ཐང་གི་སྡེ་སྣོད་འཛིན་པའི་སློབ་དཔོན་ཞོན་ཙང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »ཐང་གི་སྡེ་སྣོད་འཛིན་པའི་སློབ་དཔོན་ཞོན་ཙང་།
ཐང་གི་སྡེ་སྣོད་འཛིན་པའི་སློབ་དཔོན་ཞོན་ཙང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-10-07ལྟ་ཀློག (11348)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐང་གི་སྡེ་སྣོད་འཛིན་པའི་སློབ་དཔོན་ཞོན་ཙང་།

2017/06/29     22:38:57

 

འདས་པའི་ལོ་ངོ1300ཙམ་གྱི་ཡར་སྔོན་ལ། དགུང་ལོ28ཡིན་པའི་སྐྱེས་ཆེན་ཞིག་གིས་འགྱུར་བ་མེད་པའི་དམ་བཅའ་བརྟན་པོ་ཞིག་ཐུགས་ལ་བསྣམས་ནས་ཁེར་རྐྱང་ངང"ལྐོག་ཏུ་རྒྱལ་མཚམས་ལས་བརྒལ"ཏེ་ནུབ་ཕྱོགས་སུ་རྒྱང་བཞུད་གནང་། དེ་ཡང་མི་ལོ19ནང་། ཁོང་གིས་ཞབས་རྗེས་རྒྱལ་ཁབ110ལྷག་ལ་བཀོད་ཅིང་ཁོང་ཉིད་ལེ་དབར་ཁྲི5ལ་རྒྱང་བཞུད་བྱས་པ་དང་། ཡང་ཁོང་གིས་ནང་ཆོས་ཀྱི་གསུང་རབ་པོ་ཏི་མང་བོ་ཡིག་སྒྱུར་མཛད་པ་ནི། རྒྱལ་བའི་གསུང་རབ་ཁག47དང་བམ་པོ1335ལྷག་ལེགས་སྦྱར་ནས་རྒྱ་ནག་གི་ཡི་གེར་གཏན་ལ་ཕབ་པ་རེད། འདི་ལྟ་བུའི་སྐྱེས་ཆེན་འདི་ནི་འདས་པའི་སྔོན་གྱི་དུས་སུ་བྱུང་མ་མྱོང་ལ་མ་འོངས་པའང་འབྱུང་མི་སྲིད་པ་ཞིག་ཅི་ལ་མིན་ཨང་།

 

ལོ་ངོ་བརྒྱ་ཕྲག་འགའི་རྗེས་སུ། ལོ་རྒྱུས་ངོ་མ་དེ་རིམ་གྱིས་ངོ་མཚར་བའི་ལྷ་སྒྲུང་ཞིག་ལ་རྟོག་བཟོ་བྱས་པ་རེད།  ཧ་ལམ་ཀྲུང་གོ་བ་ཚང་མས་ཤེས་པ་ནི། རྫུ་འཕྲུལ་ལ་མངའ་བརྙེས་པའི་སྤྲེལ་མགོ་ཅན་གྱིས། ཧྭ་ཤང་གདོང་ནག ཕག་མགོ་ཅན་དང་རྟ་དཀར་བོ་བཅས་རྗེས་སུ་ཁྲིད་དེ་ཞི་དུལ་ཉམ་ཆུང་གི་སློབ་དཔོན་མཆོག་ལ་སྲུང་སྐྱོབ་བྱེད་བཞིན་ནུབ་ཕྱོགས་འཕགས་ཡུལ་དུ་དམ་ཆོས་ལེན་པར་བསྐྱོད་པའི་གཏམ་རྒྱུད་ཟློས་གར་རིང་བོ་དེ་ཡིན་ལ། གཏམ་རྒྱུད་དེས་སྤྲེལ་རྒྱལ་གྱི་སྣང་བརྙན་མི་རེ་རེའི་སེམས་སུ་འཇགས་པར་བྱས་ཡོད་མོད་ཀྱི། འོན་ཀྱང་ཐང་ཞོན་ཙང་གི་བྱུང་རབས་ངོ་མའི་ལོ་རྒྱུས་དེ་རྨང་ནས་གཞོམས་པར་བྱས།《ནུབ་ཕྱོགས་སུ་བསྐྱོད་པའི་སྒྲུང》《西游记》ནི་ལོ་ངོ་བརྒྱ་ཕྲག་འགའི་ལོ་རྒྱུས་ཀྱི་གཙང་བོའི་བཞུར་རྒྱུན་ཁྲོད་རྒན་གཞོན་བར་མའི་སྐྱེ་བོ་དག་གི་དགའ་བའི་དཔལ་དུ་གྱུར་ཡོད་ནའང་། ལྷ་སྒྲུང་དེས་མྱ་ངམ་གྱི་བྱེ་ཐང་ཆེན་མོར་ཁེར་བཞུད་གནང་བའི་གྲྭ་བཙུན་ཞིག་གི་རྒྱབ་གཟུགས་ལས་ལོ་རྒྱུས་ངོ་མའི་ནང་གི་ཞོན་ཙང་གི་མཛད་རྗེས་མཐའ་དག་མི་གསལ་བར་མག་མོག་པར་བྱས་པ་རེད།

 

གཅིག

 ཞོན་ཙང་ཆུང་དུས་ཀྱི་མིང་ལ་ཁྲིན་ཡེ(陈祎)ཟེར་བ་དང་རབ་ཏུ་བྱུང་རྗེས་མཚན་ལ་ཞོན་ཙང་ཞེས་གསོལ། ཁོང་ཉིད་དཔོན་རབས་གདུང་རྒྱུད་དུ་སྐུ་འཁྲུངས་ཤིང་ད་ལྟའི་ཧི་ནན་ལོ་ཡང(河南洛阳)གི་མི་ཡིན།  སྐུ་ན་ཕྲ་བའི་དུས་སུ། ཞོན་ཙང་གིས་ཡབ་ཀྱི་དྲུང་དུ<<སྲི་ཞུའི་བསྟན་བཅོས》《孝经》སོགས་རུའུ་ལུགས་ཀྱི་བསྟན་བཅོས་མང་བོར་སློབ་སྦྱོང་མཛད་དེ་ཆུང་དུས་ནས་རུའུ་ལུགས་ཀྱི་གཞུང་ལུགས་རྟོགས་ཤིང་སྲོལ་རྒྱུན་གྱི་ལྟ་བ་ཆགས་པ་རེད།

 

