རྔ་ཁུལ་སློབ་མ་ཚོས་ཆེད་ལས་ཅི་ཞིག་འདེམ་ན་འགྲིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རྔ་ཁུལ་སློབ་མ་ཚོས་ཆེད་ལས་ཅི་ཞིག་འདེམ་ན་འགྲིག
རྔ་ཁུལ་སློབ་མ་ཚོས་ཆེད་ལས་ཅི་ཞིག་འདེམ་ན་འགྲིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-07ལྟ་ཀློག (3849)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 རྔ་ཁུལ་སློབ་མ་ཚོས་ཆེད་ལས་ཅི་ཞིག་འདེམ་ན་འགྲིག 

རྩོམ་འབྲི་བ།  མཐའ་སྒྲོལ།

       ཐ་སྙད་ཤན་སྦྱར། ཤེས་རིག་ཐོན་དབང་།知识产权འོས་ཐོབ།资格证ཆེད་ལས། 专业ལས་རིགས། 职业
 ད་ལྟ་ཁྱེད་ཚོའི་མཐོ་རྒྱུགས་ཀྱི་སྐར་མ་སྒོར་ཐོན་ནས།རང་ཉིད་སློབ་ཆེན་གང་ཞིག་ལ་འགྲོ་ཐུབ་པ་ཤེས་པའི་ཚོད་ཅིག་ཡིན། ཐོག་མར་ང་ཚོས་རང་ཉིད་ཀྱིས་སློབ་གསོ་མྱོང་དགོས་པའི་རྒྱུ་མཚན་ཤེས་དགོས།མི་ཧ་ཅང་མང་པོ་ཞིག་གིས་རང་ཉིད་ཀྱིས་ཅིའི་ཕྱིར་སློབ་གསོ་མྱོང་དགོས་པར་བསམ་བློ་ཞིབ་མོ་བཏང་མེད།རང་ཉིད་ཀྱིས་ཅིའི་ཕྱིར་སློབ་གསོ་མྱོང་དགོས་པ་ལ་བསམ་བློ་ཞིབ་མོ་ཞིག་མ་བཏང་བ་དེས། ང་ཚོ་ལ་དཀའ་ངལ་མང་པོ་ཞིག་བཟོ་བཞིན་ཡོད།ཁྱེད་ཚོས་ངས་སྐད་ཆ་ཆེན་པོ་བཤད་ཀྱི་འདུག་པ་མ་བསམ་རོགས།སློབ་སྦྱོང་གི་དམིགས་ཡུལ་གསལ་པོ་ཞིག་ངེས་རྒྱུ་ནི་སློབ་སྦྱོང་ལས་ཀྱང་གལ་ཆེ་བ་ཞིག་ཡིན། ད་ལྟ་མང་པོ་ཞིག་ཕ་ཡུལ་དང་གྱེས་ཤིང་།རོང་འབྲོག་གི་ལས་ཀ་གཉེར་མི་དགོས་པར།གཞུང་གི་ལས་བྱེད་ཅིག་ཡོང་བ་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོར་བཞག་ཡོད་པར་མ་ཟད། རང་ཉིད་གྲལ་རིམ་མཐོན་པོ་ཞིག་བྱེད་རྒྱུ་སློབ་སྦྱོང་གི་དམིགས་ཡུལ་ལ་འཇོག་མཁན་ཡང་ལོ་རེ་བཞིན་ཇེ་མང་རེད།དེ་ནི་ད་ལྟའི་སློབ་གསོའི་དཀའ་ངལ་ཆེ་ཤོས་ཡིན་ཅིང་། དཀའ་ངལ་དེ་ནི་སློབ་སྦྱོང་གི་དམིགས་ཡུལ་གསལ་པོ་མ་ཤེས་པ་ལས་བྱུང་བ་ཞིག་ཡིན། དུས་ད་ལྟ་ཡིན་ན། སློབ་སྦྱོང་བྱས་ནས་གོ་གནས་དང་གྲལ་རིམ་མཐོན་པོ་ཞིག་འཐོབ་པར་བྱེད་རྒྱུ་ནི་སློབ་གཉེར་བ་མང་པོ་ཞིག་གི་སློབ་སྦྱོང་གི་དམིགས་ཡུལ་ཡིན།གྲལ་རིམ་མཐོན་པོར་འགྱུར་ན་སྙམ་པའི་འདུ་ཤེས་ཤིག་བོད་པ་མང་པོ་ཞིག་གི་རྒྱུད་ལ་ཤེས་མེད་ཚོར་མེད་ཀྱིས་ཟུག་ཡོད།དེའི་ཕྱིར། ང་ཚོ་ཕྱོགས་གཅིག་ནས་དངོས་ཡོད་ཀྱི་འཚོ་བར་འཐབ་དགོས་ལ།ཕྱོགས་གཅིག་ནས་རང་གི་སེམས་ཀྱི་གཏིང་ལ་ཉལ་པའི་བག་ཆགས་ཤིག་ལ་འཐབ་དགོས། ས་ཆེན་འདིའི་བྱ་བ་མང་པོ་ཞིག་རྒྱུགས་ལ་བརྟེན་ནས་འཁོར་གྱིན་ཡོད།དེས་ན། གཞུང་གི་ལས་བྱེད་བསྡུ་བ་ཡང་རྒྱུགས་ལ་བརྟེན་ཡོད། གལ་སྲིད། རྒྱུགས་ལ་བརྟེན་ནས་གཞུང་གི་ལས་བྱེད་ཀྱི་གོ་གནས་ཤིག་ཐོབ་ན།ཟླ་ཕོགས། གོ་གནས། འབྲེལ་ལམ། ལས་འཁྱུར་འཚོ་ཕན།སྨན་ཡོན་ཁག་ཐེག་སོགས་ཁེ་ཕན་ཧ་ཅང་མང་པོ་ཞིག་ཡོད་པས། མི་མང་པོ་ཞིག་གི་སློབ་སྦྱོང་གི་དམིགས་ཡུལ་གཞུང་གི་ལས་བྱེད་པ་ཞིག་བྱེད་རྒྱུ་ཡིན་པར་ཁག་མེད།གོ་གནས་དེ་ནི་ཟློག་ཐབས་མེད་པའི་མི་ཡི་སྲེད་པ་འདྲེན་བྱེད་ཅིག་རེད།       གལ་སྲིད་ད་ལྟའི་སློབ་མ་མང་ཕྱོགས་ཀྱིས་མུ་མཐུད་དུ་གཞུང་གི་ལས་བྱེད་ཅིག་ཡོང་བ་སློབ་སྦྱོང་གི་དམིགས་ཡུལ་ལ་བཟུང་ནས་སོང་བ་ཡིན་ན།དེ་ནི་སྤྱི་སྒེར་སུ་ཞིག་ལ་མཚོན་ནའང་། མདུན་ལམ་ཆུང་བའི་དོན་དག་ཅིག་དང་། མི་སྟོང་ཕྲག་གི་ནང་དུ་མི་རེ་གཉིས་ཤིག་ལས་གོ་སྐབས་མེད་པའི་ལམ་ཞིག་ལ་བུད་པ་ཡིན།མི་མང་པོ་ཞིག་ལམ་དོག་མོ་གཅིག་གི་ནང་དུ་འཚངས་ཏེ།མི་ཚེའི་མདུན་ལམ་འཚོལ་བ་ནི། སློབ་སྦྱོང་ལ་དམིགས་ཡུལ་སྣ་གཅིག་ལས་མ་ཡོད་པས་ལན་པ་ཡིན། སློབ་མ་མང་པོ་ཞིག་གིས་རང་ཉིད་ཀྱི་རྨང་གཞི་ལ་བསམ་བློ་མ་བཏང་བ་དང་།རང་གིས་ཅི་ཞིག་འཇོན་པའམ། ཡང་ན་སྤྱི་ཚོགས་ལ་ཆེད་ལས་ཅི་ཞིག་མཁོ་བ་སོགས་ལ་བསམ་གཞིག་མ་བྱས་པར།གཞུང་ཞབས་པ་བྱེད་རྒྱུ་གཅིག་པོ་སློབ་སྦྱོང་གི་དམིགས་ཡུལ་ལ་བཞག་ཡོད།ཤ་དར་ཁྲག་དར་གྱི་གཞོན་ནུ་མང་པོ་ཞིག་གིས་རིག་པ་དང་ལང་ཚོ་ཡོད་ཚད། ལས་རིགས་སྣ་ཚོགས་གཉེར་བ་ལ་མ་སྤྱད་པར་ལས་རིགས་སྣ་གཅིག་ལ་བཀོལ་བ་ཤིན་ཏུ་ཕངས་དགོས་པ་ཞིག་མ་རེད་དམ།རྒྱལ་ཁབ་དང་སྤྱི་ཚོགས་ལ་མཁོ་བའི་ཆེད་ལས་སྦྱོང་མཁན་ཉུང་བ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་གྱོང་གུད་ཅིག་ཡིན་ནོ།།        སློབ་གསོ་ནི་བསམ་གཞིག་བྱེད་ཚུལ་ཞིག་དང་།མི་ཇེ་བཟང་དུ་འགྱུར་བའི་བརྒྱུད་རིམ་ཞིག་རེད། དེ་དག་གི་ཁར་གྲངས་རིག་དང་།རང་བྱུང་ཚན་རིག