ་རྣམས་ངེས་པའི་ཚུལ་དང་། ངེས་པ་རྣམས་མི་བརྗེད་པར་བྱ་བའི་ཕྱིར་དུ་བཅའ་ཡིག་ཆེན་མོ་བསྐུལ་བསྒྲགས་གནང་སྟེ་གྲྭ་ཚང་བྱིངས་ལ་སྒྲིག་ལམ་རྟིང་གནོན་བྱེད། ལྔ་མཆོད་དང་འབྲེལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་མཆོད་ཉིན་བདུན། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་བཅུ་གཉིས་པའི་བཅུ་བདུན་བར་ཡི་དམ་ཆོས་སྐྱོང་སོགས་ཀྱི་བསྙེན་པའམ་དཔེ་མཚམས་ཅི་རིགས་ལ་བགྲེས་གཞོན་ཚང་མ་ངེས་པར་བཞུགས་དགོས། འདི་སྐབས་ལོ་ཆུང་རྣམས་ཀྱིས་རིམ་བཞིན་ཆོ་ག་སྤྱོད་སྤྱི་དང་། བདེ་གསང་འཇིགས་གསུམ། ལམ་རིམ་འཇམ་དཔལ་ཞལ་ལུང་སོགས་ཀྱི་བློ་རྒྱུགས་ཕུ་ཐག་ཆོད་པ་སྤྲོད་དགོས་ཤིང་འདི་ལ་དགུན་རྒྱུགས་ཆེན་མོར་གྲགས། འཛིན་གྲྭ་སོ་སོར་ཕྱེས་ཚུལ་དང་རྒྱུགས་སྤྲོད་ཀྱི་རིམ་པ་ནི། གཞུང་འོག་མ་ལམ་རིམ་འཛིན་གྲྭའི་རྒྱུགས་ནི་གྲྭ་ཚང་རང་གི་འདོན་ཆོག་སྨོན་ལམ་ཆོ་ག་ཆོས་སྤྱོད་སྤྱི་དང་། བདེ་གསང་འཇིག་གསུམ་གྱི་ཆོ་ག་ཡོངས་རྫོགས། རབ་གནས་བཀྲ་ཤིས་སྙེེ་མ། མགོན་ཆོས་རྣམ་གསུམ་གྱི་བསྐངས་ཆོག ཀུན་མཁྱེན་གོང་མའི་ལམ་རིམ་འཇམ་དཔལ་ཞལ་ལུང་སོགས་ཀྱི་རྒྱུགས་ཆ་ཚང་། བསྡུས་གྲྭ། བློ་རྟགས། ས་ལམ། གྲུབ་མཐའ་སོགས་ཀྱི་རྒྱུགས་རྫོགས་རྗེས་བསྐྱེད་རིམ་འཛིན་གྲྭ་ལ་འབུད་དགོས་ཤིང་། བསྐྱེད་རིམ་འཛིན་གྲྭའི་རྒྱུགས་བརྩི་བཞག་ནི་དོན་བདུན་ཅུ། རྟེན་འབྲེལ། རྒྱན་གྱི་བསྡུས་དོན། འདུས་པའི་ས་ལམ། སྔགས་ཀྱི་སྤྱི་དོན་སོགས་ཀྱི་རྒྱུགས་སྤྲད་ཐོག ཆོ་ག་གསུམ་གྱི་ཐིག་རྡུལ་ཚོན། འདོན་རྟ་དབྱངས། གར་ཕྱག་རྒྱ། རྡུང་འབུད་དཀྲོལ་བཅས་ཀྱི་ཕྱག་ལེན་ཕྲ་ཞིབ་ལེགས་པར་སྦྱངས་གྲུབ་ནས་བཀའ་རིམ་འཛིན་གྲྭ་ལ་འབུད་དགོས། དེ་ལ་ནང་ནང་གསེས་ཀྱིས་བསྡུས་ཆུང་། བསྡུས་འབྲིང་། བསྡུས་ཆེན་སྟེ་བསྡུས་གྲྭ་ཁག་གསུམ། བློ་རིག་དང་རྟགས་རིགས། དོན་བདུན་ཅུ། ཕར་ཕྱིན་སྐབས་དང་བོ་དང་གཉིས་པ། དབུ་མ་གསར་རྙིང་། མཛོད་འདུལ་འཛིན་གྲྭ་བཅས་སུ་ཕྱེས་ཡོད། མདོར་ན་དགོན་སྡེ་འདིར་མདོ་དང་སྔགས་བསྡུས་པའི་ནང་དོན་རིག་པ་