བྱིས་དུས་ཀྱི་ལོ་ཟླ་དེ་ནི་སེམས་ཁྲལ་ཡང་གང་མེད་པའི་ངང་མིག་འབྱེད་འཛུམ་ཙམ་གྱིས་འདས་པ་དང་། ཁོང་ཉིད་དགུང་ལོ་ལྔར་སོན་སྐབས་བརྩེ་བའི་ཡུམ་ཆེན་ལགས་མི་ཡུལ་དང་གཏན་བྲལ་བྱས་ཤིང་། རང་ལོ་བཅུ་ལ་སླེབས་དུས། དཔོན་གནས་ལས་དགོངས་ཞུ་གནང་ནས་ངལ་གསོ་གནང་བའི་ཡབ་ཆེན་ཡང་ཚེ་ལས་འདས་པས། སྐབས་ཤིག་གི་རིང་ཁྱིམ་ཚང་དེར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།  འདི་ལྟ་བུའི་ཁྱིམ་ཚང་གི་གནས་བབས་ཁྲོད། ཕུ་བོ་འབྲིང་བ་ནང་བའི་ཆོས་སྒོར་ཞུགས་པ་ན་དགུང་ལོ10ལ་སོན་པའི་ཞོན་ཙང་ཡང་ཕུ་བོའི་རྗེས་སུ་འབྲངས་ནས་བསྟན་པའི་སྒོར་ཞུགས་ཤིང་། དགོན་པའི་བཀའ་ཆོས་གང་ཡོད་ལ་ཟུར་ཞུགས་མཛད་པ་དང་། དུས་དེ་ནས་བཟུང་ཞོན་ཙང་གི་ལས་དབང་དེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་དམ་པོར་ཡུག་གཅིག་ཏུ་སྦྲེལ་བ་རེད།

གཅིག་བྱས་ན། བྱིས་དུས་ཀྱི་དོན་རྐྱེན་མང་བོ་ཞིག་གིས་ཁོ་རང་ལ་འཆི་བ་མི་རྟག་པའི་ངང་ཚུལ་ཤེས་པར་བྱས་པ་དང་། འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་གི་སྣང་ཚུལ་མ་ལུས་པ་ཆུང་ངུའི་དུས་ནས་རྟོགས་ཡོད། ཞོན་ཙང་མཆོག་རྩྭ་གདན་དུ་དཀྱིལ་མོ་ཀྲུང་དུ་སྒོམ་ལ་ཞུགས་ཤིང་ཁེར་རྐྱང་ངང་ལོ་ཟླ་བསྐྱལ་ནས། ལྷོད་ཀྱིས་བརྡུང་བའི་དགོན་པའི་ཅོང་བརྡ་སྙན་མོ་དེས་ཁོང་གི་ཐུགས་རྒྱུད་སད་པར་བྱས། སྐུ་ན་ཕྲ་བའི་དུས་ནས་རང་རྒྱུད་སྨིན་པའི་ཞོན་ཙང་གིས་ལའོ་དབྱང་གི་དགོན་པ་འདིའི་ལྷིང་འཇགས་ཀྱི་འཚོ་བ་དེ་རང་ཉིད་ཀྱི་གཤིས་ཀ་དང་ཤིན་ཏུ་འཚམ་པ་ཤེས་པ་དང་། ཁོང་གི་ཞི་ཞིང་དུལ་བའི་ངང་རྒྱུད་ནི་སྒོམ་སྒྲུབ་ཀྱི་ཉམས་ལེན་ལས་བྱུང་ཞིང་ཤེས་རབ་ཀྱི་རྟོགས་པ་ཟབ་མོ་དེའང་ཁོང་གི་ཐུགས་རྒྱུད་དུ་འཁྲུངས་ཡོད།

ཞོན་ཙང་དགུང་ལོ13ལ་སླེབས་པའི་ལོ་དེར། གོང་མ་སུའེ་ཡང་ཏིས(隋炀帝)དངོས་སུ་དགེ་འདུན་པའི་སྡེ་ལ་གདམ་གསེས་དག་ཐེར་དང་ཡིག་རྒྱུགས་ཧ་ཅང་ནན་མོ་སྤྲོད་དགོས་པའི་བཀའ་བཏང་།  ཞོན་ཙང་ནི་རབ་ཏུ་འབྱུང་བར་ལོ་ཚོད་ལོན་མེད་པའི་དབང་གིས་སྒོའི་ཕྱི་རོལ་ཏུ་མི་སྡོད་ཐབས་མེད་བྱུང་། ཡིན་ནའང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཞེས་པ་ལྟར་སྔོན་གྱི་ལས་དབང་ཞིག་གིས་རྒྱུགས་སྤྲོད་དཔོན་རིགས་ཀྲིན་ཧྲན་གོ(郑善果)ཡིས་ཁོ་མཐོང་ནས་ཁྱེད་རང་ཅིའི་ཕྱིར་རབ་ཏུ་བྱུང་འདོད་པ་ཡིན་ནམ་ཞེས་དྲིས་པ་རེད།  ཞོན་ཙང་གིས། ཚེ་འདིར་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་བསྟན་པ་རིན་པོ་ཆེ་དར་སྤེལ་དང་འགྲོ་རྣམས་བདེ་ལ་འགོད་པ། མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་ཡིན་ལགས་ཞེས་བཤད། བྱིས་པ་ལོ་ཆུང་འདི་ལ་དེ་འདྲའི་ཐུགས་དགོངས་ཟབ་མོ་རང་ཆས་སུ་མངའ་བ་ནི་སྔོན་གྱི་དགེ་བའི་མཐུ་བའི་ལས་བྱུང་བ་ཞིག་ཅི་ལ་མིན་ཨང་།  ཀྲིན་ཧྲན་གོ་ཡིས་བྱིས་པ་འདིའི"ཟབ་ཅིང་བརླིང་བའི་ཐུགས་དགོངས་དང་ཡིད་དུ་འོང་བའི་བྱད་གཟུགས"མཐོང་ནས་དམིགས་བསལ་གྱིས་ཁོ་རང་དགེ་འདུན་པའི་སྡེ་རུ་ཚུད་པར་བྱས། རྗེས་སུ་ཞོན་ཙང་མཆོག་ལའོ་དབྱང་གི་དག་ཞིང་དགོན(净土寺)དུ་གཙུག་ཕུད་ཕུལ་ཏེ་རབ་ཏུ་བྱུང་ཞིང་། དུས་དེ་ནས་བཟུང་ཁོང་གིས་འཇིག་རྟེན་ཟང་ཟིང་གི་བྱ་བ་ཡོད་ཚད་བློས་བཏང་བ་རེད།

གཉིས།

  ཞོན་ཙང་གིས་དགེ་བའི་བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་ཏེ་རྒྱལ་བའི་གསུང་རབ་ལ་ཐོས་བསམ་བྱས་ཤིང་། ལའོ་དབྱང་གི་དགོན་པ་འདིའི་སློབ་གཉེར་གྱི་ཁོར་ཡུག་ཁྲོད་རིམ་བཞིན་ནར་སོན།   ཁོང་གིས་གཞུང་ལུགས་ལ་ཐོས་བསམ་བྱེད་པར་ཟབ་གསལ་མྱུར་གསུམ་གྱི་ཤེས་རབ་དང་ལྡན་པར་མ་ཟད། ཐུན་མོང་མ་ཡིན་པའི་ལྟ་བ་མངའ་བས་བར་སྐབས་ཤིག་གི་རིང་ལའོ་དབྱང་དུ་སྐད་གྲགས་ཆོད་པར་གྱུར་བ་དང་དེ་ནི་ནང་བའི་སྡེ་རུ"རིགས་པའི་དབང་ཕྱུག"ཏུ་གྱུར་བ་རེད།