རྩོམ་རིགས་སོགས་ལ་བློ་སྦྱོང་ཡོད་ན་ད་གཟོད་དོན་དམ་པའི་སློབ་གསོ་ཡིན།མི་སུ་ཞིག་ཡིན་ན་རིག་ཚན་དེ་དག་ལ་བློ་སྦྱོང་ངེས་པར་ཡོད་དགོས། རིག་ཚན་དེ་དག་སློབ་གྲྭ་ཁག་ནས་སྦྱོང་ན་ཆོག་ལ།སྐྱེས་ནས་འཆི་རག་བར་མྱོང་དགོས་པ་ཞིག་ཀྱང་རེད།        མི་ཞིག་ཡིན་པ་ནས་བཟུང་མ་མཐའ་ཡང་རྨང་གཞིའི་སློབ་གསོ་དང་།ལས་རིགས་སློབ་གསོ་ནི་ངེས་པར་མྱོང་དགོས་པ་ཞིག་ཡིན། མཐོ་རིམ་སློབ་གསོ་ནི་མི་མང་ཕྱོགས་ཀྱིས་མྱོང་མི་ཐུབ་པ་དང་།ཡང་ན་མཐོ་རིམ་སློབ་གསོ་མྱོང་འདོད་མིན་སོགས་ནི་མི་སོ་སོའི་དགའ་ཁ་ཁྱེར་ཕྱོགས་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད།མི་ཚེ་སྐྱིད་པོ་ཞིག་རོལ་ཐུབ་པ་ལ་ངེས་པར་དུ་སློབ་ཆེན་འགྲིམས་དགོས་པའི་ངེས་པ་མེད་པའི་གནས་ལུགས་ཤེས་རྒྱུ་གལ་ཆེན་རེད།        སྤྱིར་ན་མི་ཐམས་ཅད་ཀྱི་ལུས་ཀྱི་གྲུབ་ཆ་ལ་རྩ་བའི་ཆ་ནས་ཁྱད་པར་ཅི་ཡང་མེད་ནའང་།སོ་སོ་སྐྱེས་སའི་ཁོར་ཡུག་མ་འདྲ་བ་དང་། སློབ་གསོའི་ཆ་རྐྱེན་ལ་ཁྱད་པར་ཤོར་བ།ལུས་ཀྱི་བྱད་དང་། སྐྱེས་གཟུགས།རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་སོགས་ཀྱིས་རང་ཉིད་ལ་ལས་རིགས་ཅི་ཞིག་འཚམས་མིན་དང་།རང་ཉིད་ལས་རིགས་ཅི་ཞིག་ལ་དགའ་མིན་སོགས་ཀྱི་ཁྱད་པར་ཡོད། དེའི་ཕྱིར། གྲགས་པའི་རྗེས་སུ་རྒྱུག་དགོས་པ་ཞིག་གཏན་ནས་མེད། རྒྱལ་ཁབ་མང་པོ་ཞིག་ན་ལས་རིགས་སློབ་གྲྭ་དང་།སྤྱིར་བཏང་སློབ་ཆེན་གཉིས་ཡིན་ཁྱབ་མཉམ་དང་། ཡང་ན་འདྲ་མཉམ་གྱིས་སྤེལ་ནས་ཡུན་རིང་ཡིན་པར་མ་ཟད།ལས་རིགས་དང་ཆེད་ལས་ལ་ཡང་ལྟ་ཚུལ་འདྲ་མཉམ་འཛིན་ཞིང་། ལས་རིགས་སློབ་གསོ་ལ་ཡང་མཐོང་ཆུང་མེད།        བོད་པ་འདས་པོ་ཞིག་ན་རེ།སྔར་སྲིད་གཞུང་གིས་བོད་པ་ཚོ་ལ་བྱིས་པ་སློབ་གྲྭར་སྐྱོལ་དང་ལས་ཀ་སྟེར་ཟེར་དུས། བྱིས་པ་སློབ་གྲྭར་མི་བསྐྱལ།ད་ལྟ་སློབ་གྲྭར་བསྐྱལ་ནའང་ལས་ཀ་རྙེད་དཀའ་བ་ཞིག་ལ་ཕྲད་ཡོད་ཟེར་བ་ལྟར་ཡིན། གཞུང་ཞབས་པར་འགྱུར་དཀའ་བའི་དུས་འདིར།ད་དུང་སློབ་སྦྱོང་གི་དམིགས་ཡུལ་ལ་གཞུང་ཞབས་པ་བྱེད་རྒྱུ་ཁོ་ནར་བཟུང་བ་ཡིན་ན།དེ་ཡིས་བྱིས་པའི་མདུན་ལམ་བརླག་ངེས་ཡིན། ཀྲུང་གོ་སྤྱིའི་ཆ་ནས་བལྟས་ནའང་།སློབ་ཆེན་སློབ་མ་དག་གི་ལག་ཏུ་ལས་ཀ་རྙེད་རྒྱུ་ལས་སླ་བོ་ཞིག་མ་རེད་ལ།སྤྱི་ཚོགས་ལ་མཁོ་བའི་ཆེད་ལས་སྦྱོང་མཁན་མེད་པའི་དཀའ་ཁག་ཅིག་ལ་ཡང་འཕྲད་ཀྱིན་ཡོད། ༢༠༡༩ལོ་ཀྲུང་གོར་སློབ་ཆེན་མཐར་ཕྱིན་སློབ་མ་ཁྲི༨༣༤ཡོད་ཅིང་།༢༠༢༠ལོ་མཐར་ཕྱིན་སློབ་མ་ཁྲི༨༧༤ལ་འཕར་ཡོད།སི་ཁྲོན་ཞིང་ལ་མཚོན་ན༢༠༢༠ལོ་སློབ་ཆེན་སློབ་མ་ཁྲི༤༠ལྷག་མཐར་ཕྱིན་ཡོད།༢༠༢༠ལོ་སི་ཁྲོན་ཞིང་ཆེན་ཡོངས་དང་། ལྷག་པར་ཏུ་རྔ་བ་ཁུལ་གྱི་སློབ་ཆེན་སློབ་མ་ལས་ཞུགས་ཀྱི་བརྒྱ་ཆ་ཅི་ཡིན་གྱི་ཡིག་ཆ་ལག་ཏུ་མ་རྙེད།ཡིན་ནའང་། སི་ཁྲོན་གྱི་སློབ་ཆེན་རྩེ་གྲ་སི་ཁྲོན་སློབ་གྲྭ་ཆེན་མོའི་སློབ་མ་ལས་ཞུགས་ཀྱི་ཚད༢༠༡༩ལོའི་བརྒྱ་ཆ90.74%ལས་༢༠༢༠ལོ88.44%རུ་ལྷུང་ཡོད།གནས་ཚུལ་འདི་སི་ཁྲོན་སློབ་ཆེན་ཚང་གི་སྤྱི་སྟེགས་ན་གསལ།སི་ཁྲོན་སློབ་ཆེན་རྩེ་གྲའི་སློབ་མའི་ལས་ཞུགས་ཚད་མར་ལ་ལྷུང་ཡོད་ན།སློབ་ཆེན་གཞན་པའི་སློབ་མའི་ལས་ཞུགས་ཚད་དམའ་བ་བཤད་མ་དགོས་པ་ཞིག་རེད། རྔ་བ་ཁུལ་གྱི་འབྲོག་རྫོང་ཁག་ལ་མཚོན་ན། སྔོན་ཆད་རོང་བ་དང་ལྷག་ཏུ་འབྲོག་པ་ཚོས་བྱིས་པ་སློབ་གྲྭར་མངགས་པ་མ་བཟང་བས།ད་ལྟ་འབྲོག་རྫོང་དེ་དག་གི་ལས་བྱེད་ཀྱི་ས་མིག་མང་པོ་ཞིག་རྫོང་གཞན་པ་དག་གི་མི་ཡིས་བཟུང་ཚར་ཡོད།རྔ་བ་ཁུལ་གྱི་འབྲོག་རྫོང་ཁག་གི་ཕྱི་རབས་པ་ཚོས་རང་རྫོང་ན་གཞུང་ཞབས་པའི་ས་མིག་ཅིག་ལོན་རྒྱུ་ཧ་ཅང་དཀའ་བའི་གནས་ཤིག་རེད།བསྒྱུར་ཏུ་མེད་པའི་གནས་བབ་དེ་དང་།ད་ལྟ་ལོ་རེ་བཞིན་གཞུང་ཞུབས་པའི་ས་མིག་མང་པོ་མེད་པ་དང་།དེའི་ཁར་རྫོང་ཞིག་གིས་ལས་བྱེད་གསར་བ་བསྡུ་དུས། ལས་བྱེད་བསྡུ་བའི་རྒྱུགས་རྒྱལ་ཡོངས་ལ་ཁ་གཏད་ཀྱིན་ཡོད་པ་སོགས་ཀྱི་དབང་གིས་གཞུང་གི་ལས་ཀར་མི་མང་པོ་ཞིག་འཚངས་པ་ནི་མདུན་ལམ་ལ་གནོད་པའི་ལས་ཤིག་ཡིན་པ་གསལ་པོ་ངེས་དགོས། རྔ་ཁུལ་གྱི་མཛོད་དགེ་དང་། ཁྱུང་མཆུ།རྔ་བ་རྫོང་གསུམ་ལ་ཡང་ལོ་རེར་སློབ་ཆེན་མཐར་ཕྱིན་སློབ་མ་སྟོང་ལྷག་ཡོད་ལ། རྫོང་དེ་གསུམ་ལ་ལོ་རེར་སློབ་ཆེན་དང་འབྲིང་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