གཙོར་བྱས། སྒྲ་སྙན་སྨན་རྩིས་སོགས་ཐུན་མོང་རིག་པའི་གནས་ཐམས་ཅད་ཀྱི་འཆད་ཉན་དབྱར་མཚོ་བཞིན་རྒྱས་ཤིང་དེ་འཛིན་གྱི་མཁས་པ་དང་གྲུབ་པའི་དབང་ཕྱུག་གི་སྡེ་གཅིག་ལས་གཅིག་ལྷག་གི་ཚུལ་དུ་བྱུང་དང་འབྱུང་བཞིན་པ་མངོན་སུམ་གྱི་སྤྱོད་ཡུལ་དམ་པ་ལགས། ཉེ་ལམ་དགོན་པར་རྒྱུན་བཞུགས་གནང་བ་ལ་མོ་ཡོངས་འཛིན་ཚང་། ལ་མོ་ཞབས་དྲུང་དཀར་པོ། ལྡོང་མཁན་པོ་བློ་བཟང་མཁས་མཆོག་ཚང་སོགས་བླ་གྲྭ་སུམ་བརྒྱར་ཉེ་བ་དང་། གྲྭ་ཤག་བརྒྱ་དང་བཞི་བཅུ་ལྷག གནའ་དེང་ཟུང་འབྲེལ་གྱི་བཟོ་རྩལ་ཕུན་སུམ་ཚོགས་པ་ལས་ཐོན་པའི་ཚོགས་ཆེན་འདུ་ཁང་ཀྭ་བརྒྱ་མ། གསར་དུ་བཞེངས་པའི་འདུ་ཁང་ཀྭ་བརྒྱ་མའི་ནང་རྟེན་ཕལ་ཆེ་བ་ཁོང་རྡོ་རྗེ་འཆང་གི་ཐུགས་བཀོད་ལྟར་བཞེངས་པའི་འདུ་ཁང་རྙིང་བའི་སྐུ་གསུང་ཐུགས་རྟེན་གྱི་བཀོད་པ་ཇི་བཞིན་སོར་འཇོག་བྱས་ཡོད་ལ། གྲངས་མ་ལོངས་པ་རྣམས་ཀྱང་གནའ་བོའི་བཟོ་རྩལ་མ་ཉམས་པའི་སྒོ་ནས་འདུ་ཁང་སྟེང་འོག་ཐམས་ཅད་ལ་གསེར་འོད་ཆེམ་ཆེམ་འཕྲོ་བའི་རྟེན་རྣམས་ཀྱང་མ་ཚང་བ་མེད་པར་བྱས་ཡོད། བྱམས་ཁང་ཡིད་དགའ་ཆོས་འཛིན། རྗེ་ལྷ་ཁང་། སྟོན་ཆོས་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། དཔེ་མཛོད་གསུང་རབ་རིན་ཆེན་གླིང་སོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་ལྷ་ཁང་སོ་སོར་རྒྱལ་བའི་བཀའ་བསྟན་དང་། གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་དུ་མའི་གསུང་རབ་ཀྱི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་ཞིང་འདིའི་བསོད་ནམས་ཀྱི་ཞིང་ལ་ལྷམ་མེ་ལྷན་ནེ་ལྷིང་ངེར་བརྗིད་དོ། ། ད་ལྟ་རང་དགོན་པ་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་ཡོད་པ་དང་། བླ་མ་རིན་པོ་ཆེ་ཡི་མཛད་འཕྲིན་ལ་རྒྱལ་ཁབ་རིམ་པས་བསྔགས་བརྗོད་ཀྱི་རོལ་མོ་མང་དུ་བསྒྲགས་ཤིང་རྒྱལ་སྲིད་སྤྱི་ཁབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་ལེགས་མི་སྣའི་བྱ་དགའ་བསྩལ། ལྷག་པར་རྡུལ་ཚོན་རིག་གནས་ནི་ཞིང་ཆེན་རིག་དངོས་སྲུང་སྐྱོབ་ཀྱི་