རྭ་རྒྱ་དགོན་པའི་བླ་གྲྭ་ལྔ་བཅུ།
མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་ནི། རབ་བྱུང་བཅུ་གསུམ་པའི་ས་མོ་གླང་གི་ལོ་སྟེ་སྤྱི་ལོ
༡༧༦༩ ལོར་སྐྱབས་མགོན་ཨ་རིག་དགེ་བཤེས་ཆེན་མོས་ཕྱག་བཏབ་ཅིང་། ཤིང་བཟའ་སྐུ་ཕྲེང་རིམ་བྱོན་གྱིས་བདག་སྐྱོང་གནང་སྟེ་འཆད་ཉན་དབྱར་མཚོ་ལྟར་རྒྱས་པས་བོད་ཡུལ་མདོ་དབུས་ཀུན་ལ་མཚན་སྙན་གྱི་དར་དཀར་རིང་མོ་ཡུག་གཅིག་གིས་ཁྱབ་པ་བྱུང་། སྤྱི་ལོ༡༩༥༨ལོའི་ཡར་སྔོན་དུ་དགོན་འདིར་བླ་གྲྭ་ཉིས་སྟོང་ལྷག་བཞུགས་མོད། རིག་གསར་གྱི་རྡུལ་རླུང་དྲག་པོའི་ཁྲོད་ལྷ་ཁང་དང་འདུ་ཁང་ཐམས་ཅད་གཏོར་བརླག་བཏང་བ་མ་ཟད་བླ་གྲྭ་ཐམས་ཅད་བཙོན་འཇུག་དང་།
གཅར་རྡུང་། སྐྱ་སར་ཕབ་པ། ངལ་རྩོལ་སྒྱུར་བཀོལ་སོགས་ཀྱིས་བློར་མི་ཤོང་བའི་ཉམས་ཆག་བྱུང་། ཡང་དར་བསྟན་པའི་ཆོས་སྒོ་སླར་ཡང་འབྱེད་སྐབས་སྔར་ཡོད་བླ་གྲྭ་ཉིས་སྟོང་ལྷག་ལས་བླ་གྲྭ་ལྔ་བཅུ་ལྷག་མ་གཏོགས་འཛོམས་རྒྱུ་མ་བྱུང་།
འོན་ཀྱང་ཁོང་རྣམ་པས་དགོན་པ་བསྐྱར་བཞེངས་དང་། འཆད་ཉན་དར་སྤེལ། སྒྲིག་ལམ་སླར་གསོ་སོགས་ཀྱི་ཐད་བྱས་རྗེས་བླ་ན་མེད་པ་བསྐྲུན།
ད་སྐབས་རྭ་རྒྱ་དགོན་པའི་འཆད་ཉན་དང་སྒྲིག་ལམ་སྔར་ལྟར་རྒྱུན་སྐྱོང་བྱེད་ཀྱིན་པ་འདི་ནི་ཁོང་རྣམ་པའི་བཀའ་དྲིན་དང་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་བྱུང་བ་རེད།
འོན་ཀྱང་ཆོས་སྒོ་གསར་དུ་ཕྱེས་ཏེ་མི་ལོ་བཞི་བཅུ་ལྷག་འགོར་བའི་དེ་རིང་གི་དུས་འདིར་ཁོང་རྣམ་པས་གདུལ་བྱ་རྟག་འཛིན་ཅན་ལ་མི་རྟག་པའི་རང་མཚང་གསལ་བོར་སྟོན་ཕྱིར་སྐུ་ཡི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དེ།
ད་ལྟ་ཞལ་དངོས་སུ་བཞུགས་པ་རེ་གཉིས་ཙམ་ལས་ལྷག་མེད་། དེའི་ཕྱིར་ཁོང་རྣམ་པའི་བཀའ་དྲིན་དང་ཕྱག་རྗེས་ནམ་ཡང་མི་བརྗེད་པར་སེམས་སུ་གཟུང་ཕྱིར་སློབ་དཔོན་བསོད་ནམས་དར་རྒྱས་ཀྱིས་འདྲ་པར་འཚོལ་སྡུད་བྱས་པ་རྭ་རྒྱ་བཟོད་པ་བཟང་བོས་གསལ་བཤད་ཀྱི་ཡི་གེ་དང་ལྷན་ཏུ་བཀོད་པ་འདི་ཡིས་གཞན་ལ་ཕན་པའི་རྒྱུར་གྱུར་ཅིག
འདྲ་པར་ལག་སོན་མ་བྱུང་བ་དག་ནི། དགེ་བསྐུལ་བློ་བཟང་གྲགས་པ། དགེ་བསྐུལ་འཇམ་དབྱངས་བཀྲ་ཤིས། དགེ་སློང་བསྟན་པ་དར་རྒྱས། དགེ་སློང་ཤེས་རབ་རྒྱ་མཚོ། དགེ་སློང་བསྟན་པ་རྒྱལ་མཚན། དཀོན་མཆོག་དར་རྒྱས། དགེ་སློང་ཤེས་རབ་རྒྱ་མཚོ། སྨན་ཤུལ་ཆོས་གྲགས། བྱམས་པ་བཟང་བོ། དགེ་སློང་འཇམ་དབྱངས། དགེ་སློང་བཟང་བོ། དགེ་སློང་བློ་བཟང་འོད་ཟེར། དགེ་སློང་ངག་དབང་བཟང་བོ།
གསལ་བཤད།
འདིར་བཀོད་པའི་པར་དང་མཚན་གྱི་ནང་མ་ཐོན་པ་ཡོད་ཚེ་བདག་ལ་གསལ་བཤད་དང་།
ཁོང་རྣམ་པའི་ལོ་རྒྱུས་ཉིང་བསྡུས་རེ་བདག་ལ་མཁོ་སྤྲོད་གནང་རྒྱུ་རེ་བ་ཞུ། མ་འོངས་པར་ང་ཚོས་ཁོང་རྣམ་པའི་ལོ་རྒྱུས་ཡིག་ངོར་བཀོད་དེ་ནམ་ཡང་ཉམས་པ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་གིས་ཁོང་རྣམ་པར་རྗེས་དྲན་བྱ་ཆོག
ཞེས་རྭ་རྒྱ་བཟོད་པ་བཟང་བོས། ༢༠༡༧.༩.༢༨ཉིན།
|