ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བསྡུས་འགྲེལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བསྡུས་འགྲེལ།
ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བསྡུས་འགྲེལ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-03-06ལྟ་ཀློག (5492)རྩོམ་ཁུངས: མཚོ་སྔོན་བོད་སྐད་དྲྭ་ཚིགས།པར་འདེབ།


བསོད་ནམས་དབང་རྒྱལ།
མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ། ཞིང་ཆེན་སྲིད་གྲོས་ཀྱི་བློ་འདྲིའི་ཆེད་མཁས་དང་རེབ་གོང་རིག་གནས་བློ་འདྲིའི་ཆེད་མཁས་སོགས་ཡིན། ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ལ་བོད་ཁུལ་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ཕྱོགས་ནས་ནང་ཁུལ་གྱི་གཞུང་ལུགས་དཔྱད་གཞི་མང་པོ་བྲིས།ད་ལྟའི་བར་དུ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པའི་ལས་གཞི་གསུམ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་ལས་གཞི་བཞི་གཙོ་སྐྱོང་གནང་ཞིང་། རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཚད་ལྡན་ཁག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ།


ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་བསྡུས་འགྲེལ།


 ཀྲུང་དབྱང་ཡིག་ཆ་དང་པོར་མཐོང་ཆེན་བྱེད་པའི་རྒྱུ་མཚན། 

      ཀྲུང་དབྱང་གིས་ལོ་རེར་ཡིག་ཆ་མང་པོ་འདོན་བཞིན་ཡོད་ཅིང་། འདོན་པའི་དུས་ཚོད་ཀྱི་ཐད་ནས་ལོ་མགོའི་ཡིག་ཆ་དང་པོ་ཡིན་པའི་ཆ་ནས་དེ་ལྟར་ཟེར་བ་དང་། གཞན་དུ་ཀྲུང་གོའི་ཡིག་ཆའི་ལོ་རྒྱུས་ཐད་ནས་བལྟས་ན། ༡༩༤༩ལོར་རྒྱལ་ཁབ་དབུ་བརྙེས་པའི་སྐབས་སུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་དབྱང་མི་དམངས་སྲིད་དབང་འདི་ནས་མགོ་ཚུགས་ཏེ་ཡིག་ཆ་ཨང་དང་པོ་ཞེས་པ་སྤེལ། དེ་བས༡༩༤༩ནས་བཟུང་ཡིག་ཆ་ཨང་དང་པོའི་ལོ་རྒྱུས་ཡོད་པར་གྱུར། ལོ་འདི་གར་ཅི་ཞིག་ལ་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ཟེར་རམ། ལྷག་པར་ཏུ་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་དང་གཞི་རིམ་གྱི་ལས་བྱེད་པ། རྫོང་། ཁུལ། ཞིང་ཆེན་རིམ་པའི་འགོ་ཁྲིད་སོགས་གོང་འོག་བར་གསུམ་གྱིས་དོ་སྣང་བྱེད་དགོས་དོན་ཅི་ཡིན་ཟེར་ན། བཅོས་སྒྱུར་སྒོ་འབྱེད་ནས་བཟུང་རྒྱལ་ཁབ་དཔལ་འབྱོར་གྱི་རྨང་གཞི་དེ་བཟོ་ལས་དང་། ཞིངལས། ཕྱུགས་ལས་ལ་བརྟེན་དགོས། སྤྱིར་བཏང༡༩༨༩ལོ་ནས༡༩༩༦ལོའི་བར་གྱི་ལོ་ལྔའི་རིང་དུ་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་བརྗོད་དོན་ནི་ཞིང་ལས། ཞིང་བ། ཞིང་གྲོང་བཅས་རེད། དེ་རྗེས་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ཡོད་ཀྱང་བརྗོད་བྱའི་ངོས་ཐད་ནས་རོང་འབྲོག་གི་ལས་ཀར་འབྲེལ་བ་མེད་པར་གྱུར། དུས་རབས་ཉེར་གཅིག་པ་དང༢༠༠༤ལོ་ནས་བཟུང་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་ནང་དོན་སླར་ཡང་ཞིང་ཕྱུགས་ལས་སུ་བསྒྱུར་བ་ནས་བཟུང་། བསྟུད་མར་ལོ་བཅུ་དགུའི་རིང་དུ་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་བརྗོད་བྱ་ཞིང་ཕྱུགས་ལས་སྐོར་རེད། དེ་ལས་ང་ཚོས་ཤེས་ཐུབ་པ་ནི། ཀྲུང་གོ་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཕེལ་རྒྱས་ཁྲོད་དུ། ཞིང་ཕྱུགས་ལས་དང་འབྲེལ་བའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ནི་སྣེ་འཁྲིད་རང་བཞིན་གྱི་ཡིག་ཆ་རེད། ཁ་སང་དེ་རིང་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ཟེར་བ་ནི་ཕལ་ཆེར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ཕྱུགས་ལས་ལ་དོ་སྣང་དང་མཐོང་ཆེན་བྱེད་པའི་ཆེད་སྤྱོད་ཐ་སྙད་ཅིག་ཏུ་གྱུར་ཡོད།