གྲས་སུ་བདམས་ཐོན་བྱུང་ཡོད་པས་ཞར་བྱུང་རྡུལ་ཚོན་དཀྱིལ་འཁོར་གྱི་ངོ་སྤྲོད་མདོར་བསྡུས་བརྗོད་པར་བྱ་བ་ལ། རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་ནི། རྒྱུད་སྡེ་སོ་སོའི་དབང་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ལེགས་པར་སྲུང་བའི་སྒྲུབ་བ་བོ་རྣམས་ཀྱིས་སའི་དཀྱིལ་ཆོག་དང་འབྲེལ་དཀྱིལ་འཁོར་གྱི་ལས་སུ་གཞུག་དགོས་པ་ཡིན་ནོ། ། དཀྱིལ་འཁོར་གང་ལ་བྲི་བའི་གནས་སུ་ས་བརྟག་བསླང་སྦྱངས་གསུམ་སྔོན་དུ་འགྲོ་དགོས་པ་རྒྱུད་སྡེ་ཐུན་མོང་གི་ལུགས་ལྟར་ལ། དཀྱིལ་འཁོར་གང་ལ་འཇུག་པའི་གཞིར་དཔོན་སློབ་རྣམས་ཀྱིས་ཆོ་གའི་ཡོ་བྱད་རྣམས་ཚང་ཞིང་། གཏོར་མ་བཅའ་བཟོ་སོགས་ཁུངས་བཙུན་པར་བྱ་དགོས། རྡུལ་ཚོན་དཀྱིལ་འཁོར་གྱི་རྒྱུ་གཙོ་བོ་ནི། རྡོ་ཅོང་ཞི་དང་རིན་པོ་ཆེ་ཡི་རྒྱུ་རྣམས་ཕྱེ་མར་བཟོས་ཤིང་ཚོན་གྱིས་ཁ་བསྒྱུར་ཏེ་དཀྱིལ་འཁོར་བཞེངས་དགོས་པ་ཡིན། དགོན་སྡེ་འདི་ནི་རྒྱུད་སྡེ་བཞི་ལས་བདེ་གསང་འཇིགས་གསུམ་གཙིགས་འཛིན་བྱེད་པ་ཡིན་ལ། ད་ལྟ་དེ་དག་གི་འདོན་རྟ་དབྱངས། གཏོར་མ་བཅའ་བཟོ། རྡུང་འབུད་དཀྲོལ། གར་ཕྱག་རྒྱ། ཐིག་རྡུལ་ཚོན་གྱི་འཆད་ཉན་ལ་གཞན་དྲིང་མི་འཇོག་པའི་རྒྱུད་འཛིན་པ་མང་དུ་འབྱུང་བཞིན་པའི་སྐབས་ལགས་སོ། །

   རང་དགོན་གྱི་ལོ་རྒྱུས་རྒྱས་བསྡུས་འཚམ་པ་འདི་ལྟ་བུ་ཞིག་དེང་དུས་དགོས་གལ་ཆེ་ཞེས་ལས་སྣེ་ལྷན་རྒྱས་དགོངས་པ་གཅིག་དྲིལ་གྱིས་ཕྲན་ལ་ནན་སྐུལ་བགྱིས་པར་བརྟེན།  རང་བློས་དཔོག་ཚོད་ཙམ་ཞིག་ཕྱོགས་ལྷུང་གི་དབང་དུ་མ་སོང་བར། བློ་གཟུ་བོར་གནས་པའི་ཁུལ་གྱིས་ཁུངས་ལྡན་ལོ་རྒྱུས་ཡིག་ཆར་གཞི་བཅོལ། དེང་གི་སྲིད་ཇུས་བླང་བྱའི་ཁ་ཕྱོགས་ལ་བསྟུན་ཅི་ཐབས་སྒོས་གྱི་ན་བ་བློ་བཟང་འོད་ཟེར་གྱིས་སྤྱི་ལོ་༢༠༢༠ལོའི་ཟླ༨པའི་ཚེས་༤ཉིན་བྲིས་པ་འདི་ཡང་སྡེ་འདིའི་ཆོས་སྲིད་ལེགས་ཚོགས་འཕེལ་བའི་རྒྱུ་རུ་བསྔོའོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23541912
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།