ལོ་ཟླ་ཡུན་གྱིས་འདས་པ་ན། དགོན་སྡེ་འདིའི་བསྟན་བཅོས་གསུང་རབ་ཁོ་ནས་ཞོན་ཙང་གིས་ཐུགས་ཡིད་སྐོང་མ་ཐུབ་པས། སློབ་གཉེར་གཤའ་མ་ཞིག་གི་ཆེད་ཁོང་གིས་མི་ལོ7རིང་གི་གཞན་ཡུལ་འགྲིམས་པའི་འགྲུལ་བཞུད་ཀྱི་འཚོ་བའི་འགོ་བརྩམས་པ་དང་། ཡུལ་ཕྱོགས་རིས་མེད་དུ་ཕེབས་ཏེ་བཤེས་གཉེན་སྐྱེས་ཆེན་མང་བོར་མཇལ་ཞིང་བཀའ་འདྲི་དང་དོགས་སློང་མང་དུ་མཛད་དེ་ནང་བསྟན་གྱི་གཞུང་ལ་དཔྱིས་ཕྱིན་པ་སྦྱོང་བའི་ཐུགས་རེ་ཟབ་མོ་བཅངས།

"ལེ་དབར་སྟོང་གི་ཅང་ཤེས"ཞེས་མཁས་པའི་མཚན་སྙན་གསོལ་བའི་ཞོན་ཙང་ལ། བདེ་གཤེགས་སྙིང་བོ་དང་སེམས་ཅན་ཡོད་དོ་ཅོག་འཚང་རྒྱ་བའི་ཐད་སོམ་ཉི་དང་དོགས་པ་མང་བོ་བྱུང་།

 སྐབས་དེར་ཐང་གི་ནང་བའི་སྔ་འགྱུར་གྱི་གསུང་རབ་མང་བོར་ལོ་ཙཱའི་འགྱུར་གྱི་ཐད་གསལ་ཁ་མེད་པ་དང་། འགྱུར་ལ་འཁྱོག་བཤད་མང་བོ་ཡོད་པ། ཚིག་གི་སྡེབ་སྦྱོར་མཁྲེགས་ཤིང་གོ་དཀའ་བའི་སྣང་ཚུལ་མང་བོ་ཡོད་པར། སྐྱེས་ཆེན་མཁས་དབང་སུ་གཅིག་གིས་ཀྱང་ཚད་ལྡན་གྱི་འགྲེལ་བཤད་གནང་མྱོང་མེད།

 ཞོན་ཙང་ལ་མཚོན་ན། མ་རིག་པའི་རྨོངས་པ་ལས་བྱུང་བའི་དོགས་གནས་དང་དཀའ་གནད་དེ་དག་ནི་ཁོང་གི་མི་ཚེ་འདིའི་སོམ་ཉིའི་འཆིང་ཐག་ཡིན་པས། ཁོང་གིས་ཚེ་མཇུག་ཏུ་ཚེ་སྲོག་གི་དོན་སྙིང་དང་རང་སེམས་ཀྱི་སངས་རྒྱས་དེ་འཚོལ་བར་འདོད།

 

  ཞོན་ཙང་གིས་དུས་རྟག་ཏུ་དྲན་ཤེས་བསྟེན་ཅིང་། རྒྱལ་བའི་གསུང་རབ་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས་ཆོས་ཀྱི་དབྱངས་རྟར་ཉན་གྱིན། ཉིན་ལྟར་སྟོང་བ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག

ཉིན་ཞིག ཞོན་ཙང་མཆོག་ཁྲང་ཨན(དེང་གི་ཞི་ཨན)དུ་རྒྱ་གར་ནས་འོངས་པའི་ནང་བའི་སློབ་དཔོན་ཞིག་དང་མཇལ་བ་དང་། ཁོང་དང་གསུང་གླེང་མཛད་པ་བརྒྱུད་དེ། ཁོ་རང་རྒྱ་གར་གྱི་ནང་བསྟན་རིག་པའི་བློ་གྲོས་དང་ནང་བསྟན་རིག་པའི་འབྱུང་ཁུངས་དེར་ཡིད་སྨོན་སྐྱེས་ཤིང་ཡིད་དབང་འཕྲོག་པར་གྱུར།

ཁོང་གིས་སེམས་སུ་ཡུན་རིང་ཉར་བའི་དོགས་གནས་དེ་དག་ལ་དམིགས་ཏེ། རྒྱ་གར་གྱི་ནང་བའི་སྐྱེས་ཆེན་དེས་གསུངས་དོན། འདི་ནས་ཆེན་པོ་ཐང་གི་ནུབ་ཕྱོགས་འཕགས་ཡུལ་ནཱ་ལེནྡྲ་རུ་མཚན་ལ་དུལ་བ་བཟང་བོ(戒贤法师)ཞུ་བའི་སློབ་དཔོན་ཞིག་བཞུགས་ཤིང་ཁོང་གིས་ཁྱེད་ཀྱི་དཀའ་གནས་དེ་དག་འགྲོལ་ཐུབ་གསུངས། དཔལ་ནཱ་ལེནྡྲ་ནི་སྐབས་དེར་འཛམ་གླིང་ནང་བསྟན་གྱི་གཙུག་རྒྱན་ལྟ་བུའི་མངོན་པར་འཕགས་པའི་གནས་མཆོག་ཅིག་ཡིན།

ཞོན་ཙང་གི་སེམས་སུ། རྒྱ་གར་གྱི་སྐྱེས་ཆེན་ཁོང་དེ་འདྲའི་ལམ་ཐག་རིང་བོར་མ་འཛེམ་པར་རྒྱང་ཐག་ལེ་དབར་ཁྲི་ཡིས་ཆོད་པའི་རང་ཅག་ཐང་ཆེན་མོར་ཕེབས་ཐུབ་ན། ང་ནི་ཅིའི་ཕྱིར་ཆོས་ཀྱི་སླད་དུ་ནུབ་ཕྱོགས་འཕགས་ཡུལ་དུ་མི་འགྲོའམ་ཞེས་ཐུགས་ལ་དགོངས།

ཁོང་གིས་མྱུར་དུ་ཐང་དབང་ཐེ་ཙུང་ལ་འཕྲིན་ཡིག་ཕུལ་ཏེ་ནུབ་ཕྱོགས་འཕགས་ཡུལ་དུ་བསྐྱོད་པའི་རེ་འདུན་ཞུས་མོད། འོན་ཀྱང་སྐབས་དེར་མཐའ་མཚམས་སུ་དམག་འཁྲུག་བསྟུད་མར་བྱུང་བའི་དབང་གིས། གཞུང་ཕྱོགས་ནས་རྒྱལ་མཚམས་ཀྱི་འགྲོ་འོང་ཐད་དོ་དམ་ནན་མོ་བྱེད་བཞིན་ཡོད་པས། ཕྱིར་སྐྱོད་རེ་ཞུའི་ཡི་གེ་ལ་ཆོག་མཆན་མ་བཀོད་པ་རེད། ཡིན་ནའང་ཞོན་ཙང་གི་ཐུགས་ལ་ཆོས་ཀྱི་སླད་དུ་འཕགས་ཡུལ་དུ་འགྲོ་བའི་འདུན་མ་ལྡོག་ཏུ་མེད་པ་ཞིག་འཁྲུངས་ཡོད་པས། ཁོང་གིས་ཉམས་ལེན་གྱི་ཞོར་དུ་རྒྱལ་མཚམས་ལས་བརྒལ་བའི་གོ་སྐབས་ལ་ངང་སྒུག་བྱས་ནས་བསྡད།