ལས་ཞུགས་བྱེད་མཁན་ཅི་ཙམ་ཡོད་པའི་རྒྱུ་ཆ་ལག་ཏུ་རྙེད་དཀའ་མོད།ང་ཚོས་ལོ་རེར་རྫོང་དེ་གསུམ་ལ་དམའ་གསུམ་མཐར་ཕྱིན་སློབ་མ་སྟོང་གཉིས་དང་སུམ་བརྒྱ་ཡས་མས་ཡོད་པར་གཞིགས་ན།ལོ་རེར་རྫོང་དེ་གསུམ་ལ་མ་མཐའ་ཡང་སློབ་ཆེན་དང་འབྲིང་རིམ་སློབ་གྲྭ་ནས་མཐར་ཕྱིན་སློབ་མ་ལས་ཀ་འཚོལ་མཁན་སྟོང་གཉིས་ལྷག་ཡོད་པ་ལ་རིགས་འདེད་བྱེད་ཐུབ།དེས་ན། སློབ་མ་དེ་འདྲ་མང་པོ་ཞིག་གཞུང་ཞབས་པར་འགྱུར་ཐབས་མེད་པས།ལས་རིགས་སྣ་ཚོགས་ཀྱི་ཆེད་ལས་ཅི་རིགས་སྦྱོང་དགོས་རྒྱུ་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད། དེའི་ཕྱིར།གཤམ་དུ་རྔ་བ་ཁུལ་གྱི་འབྲོག་རྫོང་དག་གི་ད་ལོའི་མཐར་ཕྱིན་སློབ་མ་ཚོས་ཆེད་ལས་ཅི་ཞིག་འདེམ་ན་འགྲིག་པའི་སྐོར་ཅུང་ཟད་འཆད་པར་བྱའོ།། གཅིགད་ལྟའི་རྔ་ཁུལ་གྱི་འབྲོག་རྫོང་ཁག་ལ་མཁོ་བའི་ལས་རིགས་དང་པོ།        རྔ་བ་ཁུལ་གྱི་འབྲོག་རྫོང་ཁག་ལ་ཁ་ཚ་དགོས་གཏུགས་སུ་གྱུར་པའི་ཆེད་ལས་ནི།ནོར་ལུག་འཚོ་སྐྱོང་དང་། རྩྭ་ཐང་བདག་གཉེར། ནོར་ཤ་ལས་སྣོན། ཤ་རིགས་ཕྱིར་འཚོང་བྱེད་ཐབས་སོགས་ཡིན་མོད།ཆེད་ལས་དེ་དག་ང་ཚོའི་འདོད་པ་ལྟར་འཛུགས་ཐུབ་པའི་ས་ཆུ་དྲོད་ལུད་ཀྱི་མཐུན་རྐྱེན་འཛོམས་པ་ཤིན་ཏུ་དཀའ་མོ་རེད།གཞན་རྒྱ་ནང་ཡིན་ན་ས་གནས་ཐོན་ཁུངས་ཀྱི་ཁྱད་ཆོས་ལྟར་སློབ་གླིང་འཛུགས་ཐུབ་པ་རེད།དཔེར་ན། ཧུའུ་པའེ་ཅང་ཧན་སྒྱུ་རྩལ་ལས་རིགས་སློབ་གླིང་གིས་ཤ་སྨི་འབྲུག་དབྱིབས་སློབ་གླིང[1]ཞིག་བཙུགས།སློབ་གླིང་དེའི་སྐབས་དང་པོའི་ཤ་སྨི་འབྲུག་དབྱིབས་ཇ་མའི་ཆེད་ལས་སྦྱོང་མཁན་གྱི་སློབ་མ་ཚོ་སློབ་མཐར་མ་ཕྱིན་སྔོན་ནས་ལས་གནས་གཏན་ཁེལ་ཚར་བ་རེད།དེའི་ཕྱིར། རྔ་ཁུལ་འབྲོག་རྫོང་ཁག་ལ་མིག་སྔར་མཁོ་བའི་ལས་རིགས་འབྲོག་ལས་སྐོར་གྱི་ཆེད་ལས་སྣ་ཚོགས་ཡིན་པ་མི་མང་པོ་ཞིག་གིས་ཤེས་མོད།གློ་བུར་འཛུགས་མི་ཐུབ་པ་ཡང་ཚང་མས་ཤེས་པ་རེད། ཡིན་ནའང་། རྒྱུགས་འབྲས་བཟང་པོའི་སློབ་མ་ཚོ་ཀྲུང་གོའི་ཞིང་ལས་སློབ་ཆེན་ལྟ་བུ་ལ་རྒྱུགས་ཨེ་འཕྲོད་བལྟས་ན་བཟང་།ཞིང་ལས་སློབ་ཆེན་དུ་སོང་ན་ཞིང་ཕྱུགས་གཉེར་སྐྱོང་གི་ཤེས་བྱ་མང་པོ་སྦྱོང་ཐུབ།ཞིང་ཕྱུགས་ཀྱི་ཤེས་བྱ་ལ་མཁྱེན་རྒྱ་ཡངས་པའི་རིག་གནས་པ་ཇེ་མང་དུ་སོང་ན།ཡུན་གྱིས་འབྲོག་ལས་ལ་མཁོ་བའི་ཆེད་ལས་པ་འབུད་པའི་རེ་བ་ཡོད། གཉིས། སྔོན་འགྲོའི་སློབ་གསོའི་ཆེད་ལས།        ད་ལྟ་ཕ་མ་མང་པོ་ཞིག་གིས་བྱིས་པའི་སློབ་གསོ་ལ་སྔར་ལས་དོ་སྣང་བྱེད་ཀྱིན་ཡོད།ཡིན་ནའང་། ཕ་མ་རང་ཉིད་སློབ་གསོ་གཏོང་ཚུལ་ལ་ཆ་རྒྱུས་མེད་པ་དང་།ལས་ཀའི་དབང་གིས་བྱིས་པ་ལ་སློབ་གསོ་སྤྲོད་ཁོམ་ཡང་མེད་པ་ལྟ་བུ་ཞིག་ལ་གྱུར་ཡོད།སློབ་གསོ་རིག་པ་ལྟར་ན་བྱིས་པའི་སློབ་གསོ་ནི། མ་མཐའ་ཡང་བྱིས་པ་སྐྱེས་མ་ཐག་ནས་སྤེལ་ཐུབ་ན་བཟང་གསུངས།དེའི་ཕྱིར། སློབ་མ་ཞིག་གིས་འགྲོ་སྔོན་སློབ་གསོའི་ཆེད་ལས་སྦྱོང་བ་ཡིན་ན།གཅིག་ན་གཞུང་གི་བྱིས་སྐྱོང་ཁང་དག་ལ་རྒྱུགས་སྤྲད་ན་ཆོག་པ་དང་། གཉིས་ན་སྒེར་བཙུགས་བྱིས་སྐྱོང་ཁང་དག་ནས་ལས་ཀ་ཨེ་ལོན་བལྟས་ན་ཆོགགསུམ་ན་ཁྱིམ་ཚང་གི་དགེ་རྒན་བྱས་ན་ཆོག་པ་རེད། ད་ལྟ་འབྲོག་རྫོང་ཁག་ན་ཁྱིམ་ཚང་དགེ་རྒན་ཕར་ཞོགཐ་ན་འབྲོག་རྫོང་ཁག་གི་སྡེ་བའི་ནང་ན་བྱིས་སྐྱོང་ཁང་ཡང་མེད་པས་འབྲོག་པའི་ཁྱིམ་ཚང་དག་ལ་ཁྱིམ་ཚང་དགེ་རྒན་གྱི་དགོས་མཁོ་ཤིན་ཏུ་ཆེ།སློབ་གསོ་ལ་དགའ་བའི་ཁྱིམ་ཚང་ཞིག་ལ་མཚོན་ན།རང་གི་སྡེ་བའི་ནང་བྱིས་སྐྱོང་ཁང་ཞིག་འཛུགས་ཐུབ་པ་མངོན་འགྱུར་དཀའ་བའི་བྱ་བ་ཞིག་ཡིན་མོད།རང་གི་བུ་ཕྲུག་ལ་ཁྱིམ་གྱི་དགེ་རྒན་ཞིག་གདན་འདྲེན་རྒྱུ་རང་གིས་ཐག་གཅོད་ཐུབ་པ་ཞིག་ཡིན།དེས་ན། ཚོང་བ་དང་རིག་གནས་པ་སུ་ཞིག་ཡིན་ན། རོང་འབྲོག་ཚང་མར་ཁྱིམ་གྱི་དགེ་རྒན་གདན་འདྲེན་དགོས་པར་རེ་སྐུལ་བྱེད་པར་འབད་འོས།       གལ་སྲིད་སྤྱི་ཚོགས་ཡོངས་ནས་ཁྱིམ་ཚང་སློབ་གསོར་མཐོང་ཆེན་དགོས་པར་སྐུལ་སློང་ཐུབ་པ་དང་།ཡུན་གྱིས་རོང་འབྲོག་གི་ཁྱིམ་ཚང་མང་པོར་དགེ་རྒན་གདན་འདྲེན་པའི་གོམས་སྲོལ་ཞིག་དར་ན་ལས་དེ་ནི་ཁྱིམ་ཚང་དང་།བྱིས་པ། སྔོན་འགྲོའི་སློབ་གསོའི་དགེ་རྒན།བོད་སྤྱི་ཚོགས་ཚང་མ་ལ་ཕན་པའི་རྣམ་དཀར་གྱི་བྱ་བ་ཞིག་རེད།        དེའི་ཕྱིར།རྔ་བ་ཁུལ་གྱི་འབྲོག་རྫོང་ཁག་ལ་སྔོན་འགྲོའི་སློབ་གསོའི་ཆེད་ལས་དགེ་རྒན་གྱི་དགོས་མཁོ་ད་རུང་ཡོད་སྙམ་པས།སློབ་མ་ཚོས་སྔོན་འགྲོའི་སློབ་གསོའི་ཆེད་ལས་འདི་རང་གིས་ཆེད་ལས་འདེམ་སྐབས་གདམ་ཀའི་གྲས་སུ་བཞག་ན་ཆོག་སྙམ། གསུམ། གསོ་རིག་ཡག་ལས་ཆེད་ལས།(医学美容专业)
