གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་འཁྲུངས་སྐར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་འཁྲུངས་སྐར།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་འཁྲུངས་སྐར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-10-15ལྟ་ཀློག (8205)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།ལོ་རེའི་སྤྱི་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཉིན་མོ་ནི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་གི་འཁྲུངས་སྐར་ཡིན།

གསར་འགོད་པ་པད་དཀར་འབངས།

  དེ་རིང་སྔ་དྲོར་སློབ་གྲྭའི་འཁྲུངས་སྟོན་བྱ་འགུལ་ལ་དམིགས་ནས་དབྱངས་ཅན་མགྲིན་སྒྲ་ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་ཞིག་འཐུས་ཚང་གིས་སྤེལ། སློབ་གཙོ་བཀྲ་ཤིས་ཚེ་རིང་གིས་དེ་འབྲེལ་གཏམ་བཤད་དང་། དེ་མིན་བྱ་འགུལ་སྟེང་ཉིས་སྟོང་བཅུ་དྲུག་ལོར་ཁུལ་ཡོངས་ཀྱི་མཉམ་རྒྱུགས་ཁྲོད་དམའ་འབྲིང་རིམ་པའི་མི་སྒེར་གྱི་བྱ་དགའ་ཨང་དང་བོ་ཐོབ་མཁན་གྱི་སློབ་མ་དང་།  སློབ་ཆུང་རིམ་པའི་མི་སྒེར་གྱི་ཨང་དང་བོ་གཉིས་པ་གསུམ་པ་སོགས་ཀྱི་བྱ་དགའ་ཐོབ་མཁན་གྱི་སློབ་བུ་ཉི་ཤུ་སོགས་དང་། དེ་མིན་ད་དུང་ཉིས་སྟོང་བཅུ་དྲུག་ལོའི་འབྲིང་རྒྱུགས་ཁྲོད་ཁུལ་ཡོངས་ཀྱི་མི་སྒེར་བྱ་དགའ་ཨང་དང་བོ་ཐོབ་མཁན་དང་། གཞན་ཡང་ཉིས་སྟོང་བཅུ་དྲུག་ལོའི་རྨ་ཆེན་རྫོང་གི་མཉམ་རྒྱུགས་ཁྲོད་རང་སློབ་གྲྭ་ལ་རྫོང་ཡོངས་ཀྱི་ཨང་གཉིས་པའི་བྱ་དགའ་ཐོབ་པ་བཅས་ལ། རིམ་པ་བཞིན་དགེ་སློབ་དང་འཛིན་གྲྭ་སོ་སོར་བྱ་དགའ་བརྟས་ཆེ་བ་བསྩལ། མཇུག་ཏུ་གླུ་གར་གྱི་རྩེད་འཇོ་དང་བཅས་བྱ་འགུལ་ཡོངས་སུ་གྲོལ། ད་ལོའི་འཁྲུངས་སྐར་ནི་མགོ་ལོག་ཁུལ་གྱི་མཉམ་རྒྱུགས་དང་སྟབས་ཁེལ་བས་བྱ་འགུལ་ཅུང་སྟབས་བདེ་ཞིག་མ་གཏོགས་གཟབ་རྒྱས་སྤེལ་བའི་ཁོམ་ལོང་དེ་སུ་ཡི་ཁ་སྟབས་ཀྱིས་བརླགས་པར་ག་ལ་བཟོད་ཨང་། ང་ཚོ་དགེ་སློབ་ཚོ་འཁྲུངས་སྟོན་ལ་དེ་ཙམ་སྤྲོ་བོ་ཡོད་པ་ནི་གླུ་གར་ལ་དགའ་བ་དང་འུར་ཟིང་ལ་སྤྲོ་ཆེ་བ་ཙམ་གྱིས་ག་ལ་ཡིན། འཁྲུངས་སྟོན་ལ་དགའ་བ་ནི་འཁྲུངས་སྐར་དྲན་པས་ཡིན་ལ་དེ་ནི་དོན་དམ་པའི་བཤད་ན་སློབ་གླིང་འདི་འཁྲུངས་སུ་བཅུག་པའི་བྱེད་པོ་སྟེ་སློབ་དཔོན་འཇིགས་མེད་ཚང་དང་། ཁོང་གི་མཛད་རྗེས། ཁོང་གི་ཡང་དག་པའི་སློབ་གསོ། ལྷག་པར་ཁོང་གི་དཀའ་སྡུག་གི་རྔུལ་ཆུ་དྲན་ཆེ་བས་ཡིན། དེ་ནི་ང་ཚོས་ཅིས་ཀྱང་དྲན་འོས་ཏེ། བགྲང་བྱ་བཅུ་གཉིས་ཀྱི་ཡར་སྔོན་དུ་