ལོ་ངོ་གཉིས་ཀྱི་རྗེས་སུ། རྒྱལ་ས་རུ་མུ་གེ་བྱུང་བའི་དབང་གིས་ཡུལ་མི་མང་བོ་ཞིག་ཁྲང་ཨན་མཁར་དང་གྱེས་དགོས་བྱུང་བ་དང་། ཞོན་ཙང་ཡང་ཡུལ་གྱར་བ་དེ་དག་གི་ཁྲོད་འཛུལ་ཏེ་བྲེལ་འཚུབ་ངང་མཁར་གྲོང་ལས་ཕྱིར་བུད་དེ་ནུབ་ཕྱོགས་སུ་བསྐྱོད་པ་རེད།  སྣང་ཚུལ་དེ་ནི《ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར》《西游记》གྱི་ཟློས་གར་འཁྲབ་གཞུང་ནང་ཞིབ་འབྲི་བྱས་པ་དང་རྦད་དེ་མི་འདྲ་བ་དང་། ཞོན་ཙང་དང་ཐང་དབང་ཐེ་ཙུང་གཉིས་ཀས་སྤུན་བསྒྲིགས་མེད་ལ། རྒྱལ་བོས་ཁོང་ལ་གཟབ་རྒྱས་ངང་སྐྱེལ་མའང་བྱས་མེད་དོ།། དེ་ཡང་ཁུར་བོ་ཞིག་དང་རྩྭ་ལྷམ་ཆ་གཅིག རྟ་རྒན་ཞིག་བཅས་ལས་ད་དུང་ཕྱིར་མི་ལྡོག་པའི་སེམས་བསྐྱེད་ཀྱི་དམ་བཅའ་ཞིག་ནི་ཁོང་གི་འགྲོ་རོགས་ཡིན།

གསུམ།

ཕྱིར་བསྐྱོད་དཔང་ཡིག་མེད་པས། ནུབ་ཕྱོགས་འཕགས་ཡུལ་འགྲིམས་པའི་ལམ་གྱི་འགོ་བརྩམས་མ་ཐག་ནས་ཞོན་ཙང་ལ"ཁྲིམས་འགལ་ལྐོག་བྲོས"ཀྱི་ཉེས་མིང་ཡོད་པ་དང་། གཞུང་ཕྱོགས་ནས་ཁོ་རང་འཛིན་བཟུང་བྱེད་དགོས་པའི་བཀའ་བཏང་ཚེ། འགྲུལ་བཞུད་རིང་མོ་འདི་ལ་དཀའ་སྡུག་ཅི་ཙམ་ཞིག་འཕྲད་འོང་བ་སྨོས་ག་ལ་དགོས།

དེ་ཡང་ནུབ་ཕྱོགས་སུ་བསྐྱོད་པའི་ལམ་བུ་ནི་བྱེ་མའི་སྒང་གཞོངས་རྐྱང་རྐྱང་ཡིན་པས། མིག་གིས་རྒྱང་རིང་བོ་མི་མཐོང་བ་དང་། མཁའ་རུ་འདབ་ཆགས་འཕུར་བ་མེད་ལ་ས་རུ་རི་དྭགས་རྒྱུ་བ་མེད་ཅིང་། རྩྭ་ཆུ་གང་ཡང་མེད་པའི་མྱ་ངམ་གྱི་ཐང་ཆེན་པོ་ཡིན།

འདི་ལྟ་བུའི་ཡ་ང་གདུག་རྩུབ་ཆེ་བའི་ཁོར་ཡུག་ཁྲོད། ཞོན་ཙང་ནི་ཆེས་ཉམ་ཆུང་ཞིང་། ཡང་ཁོང་གི་མིག་ལམ་དུ་སྨིག་རྒྱུའི་གྲོང་ཁྱེར་ཡང་དང་ཡང་དུ་མངོན་ཡོང་བས་ཁོང་གིས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་མཚན་དང་ཤེར་སྙིང་མང་དུ་གསུངས་ཏེ་འཇིགས་དངངས་དེ་དག་སེལ་ཐབས་བྱས།

ཤི་གསོན་བྱེ་མའི་ལ་ཁ་ལྟ་བུའི་མྱ་ངམ་གྱི་ཐང་ཆེན་འདི་རུ་ལེ་དབར་བརྒྱད་བརྒྱ་ལྷག་ཙམ་ལ་འགྲུལ་བཞུད་བྱས་མཐར་གཞི་ནས་ཁོ་རང་ལམ་ནོར་ཐེབས། སྐབས་དེར་ཞོན་ཙང་ལ་ཧ་ཅང་བྲེལ་འཚུབ་སྐྱེས་པ་དང་དེ་འདྲའི་གནས་སྟངས་འོག སྟབས་ཉེས་པ་ཞིག་ལ། ཁོ་རང་གི་བཏུང་བྱའི་ཆུ་རྐྱལ་དེའང་ལག་ནས་ཤོར་ཏེ་མགོ་རྟིང་སློག་ནས་གསེར་ལས་ཀྱང་དཀོན་པའི་ཆུ་ཡོད་ཚད་ས་རུ་ཕོས། འདི་ལྟ་བུའི་ཁོར་ཡུག་ཏུ་ཆུ་མེད་ན་ཚེ་སྲོག་གཞོམས་པ་དང་གཉིས་སུ་མ་མཆིས། སྐབས་དེར་གནམ་ས་གཉིས་ཀྱི་བར་མཚམས་སུ་ཁོང་དང་རྟ་རྒན་གཉིས་ལས་གང་ཡང་མེད་ལ། གནམ་ལ་བལྟས་ན་ཨ་སྔོན་སྟོང་བ་དང་ས་ལ་བལྟས་ན་དོག་མོ་སྐྱ་ཐིང་ངེར་ལུས་འདུག

ལམ་ནོར་ཐེབས་ཤིང་བཏུང་ཆུ་ཁམ་གང་ཡང་མེད་པའི་མྱ་ངམ་གྱི་ཐང་ཆེན་པོ་འདིར་ལུས་པའི་ཞོན་ཙང་ལ་མཚོན་ན་ཚེ་སྲོག་གི་རྒྱུན་མཐུད་ཐུབ་པའི་རེ་བ་ཕྲ་མོ་ཙམ་ཡང་མི་འདུག