       ཡག་ལས་ཆེད་ལས་ནི་ད་བར་རྒྱ་ནང་དུ་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་ཆེད་ལས་ཤིག་རེད།རྒྱ་ནང་གི་དཔལ་འབྱོར་དར་རྒྱས་ཆེན་པོར་སོང་བ་དང་། མ་གཞི་མི་རྣམས་ལྷན་སྐྱེས་ནས་མཛེས་ལ་དགའ་བའི་རྐྱེན་གྱིས་ད་ལྟ་རྒྱ་ནང་ན་ཆེད་ལས་འདི་སྦྱོང་མཁན་གྱི་སློབ་མ་ཚོས་ལག་ཏུ་ལས་ཀ་རྙེད་སླ་བར་མ་ཟད།ཟླ་ཕོགས་ཀྱང་མཐོན་པོ་ཡིན་པས།སློབ་ཆེན་ལོ་གསུམ་གྱི་སྐབས་ཆེད་ལས་ལ་བརྩོན་པ་ཧུར་ཐག་བྱས་ནས།ཆེད་ལས་ལ་ཁ་བྱང་ལག་བྱང་བྱས་ན། ཆེད་ལས་ཀྱི་འོས་ཐོབ་ཆེས་མཐོན་པོ་དེ་ཡང་ལེན་ཐུབ་པར་ཕན་པ་ཡོད།འོས་ཐོབ་ཆེས་མཐོན་པོ་དེ་ལེན་ཐུབ་ན་ལས་ཀ་འཚོལ་བར་དཀའ་ངལ་མེད་པར་མ་ཟད།ཟླ་ཕོགས་ཀྱང་ཧ་ཅང་མང་པོ་ལེན་ཐུབ། ཆེད་ལས་དེ་ལ་འོས་ཐོབ་རིམ་པ་གསུམ་ལེན་རྒྱུ་ཡོད། (CIDESCO国际美容师中、高级美容师)      ད་ལྟ་འབྲོག་རྫོང་ཁག་ལ་ལས་རིགས་འདི་སྒྲུབ་མཁན་གྱི་ཆེད་ལས་པ་མེད་ཕྱིར།ལས་རིགས་འདི་ངེར་པར་རང་སའི་མི་ཡིས་འཛིན་ཨེ་ཐུབ་བལྟ་དགོས།༢༠༢༠ལོ་ང་འདུག་སའི་སློབ་གླིང་འདི་རུ་ཕ་ཡུལ་མགོ་ལོག་དང་རྔ་བ་རྫོང་གི་སློབ་མ་གཉིས་གསོ་རིག་ཡག་ལས་ཆེད་ལས་ནས་མཐར་ཕྱིན།སློབ་མ་དེ་གཉིས་ཀྱི་ལག་ཏུ་ལས་ཀ་ཡང་ཡག་པོ་ཞིག་རྙེད་འདུགཆེད་ལས་ཤིག་སྦྱངས་ནས་སློབ་མཐར་ཕྱིན་དུས།ཆེད་ལས་དེ་དང་མཚུངས་པའི་ལས་ཀ་ཞིག་རྙེད་པ་ནི་འདོད་ཐོག་ལ་རྟ་རྒྱུགས་པ་མ་རེད་དམ། བཞི།ཡུལ་སྐོར་ཆེད་ལས།        ཡུལ་སྐོར་ཆེད་ལས་འདི་སྦྱངས་ན་རྗེས་སུ་མགྲོན་ཁང་དོ་དམ་པ་དང་།ཡུལ་སྐོར་ཇུས་འགོད་པ། ཡུལ་སྐོར་སྣེ་ཤན་པ་སོགས་ཀྱི་ལས་ཀ་སྒྲུབ་དགོས།ཡུལ་སྐོར་ཆེད་ལས་སྦྱོང་མཁན་གྱི་སློབ་མ་ཚོ་སློབ་མཐར་ཕྱིན་མ་ཐག་ནས།ཡུལ་སྐོར་སྣེ་ཤན་པ་ལྟ་བུའི་ལས་ཀ་སླ་མོ་རེའི་འགན་འཁུར་ཐུབ་མོད། དོ་དམ་པ་དང་།ཇུས་འགོད་པ་ལྟ་བུའི་ལས་འགན་འཁུར་དགོས་ན་ཅུང་དཀའ་སྙམ། ལས་འགན་དེ་གཉིས་ལྟ་བུ་འཛིན་པར།ཆེད་ལས་ཀྱི་ཤེས་བྱ་ལ་ངེས་ཆ་འགྲོ་དགོས་པར་མ་ཟད། ད་དུང་མི་དང་འབྲེལ་བ་གནང་བྱེད་ཀྱི་འཇོན་ཐང་།གཏམ་གྱི་རྩལ། སྤྱི་ཚོགས་ལ་ངེས་ཆ་སོགས་དགོས་པས།སློབ་མ་ཚོ་སློབ་མཐར་ཕྱིན་ན་མགྲོན་ཁང་རྩེ་གྲ་དང་། ཡུལ་སྐོར་ཚོང་ཁང་ཆེན་པོ་སོགས་ལ་སོང་ནས་ལས་ཀ་ཆུང་ས་ནས་སྒྲུབ་ཞོར་ཉམས་མྱོང་གསོག་དགོས།འཇོན་ཐང་དང་ཉམས་མྱོང་གིས་འདང་ན། ད་གཟོད་དངོས་སུ་རང་སྐྱ་ཐུབ་པའི་ཡུལ་སྐོར་ལས་ཀའམ།ཡང་ན་མགྲོན་ཁང་དོ་དམ་པ་བྱེད་ཐུབ།ད་བར་བོད་ཡུལ་གྱི་མགྲོན་ཁང་རྩེ་གྲ་དག་གི་དོ་དམ་པ་མང་ཕྱོགས་ས་གནས་མི་ཡིས་འཛིན་ཐུབ་ཀྱིན་མེད།རྔ་བ་ཁུལ་གྱི་འབྲོག་རྫོང་ཞིག་ན་མགྲོན་ཁང་བཟང་པོ་ཞིག་གིས་མགྲོན་ཁང་དོ་དམ་པ་ལ་རྒྱ་མི་བཞག་པ་རེད།བར་སྐབས་མགྲོན་ཁང་གི་གླ་རིན་ཐད་རྩོད་པ་བྱུང་བས་མགྲོན་ཁང་ཕྱིར་བདག་པོས་བླངས།བདག་པོས་མགྲོན་ཁང་དོ་དམ་བྱེད་མི་ཐུབ་པ་དང་།ས་གནས་ན་མགྲོན་ཁང་དོ་དམ་བྱེད་ཐུབ་མཁན་མ་ཡོད་པས།མགྲོན་ཁང་བདག་པོས་ཡང་བསྐྱར་སྔོན་གྱི་མགྲོན་ཁང་དོ་དམ་བྱེད་མཁན་གདན་འདྲེན་མི་བྱེད་ཐབས་མེད་བྱུང་། གནས་ཚུལ་དེ་འདྲ་རེད།ང་ཚོ་ལ་ས་གནས་རང་གི་མགྲོན་ཁང་དོ་དམ་བྱེད་མཁན་མེད་སོང་བ་རེད་མ་གཏོགས། རང་ས་ན་མགྲོན་ཁང་དོ་དམ་བྱེད་རྒྱུ་མ་ཡོད་པ་ཞིག་མ་རེད།སྲོང་བཙན་མགྲོན་ཁང་གིས་ཀྱང་དང་པོ་ས་གཞན་ནས་དོ་དམ་པ་ཁྲིད་ཡོང་བ་རེད་ཟེར།རྗེས་སུ་གཞན་ནས་ཁྲིད་ཡོང་བ་ལས།རང་སའི་མི་གསོ་སྐྱོང་བྱས་ན་བཟང་བ་ཤེས་ནས་དོ་དམ་པ་དང་ལས་ཀ་བར་རང་སའི་མི་གསོ་སྐྱོང་བྱས་པས་ད་ལྟ་སྲོང་བཙན་མགྲོན་ཁང་ཞེས་པ་རྒྱལ་ཕྱི་ནང་གཉིས་ལ་སྐད་གྲགས་ཆགས་པ་ཞིག་ལ་གྱུར་ཡོད།        མགྲོན་ཁང་རྩེ་གྲ་མ་ཟད་འབྲོག་རྫོང་ཁག་གི་མགྲོན་ཁང་ཆུང་འབྲིང་ཚང་མ་དོ་དམ་བྱེད་མཁན་ཆེད་ལས་པ་ཡིན་ན།ཚོང་བཟང་བར་ཕན་པ་ཡོད་པ་ཞིབ་འཇུག་གིས་བདེན་དཔང་བྱས་ཡོད། ལོ་རེར་སློབ་མཐར་ཕྱིན་མཁན་ཡང་ཇེ་མང་རེད། དེས་ན།སློབ་མཐར་ཕྱིན་པའི་སློབ་མ་མང་པོ་ཞིག་གིས་རང་ས་རང་ཡུལ་ནས་ལས་འགན་སྒྲུབ་ཐུབ་པ་ཡིན་ན།ཁྱིམ་ཚང་བདེ་སྐྱིད་དང་རང་ཉིད་ཀྱི་ལུས་སེམས་གཉིས་ཀྱང་སྐྱིད་པོ་ཡོང་བ། འཁོར་བ་བཟུང་རྗེས་བུ་ཕྲུག་གི་སློབ་གསོ།ཕ་མར་བདག་སྐྱོང་བྱེད་ཐུབ་པ་སོགས་ཕན་པ་མང་པོ་ཡོད། མ་གཞི་རྔ་བ་ཁུལ་ནི་ཡུལ་སྐོར་ལས་རིགས་དར་ས་ཞིག་ཡིན་པས་ས་གནས་མི་ཡིས་ཡུལ་སྐོར་ཆེད་ལས་སྦྱངས་ན་ལས་ཀའི་གོ་སྐབས་མང་པོ་ཡོད།༢༠༢༡ལོའི་རྔ་བ་ཁུལ་ཡུལ་སྐོར་ཅུས་ཀྲང་གིས་ཀྱང་ཚོགས་ཐོག་ན་རྔ་བ་ཁུལ་གྱི་ཡུལ་སྐོར་ལ་རེ་བ་ཆེན་པོ་ཡོད་པར་བཤད་ཀྱིན་འདུག