ད་ལོའི་ཀྲུང་དབྱང་ཡིག་ཆ་དང་པོའི་ཁྱད་ཆོས།

   ལོ་སྔོན་མའི་ཡིག་ཆ་དང་ཆེད་དོན་ཚོགས་འདུ་འཚོགས་དུས། ལོ་སྔ་མའི་ཡིག་ཆའི་ནང་དོན་དང་ཚོགས་འདུའི་དགོངས་དོན་ཐད་བསྡུར་ན་འགྱུར་ལྡོག་བྱུང་བཞིན་ཡོད། ན་ནིང་གི་སྐད་ཆ་བཤད་སྟངས་དང་ད་ལོའི་སྐད་ཆ་བཤད་སྟངས་མི་འདྲ་བ་དང་། འཐབ་ཇུས་ཁ་ཕྱོགས་མི་འདྲ་བ་སོགས་ཡོད། ད་ལོར་ཞིང་ལས་ཞིང་གྲོང་པུའུ་པུའུ་ཀྲང་གིས་བརྙན་འཕྲིན་ནང་དུ་ཁ་བརྡ་བྱས་པ་དང་། འབྲེལ་ཡོད་ཀྱི་དཔྱད་རྩོམ་ནང་དོན་ཐད་ནས་བལྟས་ན་དངོས་དོན་རང་བཞིན་འདུག ༢༠༢༢ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོ་ལས་ཁ་ཕྱོགས་གསར་བ་དང་། ལྟ་བ་གསར་བ། རིང་ལུགས་གསར་བ་གཏན་ནས་སྤེལ་མི་ཆོག་པར་བཤད། ན་ནིང་དང་ད་ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་ཁྱད་པར་ནི་མུ་མཐུད་དུ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་ཤུགས་བསྣན་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་རེད། ད་ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་ཁ་བྱང་ལ་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས༢༠༢༢ལོར་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་ཡོད་བསམ་འཆར་ཡི་གེ་ཞེས་བྲིས་ཡོད་ལ། བརྗོད་བྱ་གཙོ་བོར་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་རམ་འདེགས་བྱེད་རྒྱུ་དེ་རེད། དེའི་ནང་ནས་ཆེས་མ་མཐར་ཡང་ཁག་ཐེག་བྱེད་དགོས་པའི་འགན་ཁུར་གཉིས་ཡོད་དེ། གཅིག་ནི་ངེས་པར་དུ་རྒྱལ་ཁབ་རིམ་པའི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པ་རེད། རྒྱལ་ཁབ་ལ་མཚོན་ན་ས་ཞིང་ཐད་ནས་ཞིང་ཆེན་འགའ་ཤས་སུ་ཇེ་ཉུང་དུ་འགྲོ་བ་དང་། འགའ་ཤས་སུ་དོ་སྣང་བྱེད་ཀྱིན་མེད་པའི་གནས་ཚུལ་འབྱུང་བཞིན་ཡོད། གཉིས་ནི་གཞི་ཁྱོན་རང་བཞིན་དང་། རྣམ་པ་ཅན་གྱི་ཕྱིར་དབུལ་བོར་ལོག་པའི་གནས་ཚུལ་བྱུང་དུ་མི་འཇུག་པར་ཁག་ཐེག་བྱེད་དགོས། དེའི་རྒྱུ་མཚན་ནི་༢༠༢༠ལོ་ནས་ཀྲུང་གོ་རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་འགན་འཁུར་ཕྱོགས་ཡོངས་ནས་ཕོག་ཚར་བ་དང་། འོན་ཀྱང་གྲུབ་འབྲས་ཐོབ་པར་འགྱུར་བ་མེད་པ་ཞིག་མིན་པས་ཁྱིམ་ཚང་ཁ་ཤས་ཕྱིར་དབུལ་བོར་ལོག་པའི་གནས་ཚུལ་འབྱུང་སྲིད། འོན་ཀྱང་གཞི་ཁྱོན་ཆེན་པོའི་སྒོ་ནས་ཕྱིར་དབུལ་བོར་ལོག་པའི་གནས་ཚུལ་གཏན་ནས་བྱུང་མི་ཆོག་པ་རེད། བྱ་བའི་ཐད་ཀྱི་འགན་འཁུར་ཕྱོགས་གསུམ་ནས་གླེང་ཡོད་དེ། དེ་གསུམ་པོ་ནི་ཞིང་གྲོང་འཕེལ་རྒྱས་དང་། ཞིང་གྲོང་འཛུགས་སྐྲུན། ཞིང་གྲོང་བཅོས་སྐྱོང་བཅས་རེད། དེ་ལས་གཞན་ཡི་གེའི་ཐད་ནས་གསར་བ་ཞེས་འཕེལ་རྒྱས་གསར་བ་དང་། གོམ་འགྲོས་གསར་བ་ཞིག་ཡོད། འཕེལ་རྒྱས་གསར་བ་ནི་གྲོང་གསེབ་དར་སྤེལ་དེ་འཕེལ་རྒྱས་གསར་བའི་རྣམ་པ་ཆགས་པར་མཐོར་འདེགས་བྱེད་དགོས། གོམ་འགྲོས་གསར་བ་ནི་ཞིང་ལས་དང་ཞིང་གྲོང་དེ་དེང་རབས་ཅན་ཆགས་པར་བྱེད་དགོས། ཡིག་ཆ་འདིའི་བརྗོད་སྙིང་གཙོ་བོ་ནི་གྲོང་གསེབ་དར་སྤེལ་ཡིན་པས། གྲོང་གསེབ་དར་སྤེལ་འཐབ་ཇུས་འདི་ལག་བསྟར་བྱེད་པར་ཐོན་ལས་དར་སྤེལ། སྐྱེ་ཁམས་གནས་བདེ། ཡུལ་གྲོང་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་ཡི་གེ་ཉི་ཤུའི་སྟེང་དུ་འབབ་དགོས།


གྲོང་གསེབ་དར་སྤེལ་དང་འབྲེལ་བའི་ཡིག་འབྲུ་ཉི་ཤུ་གོ་སླ་མོས་འགྲེལ་ན།

   སྤྱིར་བཏང་ཡིག་འབྲུ་ཉི་ཤུ་འདི་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་སྲོག་ལྟ་བུ་རེད། གྲོང་གསེབ་ལ་མཚོན་ན་ཐོན་ལས་འདི་དར་སྤེལ་གཏོང་དགོས་ཞིང་། སྐྱེ་ཁམས་སམ་འབྱུང་ཁམས་བག་ཕེབས་ཀྱི་རྣམ་པ་ཆགས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་དགོས། ཞིང་གྲོང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གནས་དང་ལུགས་སྲོལ་དེ་དུས་རབས་ཀྱི་རིན་ཐང་དང་མཐུན་པ། སྡེ་དམངས་ཡོངས་ཟབ་ཞུགས་ཀྱིས་སྡེ་བར་དོ་དམ་བྱེད་པ་ཞིག་རེད། ཐོན་ལས་དང་འཚོ་བ་གཉིས་འབྲེལ་ནས་ཡོད་པ་ནི་གཙོ་བོར་དཔལ་འབྱོར་ལ་རག་ལས་པས། ཐོན་ལས་འཕེལ་བ་ལས་དཔལ་འབྱོར་རྨང་གཞི་བརྟན་པ་དང་། དཔལ་འབྱོར་རྨང་གཞི་བརྟན་པས་འཚོ་བ་ཇེ་ཕྱུག་དང་སྤུས་ཀ་ཇེ་ལེགས་སུ་འགྲོ་བ་ཡིན། ད་དུང་བསམ་བློའི་གོ་རྟོགས་ལའང་འགྱུར་ལྡོག་འབྱུང་ངེས། སྐྱེ་ཁམས་ཐད་ནས་ང་ཚོ་བོད་ལ་སྔ་མོ་ནས་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་དམིགས་བསལ་གྱི་ཐ་སྙད་མེད་ཀྱང་། བོད་ཀྱི་སྲོལ་རྒྱུན་འཚོ་བའི་ཁྲོད་དུ་རིག་གནས་དང་ཐོན་ལས་ཐད་ནས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ཆགས་ཡོད། རྒྱལ་ཡོངས་ཀྱི་གྲོང་གསེབ་ཁྲོད་ནས་ང་ཚོ་མདོ་དབུས་མཐོ་སྒང་གི་གྲོང་གསེབ་ལ་རིག་གནས་རྨང་གཞི་ཡོད། འདིར་བཤད་པའི་རིག་གནས་ཀྱི་རྨང་གཞི་ཞེས་པ་ནི་སྐྱེ་ཁམས་ཀྱི་རིག་གནས་ལ་གོ་དགོས། དེ་བས་འདིའི་ཐད་ནས་ང་ཚོ་ལ་འགན་འཁུར་ཆེན་པོ་མེད། འོན་ཀྱང་མཉམ་འཇོག་བྱེད་དགོས་པ་ནི་དེང་རབས་ཅན་གྱི་གད་སྙིགས་ཅི་ལྟར་གཙང་སེལ་བྱེད་དགོས་པ་དེ་རེད།

