སྐྱེད་ཚལ་ཡིད་དགའ་ཆོས་འཕེལ་གྱི་བསིལ་ཁང་གི་རྩིག་ལོགས་ལ་བྲིས་པའི་སྙན་ཚིག་མཐོང་བ་འཛུམ་ཤོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »སྐྱེད་ཚལ་ཡིད་དགའ་ཆོས་འཕེལ་གྱི་བསིལ་ཁང་གི་རྩིག་ལོགས་ལ་བྲིས་པའ
སྐྱེད་ཚལ་ཡིད་དགའ་ཆོས་འཕེལ་གྱི་བསིལ་ཁང་གི་རྩིག་ལོགས་ལ་བྲིས་པའི་སྙན་ཚིག་མཐོང་བ་འཛུམ་ཤོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-11-09ལྟ་ཀློག (3853)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། སྐྱེད་ཚལ་ཡིད་དགའ་ཆོས་འཕེལ་གྱི་བསིལ་ཁང་གི་རྩིག་ལོགས་ལ་བྲིས་པའི་སྙན་ཚིག་མཐོང་བ་འཛུམ་ཤོར།


མཛད་པ་བོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།

༡ དབྱར་དུས་ཀྱི་ལང་ཚོ་དང་སྦྱར་ཏེ་སྐྱེལ་ཚལ་ལ་བསྔགས་པ་བརྗོད་པ།

སྐྱེད་ཚལ1དགའ་མ་དབྱ༷ར་དུས་ཀྱི།།
ལང་ཚོ་རྒྱས་པའི་མཚར་སྡུག་གིས།།
བདག་ཡིད་བརྟན་པ་འཕྲོག་གྱུར་ཏེ།།
བསྔགས་པའི་ཅ་ཅོ་སྒྲོག་པར་གྱུར།།
དབྱར་གྱི་མཛའ་མོ་མྱུར་འོང་བའི།།
གཏམ་སྙན་སྔོན་དུ་སྒྲོག་པ་ཡི།།
ཁུ་བྱུག་ཕོ་ཉ་སླེབས་སོ་ཞེས།།
སྐྱེ་བོ་རྣམས་ཀྱང་དགའ་བར་བྱེད།།
དེ་ཚེ་ནོར་གྱི་དབྱིག་འཛིན་མས།།
བཞིན་རས་ཟིམ་ཆར་གྱིས་བཀྲུས་ཤིང་།།
སྔོ་ལྗང་ལོ་འདབ་གོས་གྱོན་ཏེ།།
མེ་ཏོག་གསར་བའི་དོ་ཤལ་འཆང་།།
འདི་ཡི་མཚར་སྡུག་ལང་ཚོ་ཡིས།།
ཡིད་འཕྲོག་ཆུ་འཛིན་གཞོན་ནུའི་ཚོགས།།
མཁའ་ལ་ངོ་མཚར་སྒྲོག་པ་ལ།།
མི་རྣམས་འབྲུག་གི་སྒྲ་ཞེས་གླེང་།།
གང་གི་བཞིན་མདངས་མིག་གི་དཔལ།།
ཚ་བའི་ངད་ཀྱིས་མ་རུངས་པར།།
འགྱུར་དུ་དོགས་ནས་སྔོ་བསང་མས།།
སྤྲིན་དཀར་བླ་བྲེ་ཕྱོགས་ཀུན་བྲེས།།
སྐྱེད་ཚལ་དགའ་མའི་བཞིན་རས་ནི།།
ཆགས་ལྡན་གཞན་ལ་སྒྲིབ་པའི་ཆེད།།
ལྗོན་ཤིང་ཡལ་གའི་ལག་པ་ཡིས།།
ལོ་འདབ་ཡོལ་བ་ཁོར་ཡུག་བཟུང་།།
ཨེ་མ་དབྱར་གྱི་དཔལ་མོའི་འཛུམ་དཀར་གྱིས།།
ཡོངས་སུ་བྲིད་པས་རིང་ནས་འགྲོགས་པ་ཡི།།
མྱ་ངན་ངལ་དུབ་སྡུག་བསྔལ་གྲོགས་པོ་དེ།།
དྲན་པའི་ལམ་དུ་རྒྱུ་བའི་སྐབས་དང་བྲལ།།