ལྔ། རྩིས་གཉེར་ཆེད་ལས།        རྩིས་གཉེར་ཆེད་ལས་ནི་ཆེད་ལས་རྙིང་བ་ཞིག་ཡིན།ལས་ཆེད་འདི་སྦྱོང་མཁན་ཡང་མང་པོ་ཡོད། ཡིན་ནའང་།ཆེད་ལས་འདི་སྦྱངས་ནས་འོས་ཐོབ་ལོན་མཁན་དཀོན་པས།རྩིས་གཉེར་ཆེད་ལས་སྦྱོང་མཁན་གྱི་སློབ་མ་ཚོ་སློབ་ཆེན་མཐར་ཕྱིན་ན།རང་གི་ཆེད་ལས་ཀྱི་ལས་ཀ་ལག་ཏུ་རྙེད་ཀྱིན་མི་འདུག རྩིས་གཉེར་ཆེད་ལས་འདི་སྦྱངས་ནས་འོས་ཐོབ་བླངས་པ་ཡིན་ན།འོས་ཐོབ་དེ་ལ་བརྟེན་ནས་ཚོང་ཁང་ཁ་ཤས་ཀྱི་རྩིས་གཉེར་བྱ་བ་སྒྲུབ་ཐུབ་པར་མ་ཟད།འོས་ཐོབ་དེ་ལ་བརྟེན་ནས་གཞན་དང་མཉམ་འབྲེལ་བྱས་ནས་རྩིས་གཉེར་སྤྱི་གཉེར་ཁང་ཡང་བཙུགས་ན་ཆོགརྩིས་གཉེར་འོས་ཐོབ་ལ་དམའ་རིམ་དང་འབྲིང་རིམ་སོགས་ཡོད་ལ།སྤྱིར་བཏང་གི་རྩིས་གཉེར་གྱི་བྱ་བ་སྒྲུབ་པར་དམའ་རིམ་འོས་ཐོབ་ཀྱིས་ཆོག་མོད།གལ་སྲིད་འབྲིང་རིམ་འོས་ཐོབ་ཅིག་ལེན་ཐུབ་པ་ཡིན་ན། ལས་ཀར་ཕན་པ་ཤིན་ཏུ་ཆེ།རྩིས་གཉེར་ཆེད་ལས་སྦྱོང་བར་གྲངས་རིག་གི་རྨང་གཞི་ངེས་ཅན་མཁོ་བར་མ་ཟད།ངང་རྒྱུད་རིང་བོ་དང་། སེམས་བརྟན་པོ་ཞིག་ཡིན་དགོས། སློབ་མ་མང་པོ་ཞིག་ལ་དྲིས་ན།རྩིས་གཉེར་སྦྱོང་དུས་གྲངས་ཀ་མང་པོ་ཞིག་ལ་གདོང་གཏད་དགོས་པས། ཡུན་གྱིས་ལས་ཀ་དེ་ལ་སུན་སྣང་འཁོར་ཡོང་ཞེས་བཤད་ཀྱིན་འདུགམི་ཞིག་ལྷན་སྐྱེན་ནས་ངང་རྒྱུད་རིང་པོ་དང་། སེམས་བརྟན་པོ་ཞིག་ཡིན་པ་དཀའ་ཞིང་།ད་ལྟ་སྤྱི་གཉེར་ཁང་གྲགས་ཅན་མང་པོ་ཞིག་གིས་རང་གི་ལས་བྱེད་ཚོར་སྒོམ་རྒྱག་ཏུ་འཇུག་གིན་ཡོད།དེ་ནི་ཕྱོགས་གཅིག་ནས་སེམས་བརྟན་པོ་དང་ངང་རྒྱུད་རིང་བ་གསོ་བའི་ཆེད་དུ་རེད། དེས་ན།ངང་རྒྱུད་རིང་པོ་དང་སེམས་བརྟན་པོ་ནི་སྦྱོང་བ་བྱས་ན་ཡོང་ཐུབ་པ་ཞིག་རེད།གལ་སྲིད་ཁྱེད་ཀྱི་གྲངས་རིག་གི་རྨང་གཞི་ཞན་ན།སློབ་ཆེན་ནས་གྲངས་རིག་གི་ཤེས་བྱ་ཡང་བསྐྱར་སྦྱོང་ན་ཆོག སློབ་ཆེན་ནི་སྤྱི་ཚོགས་ཞེས་པའི་གྲུ་གཟིངས་ཆེན་པོ་དེ་ལ་ཞུགས་པའི་ས་ཚུགས་རྗེས་མ་ཡིན་ཞིང་།ས་ཚིགས་དེ་ན་གྲ་སྒྲིག་ཅ་ནོམ་པ་ཞིག་བྱེད་དགོས།སློབ་ཆེན་གྱི་ས་ཚུགས་དེ་བརྒལ་ན་སྤྱི་ཚོགས་ཞེས་པའི་གྲུ་གཟིངས་ཆེན་པོ་ཞིག་གིས་ཁྱེད་རང་སྒུག་ཡོད།སློབ་ཆེན་ནང་གྲུ་གཟིངས་དེ་ལ་ཞུགས་པའི་འཛིན་བྱང་ཞིག་རང་གིས་ངེས་པར་ཉོ་ཐུབ་དགོས། དྲུག ཁྱིམ་ཆས་ཇུས་འགོད་ཆེད་ལས། ད་སྔ་འབྲོག་རྫོང་ཁག་ན་ཆེད་ལས་འདི་སྦྱོང་མཁན་གྱི་སློབ་མ་ཕར་ཞོགབོད་ཁུལ་ཡོངས་ལ་ཁྱིམ་ཆས་ཇུས་འགོད་ཆེད་ལས་འདི་སྦྱོང་མཁན་མེད། བོད་པ་ཚོའི་ཁྱིམ་ཆས་མང་པོ་ཞིག་ཕྱི་ནས་བསྐྲུན་པ་དང་།ཡང་ན་ས་ཆ་གཞན་ནས་རང་རྫོང་དུ་ཡོང་བའི་ཤིང་བཟོ་ཚོས་བཟོས་པ་རེད། བོད་མི་རྣམས་ཀྱི་འབྱོར་བ་ཇེ་བཟང་དུ་སོང་བས།ཁྱིམ་ཆས་འདོད་བཟོ་བྱེད་མཁན་ཇེ་མང་ཡིན། དེའི་ཕྱིར།ཁྱིམ་ཆས་འདོད་བཟོའི་དགོས་མཁོ་ཇེ་མང་རེད། ༢༠༢༠ལོ་ང་ལྷ་སར་ཐེངས་གཅིག་སོང་བ་ཡིན།སྐབས་དེར་ངས་གྲོགས་པོ་ཞིག་ལ་ཁྱིམ་ཆས་ཇུས་འགོད་ཀྱི་ཆེད་ལས་འདི་ངོ་སྤྲོད་བྱས་པ་ཡིན།ཁོང་གིས་ད་ལྟ་ལྷ་ས་ན་འབྱོར་བ་ཅན་མང་པོ་ཡོད།ཁོ་ཚོའི་རང་གི་ཁྱིམ་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་སྒྲིག་བསམ་མོད།ཚོང་ར་ན་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་འདོད་སྐྲུན་བྱེད་མཁན་ཕར་ཞོག ཐ་ན་བོད་ཀྱི་ཁྱད་ཆོས་ལྡན་པའི་མདུན་ཅོག་ཡག་པོ་ཞིག་ཉོ་དགོས་ནའང་ལག་ཏུ་མི་རྙེད་པའི་ཚོད་རེད་ཟེར།དེའི་ཕྱིར། ཁྱིམ་ཆས་ཇུས་འགོད་ཆེད་ལས་འདི་ཆེད་ལས་ཡག་པོ་འདུགགལ་སྲིད་ཁྱིམ་ཆས་ཇུས་འགོད་ཀྱི་ཆེད་ལས་སྦྱོང་བའི་སློབ་མ་འཇོན་ཐང་ཅན་རེ་བྱུང་ན།ལྷ་ས་ན་ཚོང་ཡོད་ཁོ་ཐག་རེད་ཟེར། ཁྱིམ་ཆས་སྐྲུན་རྒྱུ་ནི་ཚོང་ལས་ཆེན་པོ་ཞིག་ཡིན་པས།གལ་སྲིད་ཚོང་བ་དམིགས་ཡུལ་ཅན་དང་། ཐབས་ཇུས་ཡོད་པ་ཞིག་ཡིན་ན།ཁྱིམ་ཆས་ཇུས་འགོད་ཀྱི་ཆེད་ལས་སློབ་མ་གསོ་སྐྱོང་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་ཀྱི་ཐོན་རྫས་བསྐྲུན་རྒྱུ་ནི་རང་གཞན་གཉིས་ལ་ཕན་པའི་བྱ་བ་ཞིག་རེད།དེ་འདྲ་མ་བྱས་པར་སློབ་མ་ཞིག་གིས་ཁྱིམ་ཆས་ཇུས་འགོད་ཀྱི་ཆེད་ལས་སྦྱངས།རང་གིས་ཚོང་ལམ་ཞིག་གཉེར་དགོས་ན་ཤིན་ཏུ་དཀའ་བའི་ལས་ཤིག་རེད། དེའི་ཕྱིར།ཚོང་བ་ཁྱིམ་ཆས་ཇུས་འགོད་བྱེད་པར་མ་དངུལ་འཇོག་པར་མོས་པ་ཡོད་མཁན་དང་།སློབ་མ་ཆེད་ལས་དེ་སྦྱོང་འདོད་མཁན་ཡོད་ན།ད་ལྟ་ཁྲིན་ཏུའུ་རུ་ཁྱིམ་ཆས་ཇུས་འགོད་སྦྱོང་སའི་སློབ་གྲྭ་ཡག་པོ་འདུག་ཅེས་སྐུལ་མ་བྱས་པ་ཡིན། བདུན།རླངས་འཁོར་ཞིག་གསོ། ༢༠༢༠ལོ་ཁྱུང་མཆུ་རྫོང་མཁར་ན་ངས་རླངས་འཁོར་ཞིག་གསོའི་ཆེད་ལས་སྦྱོང་མཁན་གྱི་སློབ་མ་ཞིག་དང་ཁ་བརྡ་བྱས་པ་ཡིན།སློབ་མ་དེས་བཤད་ན། ཁོས་རླངས་འཁོར་ཞིག་གསོ་ཆེད་ལས་ལོ་གསུམ་ལ་སྦྱངས་མོད།ད་ལྟ་རླངས་འཁོར་ཞིག་གསོ་བྱེད་དགོས་ན་དཀའ་བའི་ཚོད་ན་འདུག་ཟེར།ལོ་ངོ་གསུམ་གྱི་རིང་ལ་ཅི་ཞིག་སྦྱངས་པ་མ་ཤེས་ལ།ལོ་ངོ་གསུམ་ཇི་ལྟར་བུད་སོང་བ་ཡང་མ་ཤེས་ཟེར། རླངས་འཁོར་ཞིག་གསོ་ལྟ་བུའི་ཆེད་ལས་འདི་ལ་མཚོན་ན།ལག་རྩལ་དང་ཉམས་མྱོང་གཉིས་ཀ་མཁོ་བའི་ཆེད་ལས་ཤིག་རེད། གལ་སྲིད་སློབ་མ་ཞིག་གིས་རླངས་འཁོར་ཞིག་གསོའི་ཆེད་ལས་བདམས་པ་ཡིན་ན།སློབ་གྲྭ་རུ་སྦྱང་བྱ་ཡོད་ཚད་ལ་བརྩོན་པ་བྱེད་རྒྱུ་ལས།སློབ་གྲྭ་མཐར་ཕྱིན་ན་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་ན་གླ་བ་བྱས་ནས་ཉམས་མྱོང་གསོག་དགོས།དེ་ཧ་ཅང་གལ་ཆེན་པོ་རེད།སློབ་གྲྭ་མཐར་ཕྱིན་མ་ཐག་ནས་ཟླ་ཕོགས་མང་པོ་ཞིག་ལ་ཧམ་པ་མི་སྐྱེ་བར།གང་ཞིག་ནས་ལས་ཀ་སྒྲུབ་ན་ཉམས་མྱོང་གསོག་ཐུབ་པ།གང་ཞིག་ནས་ལས་ཀ་སྒྲུབ་ན་རང་ཉིད་ཡར་སྐྱེད་མགྱོགས་པ་སོགས་ལ་བསམ་བློ་གཏང་ན་འགྲིགད་ལྟ་མང་པོ་ཞིག་གི་ཕམ་ཁ་ནི་ངང་རྒྱུད་ཐུང་བ་དང་། དམིགས་ཡུལ་གསལ་པོ་མེད་པ།ལས་ཀར་བརྩོན་པ་བྱེད་མི་ཐུབ་པ་སོགས་ལས་བྱུང་བ་རེད། གཞན་གོང་གི་སློབ་མ་དེས་བཤད་ན།སློབ་ཆེན་ལ་སོང་བའི་ལོ་དང་པོ་ནས་སློབ་སྦྱོང་ལ་འབད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད།གོང་གི་སློབ་མ་དེས་བཤད་ན། ཁོ་སློབ་ཆེན་གྱི་ལོ་དང་པོར་རྩེད་མོ་ལ་གཡེང་བ་དང་།ལོ་གཉིས་པ་ནས་ཅུང་ཟད་འབད་པ་བྱེད་དགོས་བསམ་མོད།སྐབས་དེར་ཡོད་ཚད་ཕྱི་སོང་ཞེས་འགྱོད་པ་སྐྱེ་བཞིན་འདུག མདོར་ན། རླངས་འཁོར་ཞིག་གསོའི་ཆེད་ལས་འདི་སྦྱངས་ན།འབྲོག་རྫོང་ཁག་ནས་ཚོང་ལམ་ཡོད་མོད།སློབ་གྲྭ་ནས་རླངས་འཁོར་ཞིག་གསོའི་ཆེད་ལས་སྦྱོང་མཁན་ཞིག་སློབ་མཐར་ཕྱིན་མ་ཐག་ནས།རླངས་འཁོར་ཞིག་གསོ་བྱེད་ས་ཞིག་གཉེར་བར་རང་མགོ་འཁྱོངས་དཀའ། དེའི་ཕྱིར།རླངས་འཁོར་ཞིག་གསོ་སྦྱོང་མཁན་ཞིག་ཡིན་ན། སློབ་གྲྭ་ནས་ཞིག་གསོའི་ཤེས་བྱ་ལ་བྱང་ཆ་འགྲོ་བར་བྱེད་རྒྱུ་ནི་སློབ་སྦྱོང་གི་འགན་ཁུར་གཙོ་བོ་རེད་ལ།མཐར་ཕྱིན་རྗེས་མཉམ་མྱོང་ལེན་ཕྱིར་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་ནས་གླ་བ་བྱེད་རྒྱུ་དང་།ཡང་ན་ལས་ཀའི་ཉམས་མྱོང་ཅན་ཞིག་དང་མཉམ་འབྲེལ་བྱེད་རྒྱུ་སོགས་མཉམ་འཇོག་དགོས་ས་མང་པོ་ཡོད། དམའ་འབྲིང་ངམ་ཡང་ན་མཐོ་འབྲིང་མཐར་ཕྱིན་ན་ཐད་ཀར་ས་གནས་ཀྱི་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་ནས་གླ་བ་བྱེད་ཞོར་སློབ་སྦྱོང་བྱས་ན།ཡུན་གྱིས་རླངས་འཁོར་ཞིག་གསོ་བྱེད་ཤེས་ཡོང་བ་རེད། དེ་འདྲའི་ལམ་ཁ་ཞིག་འདེམ་ན།ལས་ཀའི་ཞོར་ཏུ་རླངས་འཁོར་ཞིག་གསོ་བྱེད་ཚུལ་གྱི་དཔེ་ཆ་མང་པོ་ཀློག་རྒྱུ་གལ་ཆེན་ཡིན། ཡང་ན་ལོ་གཅིག་ལྷག་ལ་རླངས་འཁོར་ཞིག་གསོ་བྱེད་ས་ཞིག་ན་ལས་ཀ་བསྒྲུབས་རྗེས།རླངས་འཁོར་ཞིག་གསོ་ཆེད་སྦྱོང་སློབ་གྲྭ་ཞིག་ལ་རྒྱུགས་སྤྲོད་ན། རླངས་འཁོར་ཞིག་གསོའི་ཤེས་བྱ་ལོན་ཕན་པ་ལྷག་ཏུ་ཆེ་སྙམ་ལ།དེ་ནི་སློབ་སྦྱོང་གི་ཐབས་ཤེས་ཧ་ཅང་ཡག་པོ་ཞིག་ཀྱང་ཡིན་སྙམ། བརྒྱད། མི་བྱད་ཇུས་འགོད་ཆེད་ལས།(人物形象专业)

       ད་སྔ་མི་བྱད་ཇུས་འགོད་ཆེད་ལས་འདི་སྦྱོང་མཁན་ཧ་ཅང་ཉུང་མོད་།ཡིན་ནའང་། ༢༠༢༠ལོ་ཁྱུང་མཆུའི་སློབ་མ་གཉིས་ཀྱིས་ཆེད་ལས་འདི་བདམས་ཡོད། ཆེད་ལས་འདི་རྒྱ་ནང་དུ་དར་ནས་ཡུན་རིང་མིན་པས།མི་མང་པོ་ཞིག་ཆེད་ལས་འདི་ལ་གསལ་ཆ་མེད། དེའི་ཕྱིར།ཆེད་ལས་འདི་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན། ཀྲུང་གོ་ན་ཆེད་ལས་འདིའི་ལག་ཁྱེར་ཆེས་མཐོ་བ་ཆེད་སྦྱོང་གི་ཚད་ཡིན།ཆེད་ལས་འདི་ལས་མཐར་ཕྱིན་ན་གཟུགས་བྱད་ཇུས་འགོད་སྡེ་ཁག་དང་། འཁྲབ་སྟོན་སྡེ་ཁགབརྙན་འཕྲིན་སྡེ་ཁག མི་བྱད་ཇུས་འགོད་སྡེ་ཁག