གྲོང་གསེབ་དར་སྤེལ་ལས་གཙོ་བོ་ཅི་ཞིག་བཤད་ཡོད་དམ།

   སྲིད་དབང་གི་ངོས་ཐད་ནས། ལོ་འདི་གའི་རིང་དུ་ཞིང་ཆེན་རིམ་པ་དང་། ཁུལ་རིམ་པའི་ལས་བྱེད་པའི་ཁྲོད་དུ་ནུས་པ་དང་འགན་འཁུར་འདུ་ཤེས་ཡོད་མཁན་གྱི་མི་མང་པོ་གཞི་རིམ་དུ་མངགས་པ་དང་། གཞུང་ཞབས་པའི་རྒྱུགས་འཕྲོད་པའི་ལོ་ཆུང་ཚོ་ཡང་ངེས་པར་དུ་གཞི་རིམ་ནས་སྦྱོང་བརྡར་དང་ཞབས་ཞུའི་བྱ་བ་བསྒྲུབ་ནས་ཡར་བསྐྱེད་བྱུང་གིན་ཡོད་པས། འདི་ནི་མེད་དུ་མི་རུང་བཞིག་ཡིན། གང་ཞིག་དར་སྤེལ་དང་འཕེལ་རྒྱས་སུ་འགྲོ་དགོས་ན་ངེས་པར་དུ་སྲིད་འཛིན་གྱི་སྟོབས་ཤུགས་ལ་བརྟེན་དགོས། ལྷག་པར་ཏུ་གཞི་རིམ་གྱི་ལས་བྱེད་པ་དང་། གྲངས་ཉུང་མི་རིགས་ས་ཁུལ་གྱི་འགོ་ཁྲིད་དག་རྒྱ་ནང་དུ་སོང་ནས་སློབ་སྦྱོང་བྱས་ནས་སྦྱོང་བརྡར་ཐོབ་ནས་ཕྱིར་ལོག་པ་ལས། སྲིད་དོན་གྱི་ཞབས་ཞུའི་སྤུས་ཀ་ཇེ་ལེགས་སུ་འགྲོ་བ་རེད། དེ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་གལ་ཆེན་ཞིག་རེད། གཞན་ཡང་ཕྱོགས་ཡོངས་ནས་བལྟས་ན། མཐར་ཐུག་ན་ས་གནས་དེ་གའི་འཕེལ་རྒྱས་ནི་ས་གནས་རང་གི་མིའི་བསམ་བློའི་གོ་རྟོགས་དང་ལས་ཀ་བྱེད་སྟངས་སོགས་ལ་འབྲེལ་བ་ཆེན་པོ་ཡོད། ས་གནས་རང་གི་མི་ལ་བརྟེན་པ་ནི་གནད་འགག་ཅིག་ཡིན། སྲོལ་རྒྱུན་གྱི་རྩ་འཛུགས་དང་ཐབས་བཀོད་དག་དུས་རབས་གསར་བར་མཐའ་གཅིག་ཏུ་མི་དགོས་པར་བསམ་མི་རུང་། ལྷག་པར་ཏུ་ཉེ་བའི་ལོ་འདི་འགའི་རིང་དུ་ཞིང་ལས་ཞིང་གྲོང་པུའུ་ཡི་པུའུ་ཀྲང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ནི་སྲོལ་རྒྱུན་དོར་བ་དང་། ཞིང་ཕྱུགས་ལས་ཀྱི་ཉམས་མྱོང་མི་དགོས་པའི་འདུ་ཤེས་སྐྱེས་ཚེ། དེ་ནི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཧ་མ་གོ་བའི་མཚོན་རྟགས་ཡིན་པར་བཤད། འཇོན་ཐང་མི་སྣའི་སྐོར་ནས། གཅིག་ནས་རྒན་པའི་ཉམས་མྱོང་དང། སྲོལ་རྒྱུན་གྱི་རྩ་འཛུགས་དང་བཀོད་སྒྲིག་ཐད་ལ་བརྩི་མཐོང་བྱེད་དགོས། གཉིས་ནས་རྒན་པ་ཚོས་ལོ་ཆུང་ཚོར་ཁ་བརྡ་བྱེད་དགོས། རང་གི་རིག་གནས་དང་། ཉམས་མྱོང་། མཐོང་ཐོས། ཐབས་ཤེས་སོགས་སྤྱད་ནས་ཕ་ས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་གོ་རྟོགས་ཡོད་དགོས། གོ་རྟོགས་ཡོད་པ་ཙམ་གྱིས་མི་ཆོག་པར་སྡེ་བའི་ནང་གི་མི་དང་ཉེ་རིང་དག་གིས་དང་ལེན་དང་དགའ་བསུ་ཡང་བྱེད་དགོས། ད་དུང་ཕྱོགས་གཅིག་ནས་འགོ་ཁྲིད་རིམ་པའམ་ཆབ་སྲིད་རིམ་པའི་འཇོན་ཐང་མི་སྣ་དང་། གཞན་ནས་སྡེ་བའི་ནང་གི་འཇོན་ཐང་མི་སྣའི་ཕྱོགས་ནས་ཤུགས་འདོན་དགོས། དེ་བས་འཇོན་ཐང་མི་སྣ་བསྐྱེད་སྲིང་བྱེད་པར་ཞིང་གྲོང་གིས་ངེས་པར་དུ་སློབ་གསོ་འཛིན་དགོས། སློབ་གསོ་མ་བཟུང་བར་གྲོང་གསེབ་དར་སྤེལ་གཏོང་བ་ནི་སྟོང་སེམས་ཁོ་ན་ཡིན། ཞིང་གྲོང་ཉམས་པའི་མཚོན་རྟགས་དང་པོ་ནི་སློབ་ཆུང་མེད་པ་དང། དེ་ནས་ལུགས་སྲོལ་ཉམས་པ་ཡིན་པས་ཡུལ་ཚོའི་འགོ་བ་དང་སྡེ་བའི་འགོ་ཁྲིད་སོགས་ཀྱིས་ངེས་པར་དུ་གཞི་རིམ་སློབ་གསོ་ལ་དོ་སྣང་བྱེད་དགོས། གལ་སྲིད་གཞི་རིམ་སློབ་གསོ་མེད་ན་འཇོན་ཐང་མི་སྣ་མེད་པ་དང་། འཇོན་ཐང་མི་སྣ་མེད་ན་ཐོན་ལས་དང་། ལུགས་སྲོལ་གསར་བ། དོ་དམ་སོགས་ལ་མི་མེད་པ་ཡིན།