  ཞོན་ཙང་གི་སེམས་སུ་ད་ནི་ཕྱིར་ལོག་སྟེ་བྲོ་ཟས་བཏུང་བ་རེ་གྲ་སྒྲིག་བྱེད་པ་ལས་ཐབས་གཞན་མི་འདུག་དགོངས་ནས་རྟ་ཁ་གཅུས་ཏེ་ཕྱིར་ལྡོག་པར་བརྩམས་ནས་ལེ་དབར་བཅུ་ཙམ་ལ་སོང་བའི་མཚམས་སུ། གློ་བུར་དུ་རྟ་ཁ་འཐེན་ནས་འགྲོ་མཚམས་བཞག

  ཁོང་གིས"ངས་རང་ཉིད་ནུབ་ཕྱོགས་འཕགས་ཡུལ་ལ་མ་སླེབས་པར་རང་ཡུལ་ཤར་ཕྱོགས་ལ་མི་ལྡོག་པའི་དམ་བཅའ་བཞག་ཅིང་སྨོན་ལམ་བཏབ་ཡོད། ད་ནི་ང་རང་དམ་བཅའ་དེ་ལས་འགལ་བ་མ་ཡིན་ནམ། ཤར་དུ་གོམ་གང་ལྡོག་སྟེ་གསོན་པ་ལས། ནུབ་ཏུ་གོམ་གང་སྤོས་ཏེ་ཤི་བ་དགའ"ཞེས་ཡང་བསྐྱར་དམ་བཅའ་ཕུལ།

  དེ་ཡང"མཐའ་མེད་པའི་སྡུག་བསྔལ་གྱི་མཚོ་འཇིངས་སུ། ཕྱིར་འཁོར་ནུས་ན་མཚོ་འགྲམ་ལ་སླེབས་ངེས་ཡིན"ཞེས་པ་ནང་བཞིན། གནས་གང་ཞིག་ནི་ཁོ་རང་སྡོད་ཆོག་པའི་མཚོ་འགྲམ་དེ་ཡིན་ནམ་ཞེ་ན། ནུབ་ཕྱོགས་འཕགས་ཡུལ་ནི་ཞོན་ཙང་གི་སེམས་གཏིང་གི་གནས་མཆོག་གཅིག་པུ་དེ་ཡིན།

  ཉི་མ་བཞི་དང་ཞག་པོ་ལྔ་ལ་ཆུ་ཐིགས་པ་ཙམ་ཡང་ཁོང་དུ་མ་སོང་བའི་རྗེས་སུ། ཞོན་ཙང་གི་སྐུ་གཟུགས་ཀྱིས་མ་ལྕོགས་པར་བྱེ་ཐང་དུ་འགྱེལ་ཏེ་དྲན་མེད་དུ་བརྒྱལ།

  ཉིན་ལྔ་བའི་མཚན་གུང་ལ་སླེབས་དུས། ནམ་མཁའ་གསལ་དྭངས་སུ་སོང་བ་དང་བསིལ་རླུང་འཇམ་པོ་ཞིག་ཁོང་གི་ཕྱོགས་སུ་ལྡང་ནས་ཁོང་དྲན་པ་བརྒྱལ་བ་ལས་སངས་པར་བྱས། ཞོན་ཙང་མཆོག་བཙན་གྱིས་ཡར་ལངས་ནས་ལམ་ལ་ཆས་པ་ན། རྟ་རྒན་ཕྱོགས་གཞན་ཞིག་ལ་ཁ་གཏད་དེ་ཕར་རྒྱུགས་པ་དང་ཁོང་ཡང་དེ་དང་བསྟུན་ནས་ཡུད་ཙམ་སོང་བའི་ཚེ། ངོ་མཚར་བ་ཞིག་ལ་མདུན་ཕྱོགས་སུ་དྭངས་ཤིང་བསིལ་བའི་རྫིང་བུ་ཞིག་མངོན་བྱུང་། སྐབས་འདིར་ཞོན་ཙང་མཆོག་རྫིང་བུ་འདི་དང་འཕྲད་པ་ནི་སངས་རྒྱས་ཀྱི་བྱིན་རླབས་བདུད་རྩི་བཞིན་ཇི་འདྲའི་སྲིད་ན་དཀོན་པ་ཞིག་རེད་ཨང་།

 གནས་འདི་གར། ཁོ་རང་ཤི་གསོན་གཉིས་ཀའི་འགག་མཚམས་ཀྱི་སྡུག་བསྔལ་དང་དངོས་སུ་འཕྲད་པ་དང་། འདི་ལྟ་བུའི་འཆི་བ་ལ་མངོན་དུ་ཕྱོགས་པའི་སྡུག་བསྔལ་དེ་ད་ལྟའང་ང་རང་ཚོའི་བསམ་པའི་ཡུལ་ལས་འགོངས་ཤིང་། ཉི་མ་བཞི་དང་ཞག་མ་ལྔ་ལ་ཆུའི་ཐིགས་པ་ཙམ་ཡང་ཁོང་དུ་མ་སོང་བའི་མི་ཞིག་གིས་དོན་ངོ་མར་མཐའ་མེད་ཅིང་དམྱལ་བ་ལྟ་བུའི་མྱ་ངམ་གྱི་ཐང་ཆེན་པོ་དེ་ཇི་ལྟར་བརྒལ་བ་ཡིན་ནམ།

 

 མྱ་ངམ་གྱི་ཐང་ཆེན་པོ་དེ་བརྒལ་རྗེས། ཞོན་ཙང་མཆོག་ནུབ་རྒྱུད་ཀྱི་རྒྱལ་ཁབ་ཆེན་པོ་ཀོ་ཁྲང(高昌དེང་གི་ཞིན་ཅང་ཐོའུ་ལོའུ་ཧྥན་མངའ་ཁུལ)ལ་ཕེབས།

རྒྱལ་ཁབ་འདིའི་རྒྱལ་བོ་དེ་ཉིད་ནང་བའི་བསྟན་པ་ལ་ཤིན་ཏུ་དད་ཅིང་ཁོང་གིས་ཐང་ཆེན་མོའི་སློབ་དཔོན་ཞོན་ཙང་གནས་འདི་བརྒྱུད་པ་ཐོས་ཏེ་ཕེབས་བསུར་བྱོན་ནས་ཕོ་བྲང་དུ་གདན་དྲངས་པ་དང་། རྒྱལ་བོ་བློན་འཁོར་དང་བཅས་པས་སློབ་དཔོན་མཆོག་གི་མདུན་དྲུང་དུ་ཉིན་མཚན་ཀུན་དུ་དམ་པའི་ཆོས་ཀྱི་དཔལ་ལ་རོལ།

ཀོ་ཁྲང་རྒྱལ་བོས་ཞོན་ཙང་མཆོག་ཁོང་གི་རྒྱལ་ཁབ་ཏུ་བཞུགས་ཏེ་འགྲོ་རྣམས་ཆོས་ལ་འགོད་པ་དང་། ཐ་ན་སློབ་དཔོན་ཞོན་ཙང་རྒྱལ་ཁབ་དེར་གཏན་བཞུགས་གནང་ཆེད་རང་གི་སྲས་མོའང་ཁོང་ལ་ཕུལ་འདོད་ཀྱི་རེ་བ་ཟབ་མོ་བཅངས།