གཉེན་སྟོན་ཞབས་ཞུ་ཁང་།གཟུགས་བྱད་ཇུས་འགོད་པ། ཡག་ལས་ཐོན་རྫས་སྤྱི་གཉེར་ཁང་གི་བློ་འདྲི་བ།ཐོན་རྫས་སྦྱོང་བརྡར་དགེ་རྒན། འབྲིང་རིམ་སློབ་གྲྭའི་དགེ་རྒན་སོགས་ཀྱི་ལས་ཀར་འཚོལ་ཆོག        གལ་སྲིད་སློབ་མ་ཞིག་སྐྲ་བཞར་བ་ཞིག་བྱེད་འདོད་ན།ཆེད་ལས་འདི་ཧ་ཅང་འཚམས། ཆེད་ལས་འདི་སྦྱོང་ན་ཕྱི་རྒྱལ་ནང་གི་སྐྲ་ཚུགས་སྣ་ཚོགས་སློབ་ཐུབ་པར་མ་ཟད།གལ་ཏེ་རང་གིས་སྐྲ་ཚུགས་གསར་བ་ཞིག་གསར་བཟོ་བྱེད་ཐུབ་ན། དེ་ལ་ཤེས་རིག་ཐོན་དབང་བླངས་ན་ཆོག་པ་རེད།སྐྲ་གཞར་མཁན་ཞེ་ན། འབྲོག་རྫོང་ཁག་ན་མཐོང་བའི་ཁང་བ་ངན་ངོན་ཞིག་ན་འཕྲོད་བསྟེན་ཞན་ཞིང་།རྣམ་འགྱུར་སྡུག་པོ། གཙང་སྦྲ་དང་ལག་རྩལ་ཞན་པ་ལྟ་བུ་ཞིག་མིན། སྐྲ་གཞར་གྱི་ལས་ཀ་ནི་ཆེད་ལས་གལ་ཆེན་ཞིག་ཡིན།བོད་ཡུལ་གྲོང་ཁྱེར་ཆེན་པོ་དག་ན་སྐྲ་བཞར་ཁང་ཁ་ཤས་ཕྱེ་ཆོག་ལ། སྡེ་བ་ཆེན་པོ་རེ་ནའང་སྐྲ་གཞར་ཁང་རེ་བཙུགས་ན་ཆོག་པ་སྙམ།སྡེ་བ་ཞིག་ན་སྐྲ་གཞར་ཁང་ལ་ཚོང་མང་པོ་མེད་ནའང་།སྐྲ་གཞར་མཁན་གྱིས་སྐྲ་གཞར་ཞོར་ཏུ་སྡེ་བའི་ལས་ཀ་གཞན་པ་གཉེར་ཆོགསྐྲ་བཞར་ཁང་ངལ་གསོ་ས་ཞིག་བྱེད་ནའང་ཆོག སྐྲ་གཞར་ཁང་དུ་ཚོང་ཁང་ཆུང་བ་ཞིག་ཕྱེ་ནའང་ཆོགཕྱི་རྒྱལ་བ་ཚོར། སྒྲུབ་མི་ཐུབ་པར་མི་སྐྲག སེམས་ལ་མི་ཤར་པར་སྐྲག་ཅེས་པའི་གཏམ་དཔེ་ཞིག་ཡོད།གཙོ་བོ་རང་ཉིད་ལ་ལག་རྩལ་ཡག་པོ་ཞིག་དགོས།རང་ཉིད་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་དགོས། མི་གཞུང་དྲང་ཞིག་ཡིན་དགོས།རུ་སྡེ་བ་ལ་འདང་ཅན་ཞིག་ཡིན་དགོས།ལག་རྩལ་དམིགས་བསལ་བ་ཞིག་ལྡན་ཞིང་མི་གཤིས་ཡག་པོ་ཅན་ཞིག་གི་ལག་ཏུ་ལས་ཀ་མི་རྙེད་པ་ཞིག་མི་སྲིད་དོ།། དགུ། དངོས་གཞི་སློབ་མ།        སྤྱི་ཚོགས་སྟེང་ལས་རིགས་ཉུང་ཤས་ཤིག་སྒྲུབ་པར་ཞིབ་འཇུག་གི་ཡོན་ཏན་མཁོ་བ་རེད།དཔེར་ན། སློབ་ཆེན་དགེ་རྒན། ཞིབ་འཇུག་སྡེ་ཁག་གི་ཞིབ་འཇུག་པ། སྨན་པ། དངུལ་རྩ་བ།ཁྲིམས་དཔོན། ཁྲིམས་ལུགས་ཞིབ་འཇུག་པ་སོགས་རིགས་གཞུང་དང་འབྲེལ་བའི་ལས་ཀ་སྒྲུབ་པར་བསླབ་གནས་མཐོན་པོ་མཁོའོ།།

ཞིབ་འཇུག་རྐྱང་བའི་ལས་དོན་སྒྲུབ་བསམ་མཁན་ཞིག་ཡིན་ན།དངོས་གཞི་ནས་ཞིབ་འཇུག ཞིབ་འཇུག་ནས་འབུམ་རམས་པ་འདོན་དགོས་པ་རེད།སི་ཁྲོན་ཞིང་ཆེན་གྱི་བོད་སྐད་ཡིག་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་པ་དང་། འབུམ་རམས་པ།ཆེད་ལས་ཚད་མཐོན་པོ་ཅན་གྱི་ལས་ཀ་མང་པོ་ཞིག་དཀར་མཛེས་དང་རྔ་བ་ཁུལ་གཉིས་ཀྱི་བོད་ཀྱི་ཤེས་ཡོན་པ་དག་གིས་འཛིན་ཐུབ་མེད།གནས་ཚུལ་དེ་ལས། དཀར་རྔ་གཉིས་ཀྱི་བོད་སྐད་ཡིག་གི་སློབ་གསོའི་སྤུས་ཀ་ཞན་པ་མཚོན་ཐུབ་ལ།སྣང་ཚུལ་དེ་ནི་རྔ་བ་ཁུལ་གྱི་ཡོན་ཏན་པའི་སྡེ་ཡི་དོན་དག་དམིགས་བསལ་བ་ཞིག་ཡིན། དེའི་ཕྱིར།རྔ་བ་ཁུལ་གྱི་བོད་ཡིག་སློབ་འབྲིང་གི་བོད་རྒྱའི་སྐད་ཡིག་གི་རྨང་གཞི་བཟང་ཞིང་།དངོས་གཞི་ལ་འགྲོ་ཐུབ་མཁན་གྱི་སློབ་མ་ཚོ།བོད་ཀྱི་རིག་གནས་སྦྱོང་ཐུབ་པའི་སློབ་ཆེན་ཁག་ལ་སོང་ནས་ཞིབ་འཇུག་པ་སོགས་བསླབ་གནས་མཐོན་པོ་ལོན་པར་འབད་དགོས་ལ།རྒྱུགས་སྐར་མཐོ་བའི་སློབ་མ་ཚོ་རྒྱའི་སློབ་ཆེན་དུ་སོང་ནས་ཆེད་ལས་རྩེ་གྲ་དག་སྦྱོང་ན་རང་གཞན་གཉིས་ལ་ཕན་ནོ།། འབྲོག་རྫོང་ཁག་ལ་བོད་རིག་གནས་ཀྱི་རྨང་གཞི་བཟང་ཞིང་། ཆེད་ལས་སྣ་ཚོགས་གཉེར་པའི་ལས་དོན་སྒྲུབ་མཁན་དང་།ཞིབ་འཇུག་པ་ཤིན་ཏུ་མཁོའོ། །
       བོད་ཡིག་གཙོ་བོའི་སློབ་མ་རྒྱུགས་འབྲས་བཟང་པོ་ཚོ་མི་རིགས་སློབ་ཆེན་ཁག་ལ་འགྲོ་བཞིན་ཡོད།སློབ་ཆེན་དེ་ཚོ་ལ་སོང་ན་སློབ་ཡོན་དམའ་བ་དང་། མཐར་ཕྱིན་ན་ལས་ཀ་རྙེད་སླ་བ།བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པའི་ཞིབ་འཇུག་སློབ་མ་འདོན་ཐུབ་པ་སོགས་ཀྱི་དགེ་མཚན་མང་པོ་ཡོད།དེ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། གལ་སྲིད་ཁྱིམ་བདག་དང་སློབ་མ་མིག་རྒྱང་རིང་བ་དང་།སྤོབས་པ་ལྡན་པ། ཐབས་ཇུས་ཡོད་པ་ཞིག་ཡིན་ན།རྒྱ་ནང་གི་ལས་རིགས་སློབ་ཆེན་ཡག་པོ་ཞིག་ལ་སོང་ནས་ལོ་གསུམ་ལ་ཆེད་ལས་ཡག་པོ་ཞིག་སྦྱངས།ལོ་གསུམ་གྱི་རྗེས་དངོས་གཞི་ལ་རྒྱུགས་སྤྲད་ན་ལོ་ལྔ་ཡི་རྗེས་དངོས་གཞིའི་བསླབ་གནས་ཡག་པོ་ཞིག་ལེན་ཐུབ།ཆེད་སྦྱོང་ལོ་གསུམ་དང་། དངོས་གཞི་ལོ་ངོ་གཉིས་ཀྱི་ཆེད་ལས་དང་དབྱིན་ཡིག་ཡག་པོ་སྦྱངས་ཐུབ་པ་ཡིན་ན།རྒྱ་ནང་གི་ཞིབ་འཇུག་སློབ་མ་དང་། ཡང་ན་ཕྱི་རྒྱལ་ལ་སོང་ནས་ཞིབ་འཇུག་སློབ་མའི་བསླབ་གནས་ལེན་ཐུབ།བོད་སྐད་ཡིག་གི་རྨང་གཞི་ཡོད། ཆེད་ལས་ཡག་པོ།ཞིབ་འཇུག་སློབ་མའི་ལག་རྟགས་ཀྱང་ཡོད་མཁན་གྱི་ཤེས་ཡོན་པ་ནི་བོད་ལ་ཧ་ཅང་མཁོ་བའི་མི་སྣ་མ་ཡིན་ནམ།ལམ་དེ་འདྲ་ཞིག་ལ་འབུད་པར་དམིགས་བསལ་གྱི་བསམ་པ། ཐབས་ཇུས། མིག་རྒྱང་། སྤོབས་པ། བརྩོན་འགྲུས་སོགས་ཀྱི་ཡོན་ཏན་ལྡན་པའི་སློབ་མ་ཞིག་ཡིན་ན་འགྲུབ་ངེས་སོ།། བཅུ། ཕྱོགས་བསྡོམས།