ཐོན་ལས་དར་སྤེལ་ག་འདྲ་ཞིག་ལ་ངོས་འཛིན་དགོས།

   ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་ཁྲོད་ཀྱི་ཐོན་ལས་དར་སྤེལ་དེར་ང་ཚོས་གོ་བ་ག་འདྲ་ཞིག་ལེན་དགོས་ཟེར་ན། ཐོན་ལས་དར་སྤེལ་ནི་རོང་འབྲོག་གི་ལས་ཀ་དེང་རབས་ཅན་དུ་བསྒྱུར་བར་བྱེད་དགོས་པ་དེ་རེད། ཞིང་བར་མཚོན་ན་ཐོན་ལས་དར་སྤེལ་ནི་ཞིང་ས་མོའུ་འགའ་ཤས་ལ་བསམ་བློ་གཏོང་བ་དང་། མཁས་པ་རེ་འགས་ཞོར་ལས་བྱེད་པ་ལས་ཞིང་བཏབ་ནས་ཁེ་ཕོགས་འཚོལ་ཟེར་ཡང་། དོན་ངོ་མར་དེ་ནི་ལས་སླ་མོ་ཞིག་མིན་ཏེ། ཞིང་ལ་བརྟེན་ནས་ཁེ་ཕོགས་བཙལ་དཀའ་བ་ཡིན། ས་ཆ་ཁ་ཤས་སུ་ཞིང་རྨོ་འདེབས་མི་བྱེད་ན་ལེན་རྒྱུ་ཡིན་ཟེར་བ་སོགས་ནི་གཅིག་ནས་རྒྱལ་ཁབ་རིམ་པའི་འབྲུ་རིགས་བདེ་འཇགས་ལ་བསམ་བློ་གཏོང་བ་དང་། གཉིས་ནས་མང་ཚོགས་ལ་དངོས་ནས་ཁག་མི་འདུག་པ་རེད། ཞིང་བ་ཚོས་ཐོན་ལས་ལ་བསམ་བློ་གཏོང་དུས་ཞིང་ཁོ་ནར་བསམ་བློ་མི་གཏོང་བར། དེ་དང་འབྲེལ་ཡོད་ཀྱི་རང་ས་རང་ཡུལ་ནས་རིག་གནས་ཡུལ་སྐོར་གྱི་བྱ་བ་བསྒྲུབ་པ་ཡང་ཐོན་ལས་རེད། ཁོར་ཡུག་ལ་གནོད་པ་མེད་པའི་བཟོ་གྲྭ་ཁ་ཤས་ཀྱིས་སྡེ་བར་མཉམ་འབྲེལ་བྱས་ཏེ་གྲོང་གསེབ་དུ་ཐོན་ལས་སྤེལ་བར་བསམ་བློ་བཏང་ཆོག །གཞན་ནོར་ནག་གི་ཐོན་ལས་ཟེར་བ་ངེས་པར་དུ་ཤ་བཙོང་དགོས་ཟེར་བ་ཞིག་མིན་པར། ཐབས་ལམ་གཞན་དག་བརྒྱུད་ཆོག་པ་དཔེར་ན་ནོར་ལྷ་ལྟ་བུས་ནོར་གྱི་ཁུ་ལུ་སྤྱད་ནས་ཐོན་ལས་གཉེར་བ་ལྟ་བུ་རེད། ཐོན་ལས་དར་སྤེལ་ཁྲོད་མཉམ་འཇོག་བྱེད་ས་ནི་བསྐྱར་ཟློས་རང་བཞིན་དང་རྣམ་གྲངས་ཐད་ཡིན། ད་དུང་ཧམ་པ་ཆེན་པོ་བཅངས་མི་རུང་བ་དེ་རེད། ད་དུང་མཉམ་འཇོག་བྱེད་དགོས་པ་ནི་རྣམ་གྲངས་ཐད་ནས་རོང་འབྲོག་མང་ཚོགས་ཀྱི་སྒོར་མོ་རང་ཉིད་ཀྱི་ལས་ཀར་མ་རྩ་གཏོང་བའི་ཐབས་འཐེན་པ་དང་། ཐོན་རྫས་ཀྱི་ཕྱིའི་རྣམ་པ་མཛེས་པ་དང་། བལྟས་ཚོད་ཀྱིས་དེང་རབས་ཅན་གྱི་མིས་བཀོལ་ཆོག་པར་སྙམ་པའི་ཐོན་རྫས་ལས་རུང་། ཐོན་རྫས་མང་ཆེ་ཤོས་ས་གནས་ནས་ལས་སྣོན་བྱེད་ཀྱིན་མེད་པར་རྒྱ་ནང་ནས་ལས་སྣོན་བྱེད་པ་རེད། ལས་ཚར་རྗེས་ཕྱིར་འཁྱེར་ཡོང་ནས་འགྲེམ་ཚོང་བྱེད་པ་ལྟ་བུ་རེད། དེ་འདྲའི་རྣམ་པ་ནི་ལམ་ཁ་གསར་བ་ཞིག་ཡིན་ཡང་། མཐའ་གཅིག་ཏུ་ས་གནས་ལ་ཕན་པ་མེད། ས་གནས་ལ་ཕན་དགོས་ན་ངེས་པར་ཏུ་ཚད་གཞི་ཡོད་དེ། ཆེས་མ་མཐར་ཡང་ས་གནས་དེའི་མི་དམངས་མང་ཚོགས་ཀྱི་ལས་ཀའི་བཀོད་སྒྲིག་གི་ཚད་གཞི་འགྲུབ་དགོས། བྱ་བ་ལས་བགོས་མ་བྱས་པར་གྲངས་ཀ་རྐྱང་རྐྱང་གླེང་བ་ནི་དོགས་ཟོན་བྱེད་དགོས་པའི་གནད་དོན་ཞིག་རེད།