ཡིན་ནའང་ཞོན་ཙང་གིས་སྔ་མོ་ནས་འཁོར་བའི་རང་མཚང་མཐའ་དག་རྗེན་པར་གཟིགས་ཡོད་པས་དོན་དེ་དང་ལེན་ག་ལ་བྱེད། རྒྱལ་བོས་བཙན་དབང་གིས་ཨུ་ཚུགས་མཐའ་སྐྱེལ་བྱས་ནའང་། མཐར་ཞོན་ཙང་གི་ལྡོག་ཏུ་མེད་པའི་དམ་བཅའ་བརྟན་པོ་དེས་རྒྱལ་བོ་ལའང་སེམས་འགུལ་ཚད་མེད་ཐེབས་ནས་ཁོང་དཔོན་སློབ་རྣམ་གཉིས་ཀྱིས་སངས་རྒྱས་ཀྱི་སྐུ་བརྙན་དྲུང་དུ་སྤུན་བསྒྲིགས་པ་དང་། རྒྱལ་བོས་སྟོབས་ཤུགས་ཡོད་ཚད་སྒོ་ནས་གཡོག་འཁོར་མང་བོར་ཞོན་ཙང་འཕགས་ཡུལ་ལ་སྐྱེལ་མ་བྱེད་དུ་བཅུག

ཞོན་ཙང་ནི་དར་གོས་ཚོང་ལམ་བརྒྱུད་དེ་མུ་མཐུད་དུ་ནུབ་ཕྱོགས་སུ་བསྐྱོད་པ་དང་། རྒྱང་བཞུད་ཀྱི་ལམ་དུ་དཀའ་སྡུག་ཅི་ཙམ་འཕྲད་ཀྱང་། ཁོང་གིས་ནམ་ཡང་དེ་དག་ཡོད་ཚད་མཆོག་གསུམ་གྱིས་རང་གི་འགྱུར་བ་མེད་པའི་དད་པ་དང་དམ་བཅའ་ལ་ཉམས་ཚོད་ལེན་པར་བལྟས་པ་རེད།

སློབ་དཔོན་ཁོང་ནི་ཟང་ཟིང་གི་འཇིག་རྟེན་འདིར་དམ་པའི་ཆོས་ལ་ཐོས་བསམ་རྡོ་རུས་ཐུག་པ་གནང་ཞིང་། ཏིང་ངེ་འཛིན་ལ་ཡང་ཡང་རྩེ་གཅིག་ཏུ་མཉམ་པར་འཇོག་པའི་སྟོང་ཉིད་རྟོགས་པའི་སྐྱེས་བུ་དམ་པ་ཡིན།

བཞི། 

ལོ་ཟླ་མང་བོ་ཞིག་གི་རིང་། སློབ་དཔོན་ཞོན་ཙང་མཆོག་ལམ་བར་དུ་དཀའ་སྡུག་ཚད་མེད་བརྒྱུད་དེ་དབྱར་དུས་ཤིག་ལ་གཞི་ནས་ཁོང་གི་སེམས་ཀྱི་ཞིང་ཁམས་ཉག་གཅིག་སྟེ།——དཔལ་ནཱ་ལེནྡྲ་རུ་འབྱོར་བ་དང་དགུང་ལོ་བརྒྱ་ལ་སླེབས་པའི་སློབ་དཔོན་དུལ་བ་བཟང་བོ(མཚན་གཞན་ལ་དུལ་བ་ལྷའང་ཞུ)དང་མཇལ་ནས་དེ་ཉིད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། དེའི་མདུན་དྲུང་དུ་དམ་པའི་ཆོས་ཀྱི་བདུད་རྩི་ལ་མངོན་པར་རོལ།

        དཔལ་ནཱ་ལེནྡྲ་དགོན་པའི་རྗེས་ཤུལ།  

  དགོན་སྡེ་འདི་རུ་པཎ་གྲུབ་སྐྱེས་ཆེན་མང་བོ་སྤྲིན་ལྟར་འདུ་ཞིང་། ནང་བསྟན་མཁའ་དབུགས་ཀྱི་རྔམ་ཁ་ཤིན་ཏུ་མཐུག་པའི་ཁོར་ཡུག་འདིས་རྣམ་དཔྱོད་ཕུལ་དུ་བྱུང་བའི་དགེ་འདུན་པ་ཧ་ཅང་མང་བོ་ཞིག་གསོ་སྐྱོང་གནང་ཡོད་ལ། ཤར་ཕྱོགས་ཆེན་པོ་ཐང་ནས་ཕེབས་པའི་ཞོན་ཙང་ལ་སྣེ་ལེན་གཟབ་རྒྱས་གནང་བ་དང་སློབ་དཔོན་དུལ་བ་བཟང་བོ་མཆོག་གིས་ཞོན་ཙང་ལ་ཆེད་དུ་ཆོས་ཁྲིད་མཛད་ཅིང་། ཞོན་ཙང་གིས་ཀྱང་ནང་བསྟན་རིག་གནས་ཀྱི་བསྟི་གནས་དམ་པ་འདི་རུ་སེམས་རྣལ་དུ་ཕབ་ནས་ལོ་ངོ་ལྔའི་རིང་གསུང་རབ་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས་པས། རྒྱ་གར་བ་རྣམས་ཀྱིས་ཁོང་གི་མཚན་ལ"སློབ་དཔོན་སྡེ་སྣོད་འཛིན་པ"ཞེས་གསོལ་བ་རེད།    རྒྱ་གར་གྱི་དགེ་སློང་དག་གིས་ཀྱང་འགྲེལ་དཀའ་བའི་གསུང་རབ་ཀྱི་དཀའ་གནད་དག་ཞོན་ཙང་གིས་རེ་རེ་བཞིན་དོགས་སེལ་དང་འགྲེལ་བ་གནང་བས་ཁོང་གི་མཚན་སྙན་རྒྱ་གར་གྱི་ཡུལ་ཕྱོགས་ཀུན་དུ་ཁྱབ་པ་བྱུང་།

  སློབ་དཔོན་ཞོན་ཙང་མཆོག་རྒྱ་གར་བྱང་ཕྱོགས་ཀྱི་མི་དབང་ཚུལ་ཁྲིམས་ཉི་མ(戒日王)དང་ཐུག་འཕྲད་གནང་རྗེས། རྒྱལ་བོ་མཆོག་ནས་རྒྱ་གར་རྒྱལ་ཡོངས་སུ་ཆོས་ལུགས་རིག་གཞུང་གི་རྩོད་གླེང་ཚོགས་འདུ་ཆེན་པོ་ཞིག་བསྡུ་སྐོང་བྱས་པ་དང་། མཐའ་འཁོར་རྒྱལ་ཕྲན་ཁག18ཀྱི་རྒྱལ་བོ་དང་ནང་བའི་མཁས་དབང3000། ཕྱི་རོལ་བ2000ལྷག་མཉམ་ཞུགས་གནང་སྟེ་ཞོན་ཙང་གི་འཆད་ཁྲིད་ལ་ཉན་རྗེས། ཞོན་ཙང་གི་ལྟ་བ་ལ་གཞིགས་ནས་ཁོང་དང་རིགས་པའི་ལམ་ནས་རྩོད་གླེང་བྱས་ཆོག་པ་གནང་།