འཇིགས་མེད་རྒྱལ་མཚན་ཟེར་བ། རྒྱབ་ན་མྱི་མེད་ཅིང་། རུམ་ན་དངུལ་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་གིས་༧ཀུན་གཟིགས་སྣང་མཐའ་ཆེན་པོའི་གསེར་ཞལ་ལན་གྲངས་དུ་མར་མངོན་དུ་མཐོང་བའི་སྐབས་དག་ལ་གསུང་ཟུར་རུས་པ་ཅན་མང་བོ་རྣ་བར་ལྷུང་ཞིང་སྙིང་ལ་ཟུག་པའི་བྱེད་རྐྱེན་གྱིས། ཁོ་ལ་ཡོད་པའི་རིགས་རིས་ཀྱི་འདུ་ཤེས་གསོན་པོ་དང་། མི་རིགས་ཀྱི་ལ་རྒྱ་མཁྲེགས་པོ། ཞུམ་མེད་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་སྐྱ་ཆད་སྔོ་སྡུག་གི་ལོ་ཟླ་སྟེ་སྤྱི་ལོ་ཉིས་སྟོང་ལྔའི་ལོར་ཤེས་རིག་ནོར་གླིང་ཟེར་བའི་ཁྱིམ་གཞིས་བཟའ་ཉོག་ཅན་ཞིག་གི་ལྟོ་རྒྱབ་གསོ་བའི་ཞར་ལ་བུ་མོའི་སློབ་གྲྭ་འདི་གསར་དུ་བསྐྲུན་པ་རེད། དེ་ནི་བདེན་ཏེ། སློབ་དཔོན་ཁོང་གིས་གསུང་རྒྱུར། དྲང་མོར་བཤད་ན་ངས་སློབ་གྲྭ་འདི་ལྟ་བུ་ཞིག་གཉེར་རྒྱུའི་བསམ་བློ་འདིའང་མཐར་གཏུགས་ན་པཎ་ཆེན་རིན་པོ་ཆེ་མཆོག་གིས་གནང་བ་ཡིན། ཞེས་བཤད་པ་བཞིན་ནོ།། ཡང་སྙིང་སློབ་གླིང་འདི་ཉིད་འཛུགས་པའི་དམིགས་ཡུལ་དེ་གང་འདྲ་ཞིག་ཡིན་པ་དེ་དཔེ་སྟབས་བདེ་ཞིག་གིས་ནས་བཤད་ན། རླུང་གི་འཇིག་ཉེན་ཆེ་བའི་ལྗོན་ཤིང་ཞིག་ལ་ཆ་མཚོན་ན། དངོས་པོ་གཞན་གྱི་སྐྱོར་མ་འཇོག་རྒྱུ་ལས་ལྗོན་ཤིང་རང་སྟེང་གི་བརྟན་བརླིང་དང་སྲ་མཁྲེགས་ཀྱི་ནུས་པ་གསོ་རྒྱུ་དེ་ཐབས་གཙོ་བོ་ཡིན་པ་བཞིན། སློབ་གསོ་བ་ཁོང་གིས་ཀྱང་མི་རིགས་འདི་ལ་མཚོན་ན་གཞན་ཞིག་གི་རོགས་སྐྱོར་ལ་མིག་ཅེར་ནས་འདུག་པ་ལས་རང་སྟེང་ནས་རང་ཚུགས་ཡོད་པ་ཞིག་བྱེད་རྒྱུ་དེ་གལ་ཆེ་བར་མཐོང་ཞིང་། བྱ་བ་དེ་ཡང་གཙོ་བོ་ཨ་མ་ལ་རག་ལས་ཤིང་། ཨ་མ་དག་གི་བསམ་བློའི་རིན་ཐང་དང་སློབ་གསོའི་ཁ་ཕྱོགས་ལས་མི་རིགས་ཤིག་ལ་གཡམ་རྒྱུག་མེད་པའི་རང་ཚུགས་དེ་སྐྲུན་ཐུབ་པའི་གནས་ལུགས་རྟོགས་ཤིང་། བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་ཞེས་པའི་སྡོམ་ཚིག་འདི་ལས་ད་གཟོད་ཁོང་གི་དམིགས་ཡུལ་གྱི་ཟུར་ཞིག་དཔག་ཐུབ། དམ་པ་ཁོང་གིས་བཤད་རྒྱུར། ངའི་སློབ་གྲྭ་འདི་ལ་མཚོན་ན་ཕྱིའི་ཇ་ཁང་ཉལ་ཁང་སྤྲས་ཤོམ་ཅན་མེད་ཀྱང་ཆོག གཙོ་བོ་ནང་གི་སློབ་གསོ་འཐུས་ཚང་དང་སྤུས་དག་བྱེད་རྒྱུ་གལ་ཆེ་ཞེས་བཤད་པ་བཞིན། སློབ་མ་དག་གིས་དགེ་རྒན་བཀུར་སྟངས་སོགས་སྤྱོད་པའི་ཕྱོགས་ནས་གཞན་ལས་ཁྱད་ཐོན་པའི་ལུགས་སྲོལ་བཙུགས་ཤིང་། བསླབ་གཞིའང་གནའ་དེང་རིས་སུ་མ་ཆད་པར་བོད་ཡིག་ལ་ལྗོངས་ཞིང་ལྔའི་སྐད་ཡིག་སློབ་དེབ་དང་སུམ་རྟགས་སྙན་གསུམ་ཐར་ཆགས་སུ་སློབ་པ་དང་། ལྷག་པར་ཚད་མའི་འཆད་ཉན་གྱི་ཐད་ཁོང་གིས་བཤད་རྒྱུར། ཚད་མ་ནི་བོད་ཡིག་ཁོ་ནའི་ཕྱོགས་གཏོགས་མ་ཡིན་པར་བོད་རྒྱ་དབྱིན་གསུམ་གྲངས་རིག་སོགས་ཐམས་ཅད་ཀྱི་གྲོགས་ཡིན། དེ་བས་དགོན་སྡེ་མ་གཏོགས་གྲོང་བའི་ནང་མི་དགོས་ཟེར་ན་དེ་ནི་ནོར་འཁྲུལ་ཡིན་པ་ཐག་གིས་ཆོད། ཅེས་བཤད་པ་ལྟར་སློབ་རིམ་བཞི་བ་ནས་དམའ་འབྲིང་མཐར་ཕྱིན་བར་ཚད་མའི་སློབ་ཁྲིད་ཚུགས་ཤིང་། གཞན་ད་དུང་དབྱིན་ཡིག་རྒྱ་ཡིག་རྩིས་དངོས་རྫས་གསུམ་དང་བཅས་པའི་རིག་གཞུང་མང་བོའི་འཆད་ཉན་བྱེད་མུས་སུ་ཡོད་པ་འདི་ལགས་སོ།། གཞན་དུ་ཡང་སློབ་དཔོན་མཆོག་གིས་ནམ་རྒྱུན་གསུང་རྒྱུར། སློབ་གླིང་འདི་གཉིས་ཀྱི་ཁྱད་ཆོས་དང་དམིགས་ཡུལ་ནི་ཁོག་ན་བོད་པའི་རིག་གནས་ཀྱི་གཟུངས་གཞུག་ཡོད་པའི་བོད་མི་རྣམ་དག་ཅིག་སྐྱེད་སྲིང་བྱ་རྒྱུ་དེ་ཡིན། གསུང་པ་ལྟར་བོད་མི་མང་བོ་ཞིག་གིས་རང་ཉིད་བོར་དང་འབོར་བཞིན་པའི་དུས་སྐབས་འདིར་ཁོང་གི་སྐུ་དྲིན་ལས་རང་ཉིད་བོད་པ་ཞིག་ཡིན་པ་ངེས་ཟིན་མཁན་གྱི་ན་གཞོན་ཕོ་མོ་མང་དག་ཅིག་འབྱུང་བཞིན་ཡོད། རེད་དེ། དེ་རིང་ནི་སློབ་གླིང་འདི་ཉིད་གོག་ནུར་གྱིས་ལམ་ལ་ཆས་ནས་ལོ་ཁྱུད་བཅུ་གཉིས་འཁོར་བའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པས། ང་ཚོས་སློབ་གླིང་རང་གི་བྱེད་པོ་ཁྱེད་ཀྱི་ངོ་སོ་བསྟོད་ཅིང་བཀའ་དྲིན་ཞུ། ང་ཚོས་ཁྱེད་ཀྱི་སྙིང་སྟོབས་སྒོམ་བཞིན་བཀའ་དྲིན་ཞུ་དགོས་ལ། ང་ཚོས་ཁྱེད་ཀྱི་མཛད་རྗེས་གླེང་བཞིན་བཀའ་དྲིན་ཞུ། ང་ཚོས་ཁྱེད་ཀྱི་མཛད་པར་བདག་པོ་རྒྱག་བཞིན་བཀའ་དྲིན་ཞུ་དགོས་ལ། ང་ཚོས་ཁྱེད་ཀྱི་སློབ་གྲྭ་སྐྱོང་བཞིན་བཀའ་དྲིན་ཞུ། ང་ཚོས་ཁྱེད་ཀྱི་ལྟ་བ་སྐྱོང་བཞིན་བཀའ་དྲིན་ཞུ་དགོས་ལ། ང་ཚོས་ཁྱེད་ཀྱི་རང་ཚུགས་འཛིན་བཞིན་བཀའ་དྲིན་ཞུ། བཀའ་དྲིན་ཆེ་སློབ་དཔོན་ལགས། ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག །     ། །
༢༠༡༧   ༡༠   ༡༥  ཉིན།



ཚོགས་རའི་རྣམ་པ།


དཔྱད་འདེམས་པའི་དཔུང་སྡེ།


ཁུལ་དང་རྫོང་གི་མཉམ་རྒྱུགས་ཁྲོད་ཆེས་མཐོའི་བྱ་དགའ་ཐོབ་པའི་སློབ་བུ་དག


མཉམ་རྒྱུགས་ཁྲོད་ཁུལ་ཡོངས་ཀྱི་བྱ་དགའ་ཨང་དང་བོ་དང་། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་མཁན་གྱི་སློབ་མ་ཞེས་མཚོ།


ཁུལ་ཡོངས་ཀྱི་སློབ་ཆུང་གི་ཨང་དང་བོའི་བྱ་དགའ་ཐོབ་མཁན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c92f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505918
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།