སྐྱེ་ཁམས་དར་སྤེལ་ཞེས་པ་བསྡུས་འགྲེལ་ཞིག་བྱས་ན།

    འདི་ནི་ཕལ་ཆེར་ལོ་འདི་གར་འགྱུར་བ་ཆེན་པོ་བྱུང་འདུག །ཀྲུང་དབྱང་ཡིག་ཆ་ཨང་དང་པོ་མིན་ཡང་། ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་སྐྱེ་ཁམས་ཞེས་པ་གཞི་རིམ་དུ་ཡང་སློབ་གསོར་ཅི་ལྟར་མཐོང་ཆེན་བྱེད་པ་ཅི་བཞིན་སྐྱེ་ཁམས་ལའང་དེ་ལྟར་མཐོང་ཆེན་བྱེད་བཞིན་ཡོད། སྡོང་འཛུགས་ནགས་བསྐྲུན་ཐད་ལ་ཤུགས་སྣོན་བྱེད་པ་མ་གཏོགས་གཏོར་བརླག་བྱས་མི་ཆོག །དེ་ནི་ད་ལོ་ནས་མགོ་འཛིན་དགོས་པ་ཙམ་མིན་པར་སྔ་མོ་ནས་རྨང་གཞི་ཡག་པོ་ཆགས་ཡོད་པ་རེད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་རིན་ཐང་དེ་འཛམ་གླིང་དུ་ཁས་ལེན་ཐོབ་པ་དེ་འདྲ་རེད། ན་ནིང་གི་བོད་དོན་བཞུགས་མོལ་གྲོས་ཚོགས་སུ་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིང་ཕེང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཐད་ནས་སྐད་ཆ་གསུམ་བཤད་ཡོད་དེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ནི་མི་དམངས་ལ་འགན་འཁྲི་ཡོད་དགོས་ལ། ལོ་རྒྱུས་ལ་འགན་འཁྲི་ཡོད་དགོས། འཛམ་གླིང་ལ་འགན་འཁྲི་ཡོད་དགོས་པའི་འདུ་ཤེས་ཆགས་དགོས་པར་བཤད། རི་ཆུ་ནགས་གསུམ་དང་མདོ་དབུས་མཐོ་སྒང་དུ་འཚོ་བའི་བོད་མིའི་བར་དུ་འབྲེལ་བ་ག་འདྲ་ཞིག་ཆགས་འདུག་ཟེར་ན། ཕལ་ཆེར་དད་མོས་ཀྱི་འབྲེལ་བ་ཆགས་ཡོད། དེ་ལས་ལྷག་པའི་ཁོར་སྲུང་གི་འདུ་ཤེས་ཞིག་མེད་པས་དེ་འབོར་དུ་འཇུག་མི་རུང་བ་དང་ཡལ་བར་འཇུག་མི་རུང་། དེ་མིན་ཁོར་ཡུག་སྲུང་སྐྱོབ་ཟེར་བ་གད་སྙིགས་འཐུ་བ་དང་ཕྱགས་པ་ཙམ་མ་རེད། རུས་པའི་གཏིང་ངམ་འཚོ་བའི་ཤུགས་སུ་རང་རྟོགས་ཀྱི་འདུ་ཤེས་ཤིག་ཡོད་པ་དེར་སྐྱེ་ཁམས་ཀྱི་རིག་གནས་ཟེར།