ཞོན་ཙང་གིས་ཐུགས་དཀྱེལ་ཡངས་པའི་སྒོ་ནས་རང་གི་ལྟ་བ་གླེང་སློང་མཛད་པ་དང་ལོ་རྒྱུས་ཡིག་ཆར་གཞིགས་ན་རིགས་པའི་རྩོད་གླེང་ཚོགས་ཆེན་དེ་ཉིན18ཀྱི་རིང་འཚོགས་པ་རེད། ཡིན་ནའང་སློབ་དཔོན་གྱི་རྩོད་ཟླའི་ཕྱོགས་སྔར་ལངས་ཕོད་མཁན་མི་གཅིག་ཀྱང་མ་བྱུང་བ་དང་། དོན་དང་མཚུངས་པའི་ཁོང་གི་མཚན་སྙན་སྔར་ལས་ཀྱང་ཆེས་ཆེར་རྒྱས་པར་གྱུར།

  ཡིན་ནའང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྐབས་ཀྱི་དམ་པ་ཁོང་གི་སེམས་ཀྱི་དམ་བཅའ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་དང་འགྲོ་རྣམས་ཆོས་ལ་འགོད་པ་དེ་ནམ་ཡང་སེམས་སུ་ཉར་བསྡད་ཡོད། ལོ་ངོ་བཅུ་ཕྲག་ལྷག་གི་དུས་ཡུན་ནི་རྨི་ལམ་ཐེངས་ཤིག་དང་འདྲ་ལ། ཞོན་ཙང་གི་འདུན་མའི་དམ་བཅའ་ལ་སྔར་བཞིན་འགྱུར་བ་གང་ཡང་མེད།

ལྔ།  

   སྤྱི་ལོ643ལོར། དགུང་ལོ44ཡིན་པའི་ཞོན་ཙང་གིས་ལེགས་སྦྱར་སྐད་ཀྱི་གསུང་རབ་གླེགས་བམ་པོ་ཏི657དང་སངས་རྒྱས་ཀྱི་རིང་བསྲེལ་རྡོག་མ150། སངས་རྒྱས་ཀྱི་སྐུ་བརྙན་རྩ་ཆེན7བཅས་བཏེགས་ནས་རང་གི་ཕ་ཡུལ་ཐང་ཆེན་མོར་ཕྱིར་ལོག

  ཁོང་ཉིད་སླར་ཡང་མཐའ་མི་མངོན་པའི་སྔོན་གྱི་ལམ་དེར་ཞུགས་ནས་མི་ལོ17ཙམ་དང་ཞལ་གྱེས་པའི་ཕ་ཡུལ་ལ་ཕྱིར་ཕྱག་ཕེབས་གནང་ཞིང་། སྐབས་དེར་རང་གི་སེམས་ཀྱི་འདུན་མ་དེའང་ལེགས་པར་གྲུབ་ཟིན།

  ལོ་གཉིས་ཀྱི་རྗེས་སུ། ཞོན་ཙང་མཆོག་ཁྲང་ཨན་དུ་འབྱོར་བ་དང་ཕེབས་བསུར་བཅར་བའི་འབངས་མི་མང་དྲགས་པས་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་རྡོག་རྫི་ཐེབས་ཉེན་བྱུང་ཞིང་། མི་དབང་ཐང་ཐེ་ཙུང(唐太宗)གིས་ཀྱང་ལམ་སང་སློབ་དཔོན་ཁོང་དང་མཇལ་འཕྲད་གནང་། 《སློབ་དཔོན་སྡེ་སྣོད་འཛིན་པའི་རྣམ་ཐར》《三藏法师转》ལས་བྱུང་བར་གཞིགས་ན། སློབ་དཔོན་ཞོན་ཙང་མཆོག་ནི་སྐུ་གཟུགས་རིང་ཞིང་བརྗིད་ལ་ཞལ་རས་དུང་ཟླའི་དཔལ་ལ་འགྲན་པ་ཞིག་ཡིན།

  མི་ལོ19རིང་ལ་ནུབ་ཕྱོགས་འཕགས་ཡུལ་དུ་དཀའ་སྡུག་བགྲང་ལས་འདས་པའི་ངང་བསྐྱོད་པ་དེས། ཞོན་ཙང་ལ་གཞན་དྲིང་མི་འཇོག་ཅིང་ཁྱད་དུ་འཕགས་པའི་ཉམས་རྟོགས་དང་བློ་སྦྱོང་ཡོད་པར་མ་ཟད། འཇིག་རྟེན་ལུགས་ཀྱི་མི་དང་འབྲེལ་འདྲིས་བྱེད་ལུགས་ལའང་མཁས་པས། མི་དབང་ཐེ་ཙུང་གི་དྲུང་དུ་ཁོང་ནི་གཤིས་རྒྱུད་ཞི་ཞིང་དུལ་ལ་སྤྱོད་ལམ་ཉམས་རྟོགས་ཀྱིས་རབ་ཏུ་ཕྱུག་པའི་དགེ་བའི་བཤེས་གཉེན་ཞིག་གོ།།

  ལོ་དེར་ཞོན་ཙང"རྒྱལ་མཚམས་ལས་ལྐོག་ཏུ་བརྒལ་བའི"དོན་དེ་ནི་སྔ་མོ་ནས་འདས་ཚར་བ་དང་། ཐང་ཐེ་ཙུང་གིས་ཀྱང་འདས་པའི་དོན་དེར་རྩད་གཅོད་ག་ལ་བྱེད། འོན་ཀྱང་རྒྱལ་བོས་ཞོན་ཙང་སྐྱ་སར་བབས་ཏེ་མཐོ་རིམ་དཔོན་རིགས་ཀྱི་ལས་གནས་ཁུར་ནས། ཁོང་ལ་རྒྱལ་སྲིད་སྐྱོང་རོགས་བྱེད་དགོས་པའི་རེ་འདུན་ནན་མོ་བཏོན། 

 ཡིན་ནའང་ཞོན་ཙང་མཆོག་སྔ་ས་ནས་འཁོར་བའི་གནས་ལ་ངེས་འབྱུང་སྐྱེས་ཡོད་པ་དང་ཁོང་གིས་དཀའ་སྡུག་འབའ་ཞིག་གི་ངང་ནས་སྒྲུབ་པའི་གཏན་གྱི་འདུན་མའང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཁོ་ནས་ཆེད་ཡིན་པས་དོན་དེ་ཁས་ལེན་ག་ལ་བྱེད། དེ་ཡང་མ་འོངས་པའི་ཁོང་གི་ཐུགས་ཀྱི་འདུན་མ་ཉག་གཅིག་ནི་གསུང་རབ་མང་བོ་ལེགས་སྦྱར་ནས་རྒྱ་ནག་གི་ཡི་གེར་བསྒྱུར་ཏེ་འགྲོ་རྣམས་བདེ་ལ་འགོད་པ་དེའོ།།