༢ འདོད་པའི་ཡོན་ཏན་ལྔ་དང་སྦྱར་ཏེ་སྐྱེད་ཚལ་ལ་བསྔགས་པ་བརྗོད་པ།

ཡིད་འོང་སྐྱེད་ཚལ་དོ་ར་རུ།།
དབྱིབས་ལེགས་མདངས་མཛེས་པདྨོའི་ཚོགས།།
ལྡེམ་ལྡེམ་གཡོ་བའི་ཟློས་གར་གྱིས།།
གཟུ༷གས་འཛི༷ན་ཡ་མཚན་ལྟད་མོས་ངོགས།།
བྱེའུ་ཀྱུར་ཀྱུར་སྐད་འབྱིན་ཅིང་།།
བུང་བ་དིར་དིར་གླུ་དབྱངས་ལེན།།
ཕུ་ཆུ་ལྷུང་ལྷུང་སྒྲ་སྒྲོག་པ།།
སྒྲ༷་འཛི༷ན་ཡུལ་དུ་སྙན་ཅིང་འཇེབས།།
མགྱོགས་འགྲོ་བསེར་བུའི་ཕོ་ཉ་ཡིས།།
མངའ་འབངས་མེ་ཏོག་སྣ་ཚོགས་ལས།།
བསུང་ཞིམ་དཔྱ་ཁྲལ་ཀུན་བསྡུས་ཏེ།།
དྲི༷་འཛི༷ན་རྒྱལ་བོར་2སྐྱེས་སུ་འབུལ།།
འབྲས་ལྡན་ལྗོན་པ་བཟང་བོའི་ཚོགས།།
ཡལ་ག་དུད་པའི་ལག་སྟབས་ཀྱིས།།
སྣ་ཚོགས་འབྲས་བུ་མངར་བོའི་ཟས།།
བསྟབས་པས་3རོ༷་འཛི༷ན་ཚིམ་པར་བྱེད།།
རི་སྐྱབས་ནོར་བུའི་ཕུག་ཡངས་སུ།།
སྔོ་འཇམ་རྩྭ་ཡི་སྟན་བཤམས་ཏེ།།
ཤིང་ལོའི་གཡབ་མོ་གཡོབ་པ་ནི།།
རེག༷་འཛི༷ན་མགྲོན་དུ་འབོད་པ་བཞིན།།
དེ་ལྟར་འཇིག་རྟེན་ཕུན་ཚོགས་ཀུན་གྱི་སྡོམ།།
འདོད་པའི་ཡོན་ཏན་ལྔ4ཡི་ལོངས་སྤྱོད་ཚོགས།།
སེམས་མེད་དངོས་པོས་ཀྱང་ནི་ཉེར་སྟོབ་པ།།
འདི་ཀོ་སྔོན་བསགས་བསོད་ནམས་ཟོང་གིས་ཉོས།།

༣ ཕར་ཕྱིན་དྲུག་དང་སྦྱར་ཏེ་སྐྱེད་ཚལ་ལ་བསྔགས་པ་བརྗོད་པ།

བུང་བའི་ཚོགས་ཀྱིས་རང་གི་བཅུད།།
གེ་སར་རྡུལ་བཅས་ཁྱེར་བ་ལ།།
དགའ་བའི་འཛུམ་སྟོན་པདྨོ་ཁྱོད།།
གཏོང་སེམས་གོམས་པའི་རྒྱལ་སྲས་བཞིན།།
ལྗོན་ཤིང་སེམས་མེད་ཅེས་གྲགས་ཀྱང་།།
སྐྱེ་བོ་ཚ་བས་ཉམ་ཐག་པར།།
ཕན་འདོགས་གྲིབ་བསིལ་སྦྱི༷ན་པ་འདིས།།
གཞན་ཕན་སེམས་དང་ལྡན་ནམ་སྙམ།།
ཉམ་ཆུང་སྲོག་ཆགས་དགོན་པ་འདིར།།
སྐྱབས་སུ་ཡོང་རྣམས་འཚེ་བ་དང་།།
བྲལ་ཏེ་བག་ཡངས་རྒྱུ་བ་ཡི།།
མི་འཇིགས་འདི་ཀོ་སུ་ཡིས་བྱིན།།
རང་གཞན་རྙོག་པ་དང་བྲལ་ཞིང་།།
མི་གཙང་དྲི་མ་འཁྲུད་པའི་ཆུ།།
འདི་ནི་ཉོན་མོངས་དྲི་འཁྲུད་པའི།།
མ་རྙོག་གཙང་མའི་ཁྲིམ༷ས་དང་མཚུངས།།
མཆོག་དམན་སུས་ཀྱང་བག་མེད་དུ།།
རྒྱུ་ཞིང་ལོངས་སུ་སྤྱོད་བྱེད་ཀྱང་།།
ཁྲོ་འཁྲུགས་ཡོང་ཡེ་མེད་པ་ཡི།།
ཚལ་ཁྱོད་བཟོ༷ད་པ༷འི་ཕ་རོལ་ཕྱིན།།
ཆུ་ལ་འགྲོ་འོང་བརྒྱ་ཕྲག་གིས།།
སྐྱེ་བོ་དུ་མ་ཉིན་བཞིན་དུ།།
སྐྱེལ་བསུ་བྱེད་ལ་མི་སྐྱོ་བ།།
གྲུ་ཁྱོད་བརྩོ༷ན་འགྲུས་ཅན་གྱི་མཆོག།།
གཡོ་མེད་བྲག་ལ་གནས་འཆའ་ཞིང་།།
ཡུལ་ཀུན་བསྒྲོད་པའི་ཐང་དཀར་ཁྱོད།།
གནས་ཆ་བརྟན་ཅིང་དགེ་བ་ཡི།།
དམིགས་པ་ཀུན་འཇུག་བས༷མ་གཏ༷ན་བཞིན།།
ཡིད་དགའ་བ་ལས་ཆོས་འཕེལ་ཞིང་།།
ཆོས་འཕེལ་བས་ཀྱང་ཡིད་དགའ་བ།།
སྐྱེད༷་ཚལ༷་ཡིད༷་དགའ༷་ཆོས་འཕེལ་འདི།།
རྟེན་འབྱུང་དོན་རྟོགས་ཤེས༷་རབ༷་བཞིན།།
དེ་ལྟར་རྒྱལ་བའི་སྲས་ཀྱི་སྤྱོད་པའི་སྡོམ།།
ཕ་རོལ་ཕྱིན་པ་དྲུག་ལ་སེམས་མེད་ཀྱི།།
དངོས་འདི་དག་ཀྱང་སྤྱོད་ན་ཐེག་ཆེན་5ལ།།
མོས་པའི་ཤེས་ལྡན་སུ་ཞིག་སློབ་མི་བྱེད།།

རྩོམ་ཡིག་མཁོ་སྤྲོད་པ་དང་ཡིག་གཏག་པ།  གསར་འགོད་པ།  ཐེབ་པད་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmfs བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531222
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།