རྩ་འཛུགས་དར་སྤེལ་ཞེས་པ་འགྲེལ་བཤད་ཅིག་བྱས་ན།

   གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྲོད་ཀྱི་རྩ་འཛུགས་ཟེར་བ་ནི་རིམ་པ་ལྔའི་ཏང་ཨུ་དང་སྲིད་དབང་གི་འགོ་ཁྲིད་དག་གིས་འགན་འཛིན་བྱེད་དགོས། ལྷག་པར་ཏུ་ཏང་ཨུའི་རིམ་ལྔའི་ཧྲུའུ་ཅུས་འགན་འཛིན་བྱེད་དགོས་པ། རིམ་པ་ལྔ་ཟེར་བ་ཚང་མས་ཤེས་གསལ་ལྟར་དུ་ཞིང་ཆེན་ཏང་ཨུའུ་ཧྲུའུ་ཅུ། ཁུལ་ཨུའུ་ཧྲུའུ་ཅུ། རྫོང་ཨུའུ་ཧྲུའུ་ཅུ། ཤང་ཏང་ཨུའུ་ཧྲུའུ་ཅུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅུ་ལྔ་བོ་ཡིན། དཔེར་ན་འདིར་རྩ་འཛུགས་ཆུང་ཆུང་ཞིག་བཙུགས་ཏེ་རྫོང་རིམ་པར་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ཚོགས་པ་ཆུང་ཆུང་ཞིག་ཡོད་ཚེ། ཚོགས་པ་དེའི་ཚོགས་གཙོ་ནི་ཧྲུའུ་ཅུ་ཡིས་འཁུར་དགོས། རྩ་འཛུགས་ཀྱི་ཐོག་ནས་ཁག་ཐེག་ཧྲུའུ་ཅུ་ཡིས་འགན་དང་པོ་འཛིན་དགོས་པ་རེད། གཞན་ཞིང་གྲོང་གི་རྩ་འཛུགས་ཡིན་དེ་དེའི་ཁྲོད་ཡུལ་ཚོའི་རྩ་འཛུགས། ལྷག་པར་ཏུ་ན་ནིང་གཞེས་ནིང་ནས་སྡེ་དཔོན་དང་ཧྲུའུ་ཅུའི་འགན་ནི་མི་གཅིག་གིས་གཅིག་ལྕོགས་སུ་འཁུར་ནས་ཡོད་པའི་སྣང་ཚུལ་དེར་བཟང་ཆ་ཡོད་ཀྱང་། འོན་ཀྱང་དབང་གཅིག་ཏུ་སྡུད་པ་ལས་དོགས་ཟོན་བྱེད་དགོས་ས་ཡང་ཡོད། དེ་རྗེས་བཅོས་སྐྱོང་ནུས་ལྡན་ཟེར་བར་གོ་བ་ཅི་ལྟར་ལེན་དགོས་ཟེར་ན། སྤྱི་ཚོགས་བཅོས་སྐྱོང་འདི་ངེས་པར་དུ་མི་མང་པོའི་བསམ་འཆར་ལ་ཉན་དགོས་པ་རེད། ཀྲི་པུའུ་ཧྲུའུ་ཅུའམ་སྡེ་དཔོན་སུ་ཡིན་རུང་ངེས་པར་དུ་སྡེ་དམངས་ལ་གྲོས་བྱེད་པ་དེ་གལ་ཆེན་ཞིག་རེད། གཞན་ད་དུང་རྩ་འཛུགས་དར་སྤེལ་ལས་སྡེ་གྲོང་གི་ཀྲི་པུའུ་ཧྲུའུ་ཅུ་དང་འགོ་ཁྲིད་ཀྱི་འབྲེལ་བ་ནམ་ཡང་ཐག་ཉེ་བ་དང་། སྡེ་གྲོང་གི་གནས་ཚུལ་ལ་རྒྱུས་ལོན་དང་བདེ་སྡུག་ཤེས་མཁན་ནི་ཡུལ་ཚོའམ་ཤང་གྲོང་ཡིན་པས། གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྲོད་དུ་ཕྱོགས་ཡོངས་ཀྱི་དོ་དམ་འདུ་ཤེས་དེ་དགོས། སྤྱིར་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྲོད་དུ་སྒོར་དེ་འདྲ་མང་པོ་ཞིག་གི་མ་དངུལ་ཡོད་པས། རྒྱལ་ཁབ་ཀྱི་སྒོར་མོ་འཕྲོ་བརླག་མི་གཏོང་བར་སློབ་སྦྱོང་དང་། འཆད་འཁྲིད་ལ་ཉན་པ། དཔེ་ཀློག་བྱེད་པ། ལྟ་རྒྱ་ཐོས་རྒྱ་བསྐྱེད་དགོས། དེ་མིན་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྲོད་དུ་ཁེ་སྤོགས་ཐོབ་དགོས་ན་ངེས་པར་དུ་རོང་འབྲོག་མང་ཚོགས་ཟབ་ཞུགས་བྱེད་དགོས་ལ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་བདེ་སྡུག་དང་མང་ཚོགས་ལ་ཤ་ཚ་བ། མང་ཚོགས་ཀྱི་ཁེ་སྤོགས་གང་དུ་ཡོད་པ་དེ་ཐོག་མར་འཇོག་དགོས།

རིག་གནས་དར་སྤེལ་ཞེས་པ་འགྲེལ་བཤད་རེ་བྱས་ན།

   ཀྲུང་གོ་རྒྱལ་ཁབ་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྲོད་དུ་མི་རིགས་སྣ་མང་འདྲེས་པའི་རྒྱལ་ཁབ་ཅིག་རེད། ལོ་འདི་གར་ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་ཏུ་གྲུབ་པའི་འདུ་ཤེས་ཡོད་དགོས་ཞེས་བཤད་ཀྱིན་ཡོད། དེ་མཐར་གཏུགས་ན་མི་རིགས་མཐུན་སྒྲིལ་རེད། ཀྲུང་ཧྭ་མི་རིགས་ནི་མི་རིགས་ང་དྲུག་གིས་གྲུབ་པ་ཞིག་རེད། མ་འོངས་བར་འཛམ་གླིང་ནས་རྒྱལ་ཁབ་སྟོབས་ཤུགས་འགྲན་ཟླ་བྱེད་པར་རིག་གནས་འགྲན་ཟླར་བརྟེན་དགོས། རིག་གནས་ཀྱི་འགྲན་ཟླ་བྱེད་པར་ཀྲུང་གོར་ལེགས་ཆ་ཞིག་ཡོད་པ་ནི། མི་རིགས་ལྔ་བཅུ་ང་དྲུག་གི་རིག་གནས་ཡོད་པ་དེ་རྒྱན་ཆ་ཞིག་རེད། གཞན་ཀྲུང་གོའི་རིག་གནས་མང་ཆེ་བ་གྲོང་གསེབ་ནས་བྱུང་བ་རེད། འོན་ཀྱང་ཁ་སང་དེ་རིང་འགྱུར་བ་ཆེན་པོ་འབྱུང་གིན་ཡོད། རིག་གནས་ཞེས་པ་དྲ་ལམ་རིག་གནས་ལ་གོ་བ་ལེན་གྱིན་ཡོད། མང་པོ་ཞིག་གིས་དྲ་ལམ་གྱི་རྩོད་པ་དང་ཚོང་རྫས་ལ་དོ་ཁུར་བྱས་ནས་རིན་ཐང་ལྟ་བ་ཡང་འགྱུར་ནས་འགྲོ་བཞིན་ཡོད། ལྷག་པར་ཏུ་གཞི་རིམ་གྱི་རིག་གནས་དར་སྤེལ་བྱེད་ཚེ་གཅིག་ནས་དུས་རབས་གསར་བའི་མཐའ་གཉིས་སུ་ལྷུང་བ་དོགས་ཟོན་བྱེད་དགོས། གཉིས་པར་ལུགས་སྲོལ་ངན་པ། སྤྱིར་ན་ལུགས་སྲོལ་ལ་བཟང་ངན་མེད་རུང་། དཔེར་ན་ས་ཆ་རེ་འགའི་མནོལ་སྟོན་དང་། སྐྲ་ཕབ་པ་སོགས་ནི་སྤྱིར་ན་མིའི་རིགས་ཀྱི་རིན་ཐང་མངོན་པ་དང་། མི་རིགས་ཀྱི་རིག་གནས་མངོན་ཚུལ་ཞིག་རེད། མི་རིགས་ཞིག་ལ་དུས་ཆེན་ཅི་འདྲ་མང་ན་རིག་གནས་ཀྱི་བང་རིམ་དེ་ལྟར་མཐུག་པའི་རྟགས་ཡིན་ཡང་། ས་ཆ་ཁ་ཤས་ནས་ཆོས་ལུགས་དང་འབྲེལ་བའི་ཆོ་གའམ་འཇིག་རྟེན་པའི་སྟོན་མོ་གང་ཡིན་རུང་ཁོག་དཔུང་རྩོད་པ་དང་། སྤྱི་ཚོགས་སྟེང་ནས་ཡང་མོ་ཏྲ་རྫིག་པོ་ཡོད་མེད་སོགས་བུ་ངར་ཡིན་མིན་གྱི་དབྱེ་འབྱེད་བྱེད་པ་སོགས་རིན་ཐང་ལྟ་བ་འགྱུར་བཞིན་པ་འདི་ནི་ད་ལོའི་ཀྲུང་དབྱང་ཡིག་ཆ་ཨང་དང་པོའི་ནང་དུ་ལུགས་སྲོལ་ངན་པ་བསྒྱུར་བཅོས་བྱེད་པའི་སྐོར་ཡིན།