       རྩོམ་འདི་འབྲི་འགོ་རྩོམ་དུས།སྐད་འཕྲིན་རྒྱབ་ལ་རྔ་བ་ཁུལ་གྱི་འབྲོག་རྫོང་ཁག་ལ་དགོས་མཁོ་ཆེ་བའི་ཆེད་ལས་ཅི་ཞིག་ཡིན་པའི་སྐོར་ལ་དྲི་བ་ཞིག་དྲིས་པ་ཡིན།ལྷག་བསམ་ཅན་མང་པོ་ཞིག་གིས་དྲིས་ལན་མང་པོ་ཞིག་གནང་སོང་།ཁོ་ཚོ་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། ཁོ་ཚོས་ཕྱུགས་ལས་སྨན་པ། འཁྲབ་ཁྲིད་པ། མ་བྱན།རླངས་འཁོར་ཞིག་གསོ་བ། ནུབ་སྨན་ཆེད་སྦྱོང་བ། ཁྲིམས་ལུགས། ལག་ལྒང་གཙོ་སྐྱོང་བ།སྟེགས་ལྒང་གཙོ་སྐྱོང་བ། རྟ་རྒྱུག་དོ་དམ་པ། གློག་བརྙན་སྒྱུ་རྩལ་འཁྲབ་སྟོན་ཆེན་མོ་ཇུས་འགོད་པ།དེང་རབས་འབྲོག་ལས་ལག་རྩལ་པ། དེང་རབས་འབྲོག་ལས་ཕྱིར་འཚོང་ཆེད་ལས་པ། བོད་ཀྱི་རིག་གནས་ཡུལ་སྐོར་ཆེད་ལས་པ།མཉེན་ཆས་ཇུས་འགོད་པ། བོད་རིག་གནས་གློག་བརྙན་གསར་གཏོད་པ།རླངས་འཁོར་རྒྱན་ཆ་སྤྲོད་མཁན། གློག་གི་ཚ་ལ་ལག་རྩལ་བ། ཁང་བ་རྒྱན་བཟོ་མཁན། ཤ་རིགས་ལས་སྣོན་མཁན།གོ་རིགས་ལག་རྩལ་བ། སྤེལ་རྒྱུག་གློག་རྒྱུན་ལག་རྩལ་བ། དེང་རབས་ཤིང་བཟོ། གཞའ་བཅོས་སྨན་པ།མཐོ་འབྲིང་དགེ་རྒན་སོགས་ཆེད་ལས་མང་པོ་ཞིག་བཀོད་འདུག        དེ་རིང་ཡང་བསྐྱར་ཆེད་ལས་ཁ་ཤས་ཁ་སྣོན་བྱེད་དགོས་བསམ།དངུལ་མགར། ཕྱེ་རིགས་ལས་སྣོན་པ། རྟ་གསོའི་ཆེད་མཁས་པ། ཁྱིམ་གྱི་དགེ་རྒན།ལྷག་ཏུ་ཁྲིམས་རྩོད་པ་སོགས་ནི་བོད་ལ་ཧ་ཅང་མཁོ་བའི་ཆེད་ལས་ཡིན་ནོ། །        ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན།ལས་རིགས་སློབ་གྲྭར་ཆེད་ལས་རིགས༡༢༠༠བཙུགས་ཡོད་ལ། ཆེད་ལས་སྡེ་ཁག་ཁྲི༡༠བཙུགས་ཡོད།ཆེད་ལས་དེ་འདྲ་མང་པོ་ཞིག་གསལ་བཤད་བྱེད་དགོས་ན་ཧ་ཅང་དཀའ་བའི་ལས་ཀ་ཞིག་རེད།ཆེད་ལས་དེ་དག་གི་ནང་སློབ་མ་རང་གིས་ཀྱང་སློབ་ན་འདོད་ཅིང་།ང་ཚོའི་ས་གནས་ལ་མཁོ་བའི་ཆེད་ལས་ཀྱང་ཡོད་སྲིད་ལ། ད་སྔ་སྤྱི་ཚོགས་ལ་མཁོ་ནའང་།སློབ་མཁན་ཡང་ཤིན་ཏུ་ཉུང་བའི་ཆེད་ལས་ཀྱི་རིགས་ཀྱང་ཡོད་སྲིད།ཆེད་ལས་དེ་འདྲ་ནི་སློབ་མ་རང་དང་། ཡང་ན་སློབ་མའི་དམིགས་བསལ་ཁྱད་ཆོས་ལ་ཧ་ཅང་གསལ་ཆ་ཡོད་པའི་དགེ་རྒན་དང་ཁྱིམ་བདག་ཚོས་སློབ་མ་ལ་མཛུབ་སྟོན་བྱེད་རྒྱུ་གལ་ཆེའོ།།        སློབ་མ་སུ་ཡིན་ན། རང་གི་མ་འོངས་དང་།ཁྱད་ཆོས། དགའ་ཁ་ཁྱེར་ཕྱོགས།སྤྱི་ཚོགས་ཀྱི་དགོས་མཁོ་སོགས་ལ་གཞིག་ནས་ཆེད་ལས་གདམ་དགོས་པ་ཞིག་ཡིན་མོད།ཞིབ་འཇུག་ལྟར་ན། སློབ་མ་མང་པོ་ཞིག་སློབ་མཐར་ཕྱིན་ནས་ལས་ཀ་སྒྲུབ་སྐབས།སྔར་རང་གིས་སྦྱོང་བའི་ཆེད་ལས་ཀྱི་ལས་ཀ་གཉེར་མཁན་ཉུང་བར་བཤད།དོན་དག་ངོ་མ་དེ་ལྟ་བུ་ཞིག་ཡིན་ནའང་།སློབ་མ་ཚོས་ཆེད་ལས་འདེམ་སྐབས་ཧ་ཅང་གཟབ་ནན་བྱེད་རྒྱུ་དང་གཅིག ཆེད་ལས་གང་ཞིག་སྦྱོང་ནའང་ཆེད་ལས་དེ་ཡི་འོས་ཐོབ་ལེན་རྒྱུ་གཉིས།མི་ཚང་མ་ལ་ངེས་པར་མཁོ་བའི་གཏམ་རྩལ། གོ་སྟོབས། ཡིག་རྩལ།སྤྱོད་པ་བཟང་པོ་སོགས་ནི་སྤྱི་ཚོགས་སྟེང་འཚོ་བ་སྐྱེལ་པར་ངེས་པར་མཁོ་བའི་རྨང་གཞི་ཡིན། གཏམ་རྩལ་དང་། གོ་སྟོབས། ཡིག་རྩལ།སྤྱོད་པ་བཟང་པོ་བཅས་ནི་ཆེད་ལས་ལ་བལྟས་ན་གལ་ཆེན་ཡིན། གལ་སྲིད་ཁྱེད་ལ་གཏམ་རྩལ་ཡོད།གོ་སྟོབས་བཟང་། རྩོམ་ཡིག་ཅི་ཞིག་འབྲི་དགོས་ན་ཐོགས་པ་མེད། བདེན་པ་སྲུང་ཐུབ།དྲང་པོར་གནས་ཐུབ། ལས་ལ་བརྩོན་པ། ཕྱི་བཤོལ་མི་བྱེད། སློབ་སྦྱོང་ལ་དགའ་བའི་མི་ཞིག་ཡིན་ན།ལས་ཀ་འཚོལ་སླ་ཞིང་། མཉམ་འབྲེལ་བྱེད་ས་ཡང་མང་པོ་རྙེད་སྲིད།ད་ལྟ་མི་མང་པོ་ཞིག་གི་ལག་ཏུ་ལས་ཀ་རྙེད་ཀྱིན་མེད་ལ། ལས་ཁུངས་རེ་གཉིས་ཀྱིས་ལས་ཀ་བ་དང་།མཉམ་ལས་པ་ཡག་པོ་མ་ཆུད་པར་ཡོད། མདོར་ན། མི་བཟང་པོ་ཞིག་ཡོང་བར་བྱེད་རྒྱུ་ཡོན་ཏན་ཀུན་གྱི་རྩ་བ་ཡིན། ༢༠༢༡ལོའི་ཟླ༦པའི་ཚེས༢༣ཉིན་ཡང་བསྐྱར་ཞུ་དག་བྱས།

【རྫོགས་སོ།།】


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xq4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526802
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།