 མཐར་རྒྱལ་བོ་ཐང་ཐེ་ཙུང་གི་རྒྱབ་སྐྱོར་འོག་ཏུ། སློབ་དཔོན་ཞོན་ཙང་མཆོག་གིས་ཁྲང་ཨན་དུ་ལོ་ཙཱ་གླིང(རྒྱལ་བཙུགས་ལོ་ཙཱ་གླིང)གསར་འཛུགས་གནང་སྟེ། གསུང་རབ་གླེགས་བམ་མང་བོ་ཡིག་སྒྱུར་དང་སེར་སྐྱ་རིས་སུ་མ་ཆད་པར་ཆོས་ཀྱི་ཁྲིད་གནང་།

  ནམ་རྒྱུན་མུན་པའི་ཡོལ་བས་རིམ་གྱིས་ས་འཛིན་གཡོགས་ཤིང་དངུལ་དཀར་གྱི་ཟླ་གཞོན་མཁའ་དབྱིངས་སུ་དལ་བུར་འཕགས་པའི་མཚན་མོ་རེ་རེར། ཞོན་ཙང་གིས་དུས་ཚོད་ཀྱི་བར་གསེང་ནས་ཁོང་ཉིད་ནུབ་ཕྱོགས་སུ་བསྐྱོད་པའི་མཐོང་ཐོས་དག་སློབ་བུ་ཚོར་ངག་ཐོག་ནས་གསུངས་པ་དང་། ཁོང་གི་སློབ་བུ་པེན་ཅེ(辩机)ནས་གསུང་ཚིག་རེ་རེ་བཞིན་ཡིག་གེར་བཀོད་པ་དེ་ནི་ཕྱིས་སུ་མིང་དུ་གྲགས་པའི《ཆེན་པོ་ཐང་གི་ནུབ་བསྐྱོད་ཟིན་ཐོ》《大唐西域记》ཞེས་པ་དེ་ཡིན།

  དེབ་ཐེར་འདིའི་ནང་རྒྱལ་ཁབ་མི་འདྲ་བ་བརྒྱ་ལྷག་གི་རི་ཆུ་རིག་གནས་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། ཆབ་སྲིད་དམག་དོན། ས་ཁམས་གནམ་གཤིས་སོགས་ཆེས་ཞིབ་ཅིང་ཕྲ་བའི་ངང་བྲིས་ཡོད་པ་དང་དེའི་རིགས་ཀྱི་དེབ་ཐེར་ཆེས་སྔ་ཤོས་དེ་ཡིན་པར་མ་ཟད། མཆོག་ཏུ་གྱུར་བའི་ནང་བསྟན་རིག་གནས་ཀྱི་ལོ་རྒྱུས་དེབ་ཐེར་གལ་ཆེན་ཞིག་ཀྱང་ཡིན་ནོ།།

སློབ་དཔོན་ཞོན་ཙང་གིས་མི་ལོ19རིང་ལ་གསུང་རབ་བམ་པོ1335ཙམ་ལེགས་སྦྱར་ནས་རྒྱ་ནག་གི་ཡི་གེར་བསྒྱུར་བ་དང་། དེ་དག་ཨེ་ཤེ་ཡ་དབུས་མ་དང་ཡོ་ནན། ཉི་ཧོང་། ཁོ་རེ་ཡ་སོགས་གཙོས་གནམ་འོག་གི་ཡུལ་གྲུ་ཀུན་དུ་ཁྱབ་ཡོད།   དེ་ཡང་མི་ལ་ལས། སློབ་དཔོན་ཞོན་ཙང་ནི་ཁུང་ཙི་ལས་གཞན་པའི་སྐྱེས་མཆོག་དམ་པ་ཞིག་ཡིན་ཞེས་བཤད་ཀྱིན་ཡོད།   

  སྤྱི་ལོ་664ལོའི་ཟླ2པར། ཅོང་སྒྲ་སྙན་མོ་ཞིག་གིས་མཚན་གུང་གི་ལྷང་འཇགས་དཀྲོགས་ཏེ་སློབ་དཔོན་ཞོན་ཙང་མཆོག་ཞི་བའི་ངང་དགོངས་པ་ཆོས་དབྱིངས་སུ་ཐིམ།  མི་དབང་ཀའོ་ཙུང(唐高宗)སེམས་སྡུག་གིས་རབ་ཏུ་མནན་ནས་ཉིན་གསུམ་གྱི་རིང་གཞུང་ཕྱོགས་ཀྱི་བྱ་བ་ཡོད་ཚད་མཚམས་འཇོག་པར་བྱས་ཤིང་། སློབ་དཔོན་གང་ལ"ཀུན་མཁྱེན་ཆེན་པོ"ཞེས་པའི་མཚན་བྱང་བསྩལད། ཡང་གང་གི་གདུང་མཆོད་མཛད་སྒོའི་ཉིན་མོར་ཡུལ་མི་ཁྲི་ཕྲག་ཁ་ཤས་འོངས་ནས་དམ་པ་ཁོང་ལ་སྐྱེལ་མ་བྱས།

  དམ་པ་གང་གི་མི་ཚེ་འདིའི་ཆེས་མཛེས་སྡུག་གི་ལང་ཚོའི་ལོ་ཟླ་དེ་རྒྱང་བསྐྱོད་ཀྱི་འགྲུལ་བཞུད་རིང་མོ་འདི་ལ་བསྟིམས་ཤིང་། ཕྱིར་ལོག་ཕེབས་བྱུང་དུས་དཀའ་སྡུག་གི་རི་མོ་ཐོད་ལ་བརྐོས་ཡོད། ཁོང་གིས་རྒྱལ་བའི་གསུང་རབ་པོ་ཏི་མང་བོ་ཕྱག་ཏུ་བསྣམས་ནས་སངས་རྒྱས་ཀྱི་སྐུ་མདུན་དུ་པུས་མོ་སར་བཙུགས་ཏེ། "ངའི་མི་ཚེ་འདིའི་དམིགས་འདུན་གྱི་དམ་བཅའ་དེ་འགྲུབ་སོང"ཞེས་ཞུས་པ་རེད།  སྐྱེས་ཆེན་ཁོང་གིས་ཐོག་མའི་དམ་བཅའ་དེ་ནམ་ཡང་ཐུགས་ནས་འདོར་བ་མེད་ཅིང་། ད་ནི་ཞི་བར་གཤེགས་ཏེ་མཐར་ཐུག་གཏན་བདེའི་རྒྱལ་ས་ཟིན་པར་གྱུརད་ཏོ།། །།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཐང་གི་སྡེ་སྣོད་འཛིན་པའི་སློབ་དཔོན་ཞོན་ཙང་།   སྤེལ་མཁན།: འཇིགས་མེད། སྤེལ་དུས:2017/10/1
དངོས་གནས་ཡག་བྱུང་། ཡིན་ཡང་རྭ་རྒྱ་སློབ་གྲྭས་བསམ་བཙུགས་ནས་ཡིག་ནོར་བྲིས་པ་ནི་ཡ་ང་བ་ཞིག་རེད། དཔེར་ན།ནང་པ་ལ་ནང་བ་ལྟ་བུས་མཚོན་མང་པོ་ཡོད་དོ།།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23557445
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།