ཡིག་ཆ་དེ་དག་ལས་དམིགས་བསལ་དགའ་འོས་པ་ཅི་ཡོད་དམ།

   རྫོང་རིམ་པའི་གྲོང་གསེབ་དར་སྤེལ་འཐབ་ཇུས་ཕྱོགས་ནས་ཁ་གསབ་དང་རྒྱབ་སྐྱོར་བྱེད་པའི་མ་དངུལ་མང་པོ་ཐོན་ཡོད་ཅིང་། མ་དངུལ་འདི་ངེས་པར་ཏུ་རྩ་འཛུགས་ཀྱི་སྐད་ཆར་ཉན་ནས་སྒོར་མོ་བགོ་དགོས་ཡང་། ས་ཆ་ཁ་ཤས་སུ་བགོ་བསམ་ཡང་བགོ་དཀའ་བའི་གནས་སུ་གྱུར་ཡོད། དེ་ནི་སྒོར་མོ་ཡོད་ཀྱང་ཐབས་བཀོད་མེད་པའི་དུས་སྐབས་ཤིག་ཏུ་ཐོན་པའི་གནས་བབ་ཆགས་ཡོད་པས། འགོ་ཁྲིད་དག་གིས་ཐབས་འདི་འདྲ་ཡིན་པ་དང་སྐྱ་རིས་འདི་ལྟར་ལས་ཀ་བསྒྲུབ་ཟེར་རྒྱུ་དེ་ཡང་སླ་མོ་ཞིག་མིན་པར་མ་ཟད། ད་དུང་འགན་འཁུར་མང་ལ། སྲིད་དབང་གི་བྱ་བ་ཕྱོགས་མང་པོ་ནས་འཛིན་དགོས། ཡང་ས་ཆ་ཁ་ཤས་སུ་སྒོར་མོ་བགོས་ཡང་ཟོག་ལུག་གི་རྒྱུད་སྔོན་ཆད་ཡོད་པ་དེ་ཤོར་བ་ད་ལྟར་སླར་གསོ་བྱེད་པར་སྒོར་མོ་ཡོང་བ་ནི་སྲིད་ཇུས་དང་མཐུན་པའི་སྣང་ཚུལ་ཞིག་རེད། ཡང་ཁ་ཤས་ཀྱིས་འོ་མར་ཞིབ་འཇུག་སྒོས་ཚན་རིག་པ་དང་མཉམ་འབྲེལ་སྒོས་འོ་མའི་གཞི་རྒྱུ་གང་གིས་ཐོན་རྫས་འདི་བསྒྲུབ་ན་ལེགས་མིན་བཀར་ནས་ཐོན་ལས་གཉིས་པ་དང་། ཐོན་ལས་གསུམ་པའི་ཕྱོགས་ལ་བསམ་བློ་གཏོང་བ་འདི་ལྟ་བུར་ཐེངས་འདིའི་རྣམ་གྲངས་ཐད་ནས་ཕན་ཁེ་ཡོད། དེ་བས་བཀོད་སྒྲིག་དང་འཆར་གཞི་དགོས། དེ་གཉིས་མེད་པར་རྣམ་གྲངས་ལེན་པ་དང་སྒོར་མོའི་ཁ་སྣོན་རེ་ཞུ་བྱེད་པར་ཆོག་མཆན་ཐོབ་ཀྱིན་མེད།

མཉམ་ལས་ཁང་མ་དངུལ་སློང་བའི་ཁ་གཡར་ས་བྱས་ན་ཆོག་གམ།

   དེ་ཆོག་ནི་མ་རེད། འདིའི་ཕྱོགས་ནས་སྔོན་ཆད་ཡང་ཤུགས་རྐྱེན་ངན་པ་ཐེབས་ཡོད་དེ། ཀུན་གྱིས་སྲིད་གཞུང་གི་རྣམ་གྲངས་སྒོར་མོ་དེ་སློང་ཟས་ཤིག་ཏུ་བརྩིས་ཏེ། མ་དངུལ་ཞུ་སློང་བྱས་པ་ནི་ལས་རྒྱུ་འབྲས་ཀྱིས་མི་རུང་བ་ཞིག་ཀྱང་ཡིན། བསྡོམས་རྩིས་བྱས་ན་ད་སྔ་ཡོད་པའི་བོད་ཁམས་ཀྱི་མཉམ་ལས་ཚོང་སྡེ་ལས་ཕྱེད་ཙམ་སྟོང་བ་རེད་ཞེས་བཤད་ན་ཆོག །དེ་དག་ལ་རྒྱུན་མཐུད་རང་བཞིན་མེད་པ་རེད། ད་ནས་བཟུང་བྱ་བ་འདིའི་རིགས་ལ་དོ་དམ་ནན་མོ་བྱ་རྒྱུ་རེད། ད་ནས་སྲིད་གཞུང་གི་རྣམ་གྲངས་མ་དངུལ་རེ་ཞུ་བྱ་འདོད་ན། འཆར་གཞི་དང་བཀོད་སྒྲིག ཕྱོགས་ཡོངས་ཀྱི་འདུ་ཤེས་དགོས་ལ། ལྷག་པར་དུ་གསར་གཏོད་ཀྱི་འདུ་ཤེས་དགོས། མི་མང་པོ་ཞིག་གིས་དེང་རབས་ཅན་ཟེར་བ་དེར་རྙིང་བ་མི་མཁོ་བ་སོགས་གསར་རྙིང་གི་འགལ་ཟླ་ཞིག་གི་ཆ་ནས་ངོས་འཛིན་གྱིན་ཡོད་མོད། དེ་ནི་སྲོལ་རྒྱུན་ལ་ངོ་རྒོལ་བྱེད་པ་ཞིག་མ་ཡིན་པར། གསར་གཏོད་ཀྱི་འདུ་ཤེས་དང་དེང་རབས་ཀྱི་ཁྲོམ་རའི་བར་སྟོང་བེད་སྤྱོད་བྱེད་པའི་འདུ་ཤེས་ལ་གོ །དེ་བས་གསར་གཏོད་ནི་ཧ་ཅང་གལ་ཆེན་པོར་སྣང་།

རོང་འབྲོག་མང་ཚོགས་ལ་རེ་བ་དང་སྨོན་འདུན་རེ་བཤད་རོགས།

   གཅིག་ཡིན་ན་གཞི་རིམ་མང་ཚོགས་ཀྱིས་ཤེས་གསལ་ལྟར། རྒྱལ་ཁབ་ཀྱིས་རྒྱལ་ཁབ་རིམ་པའི་ས་ཞིང་གི་རྒྱབ་ལྗོངས་ཁག་ཐེག་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ཡོད་ལ་ས་ཞིང་ཤོར་དུ་འཇུག་འདོད་མེད། ཐབས་བརྒྱ་ཇུས་སྟོང་གིས་རང་གི་འབྲོག་ས་དང་ཞིང་ས་མི་ཤོར་བར་བྱེད་དགོས། གལ་སྲིད་ལག་ནས་ཤོར་ཚེ་འབྲོག་པ་མིན་ལ་ཞིང་བ་ཡང་མིན་པས། ལས་ཀ་གསར་བ་ཞིག་ལ་འཇུ་དགོས་པ་རེད། དེ་བས་རོང་འབྲོག་མང་ཚོགས་ཀྱིས་ཀྱང་རང་ལ་དབང་བའི་རྩྭ་སའམ་ས་ཞིང་འཕྲོ་བརླག་ཏུ་མི་གཏོང་བར་དམ་སྲུང་བྱ་རྒྱུ་ཧ་ཅང་གལ་ཆེན་པོར་འདུག །གཉིས་ནས་བྱ་བ་གང་ཡིན་རུང་ལུགས་སྲོལ་ཉམས་མི་རུང་། སྡེ་བ་ཞིག་ལ་མཚོན་ན་གླུ་ལེན་གར་རྩེད་བྱས་པ་དེ་ཡང་མཐུན་སྒྲིལ་གྱི་ཤུགས་ཆེན་པོ་ཞིག་ཡིན་པས་སོ་སོའི་འབྲེལ་བ་རྒྱུན་སྐྱོང་དགོས། གཞན་གཞི་རིམ་འགོ་ཁྲིད་དང་ལས་བྱེད་པའི་དཀའ་སྡུག་ལ་རྒྱུས་ལོན་དང་ཤེས་རྟོགས་ཐུབ་དགོས་ལ། ནམ་ཡང་རང་གི་ཁྱིམ་ཚང་སྒེར་གྱི་ཁེ་སྤོགས་ཙམ་ལ་དམིགས་ནས་སྡེ་བ་སྤྱིའི་ལས་དོན་ལ་བཀག་རྒྱ་བཟོ་བའི་བྱ་སྤྱོད་དེའི་རིགས་གྲོང་གསེབ་དར་སྤེལ་ལ་མི་ཕན་པས་དོ་སྣང་བྱ་དགོས། ཉེ་བའི་ལོ་འདི་འགའི་རིང་ལ་རྒྱལ་ཁབ་ཀྱིས་རིམས་ནད་སྔོན་འགོག་ཐད་ནུས་ཤུགས་ཆེན་པོ་འདོན་གྱིན་ཡོད། ཞིང་ཆེན་གཞན་དང་བསྡུར་ན་རང་ཞིང་ཆེན་གྱི་འཕྲོད་བསྟེན་གྱི་ཆ་རྐྱེན་ཧ་ཅང་ཞན་པས་དེ་བས་ཀྱང་དོ་སྣང་བྱ་དགོས། བདེ་ཐང་མེད་ན་དར་སྤེལ་ནི་ཚིག་སྟོང་ཙམ་དུ་སྣང་བས། རིམས་འགོག་གི་སྐབས་འདི་དང་བསྟུན་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་ཉིད་ཀྱི་འཕྲོད་བསྟེན་འདུ་ཤེས་མཐོར་འདེགས་གཏོང་རྒྱུར་དོ་སྣང་བྱ་དགོས། ད་ལྟའི་སློབ་གསོའི་ཆུ་ཚད་སྔོན་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཞིབ་འཇུག་སློབ་མ་དང་འབུམ་རམས་པའི་ཁ་གྲངས་ཀྱང་ཇེ་མང་དུ་སོང་ཡོད་མོད། འོན་ཀྱང་ཆེད་ལས་མི་སྣ་ཉུང་བས་སྔར་བཞིན་སློབ་གསོ་དམ་པོར་འཛིན་དགོས་ལ། ཕ་མས་བུ་ཕྲུག་ལ་ཐེབས་པའི་ཤུགས་རྐྱེན་ཧ་ཅང་ཆེ་བས་ཕ་མ་ཚོས་སློབ་གསོའི་ལྟ་སྟངས་དང་འདུ་ཤེས་བསྒྱུར་ནས་ཁྱིམ་ཚང་གི་སློབ་གསོར་དོ་སྣང་བྱ་དགོས་པར་མ་ཟད། གཞན་ཞིང་གྲོང་སློབ་གསོ་དང་སྡེ་བ་སོ་སོའི་ལུགས་སྲོལ་བཟང་བོ་སླར་གསོ་བྱས་ཏེ་ཕ་ཡུལ་ལ་དུང་བ་ཡོད་པའི་ཤེས་ལྡན་མི་སྣ་དང་སློབ་ཆེན་པ་བསྐྱེད་སྲིང་བྱེད་དགོས། ཀྲུང་དབྱང་གི་ཡིག་ཆའི་ཁྲོད་དུ་གྲོང་གསེབ་དར་སྤེལ་བྱེད་པར་མཐའ་གཅིག་ཏུ་སློབ་གསོ་ཁུལ་བསྡུ་བྱེད་རྒྱུ་དེ་མིན་པར། ངེས་པར་གྲོང་གསེབ་ཀྱི་ཆེ་ཆུང་དང་། བར་ཐག་ལ་བསམ་བློ་གཏོང་དགོས། དེ་བས་གྲོང་གསེབ་ཏུ་སློབ་ཆུང་བཞག་ནས་ཕ་ཡུལ་ལ་དུང་བ་ཅན་གྱི་མི་གསོ་སྐྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་སྣང་ངོ་།།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23572680
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།