དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།
དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-09-25ལྟ་ཀློག (17917)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་ཀྱི་མི་ཚེའི་ལོ་རྒྱུས་ཉུང་བསྡུས་དང་སྒྱུ་རྩལ་བརྩམས་ཆོས་འོས་སྦྱོར། 

གསར་འགོད་པ། གླིང་བུའི་སྙེ་མ། 

      འཇིམ་བཟོ་པ་དགེ་རུ་པདྨ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་ཁ་མདའ་གྲོང་རྡལ་རུ་ཁག་དང་པོའི་དགེ་རུ་འོད་གསལ་ཚང་དུ་སྐྱུ་རུའི་བཟའ་ཨ་ཞེའི་བུ་རུ་1966 ལོར་སྐྱེས། དགུང་ལོ་བཅུ་བདུན་དུ་སོན་པ་ན་གོ་ཆེ་དགོན་པའི་ཚོགས་གྲལ་དུ་ཞུགས། གྲུབ་ཆེན་ཀརྨ་ནོར་བུའི་མདུན་ནས་རབ་ཏུ་བྱུང་། ཁོང་གི་དྲུང་ནས་དབང་ལུང་མན་ངག་གི་གདམས་པ་མང་པོ་ཐོབ། དགེ་རྒན་བསོད་ནམས་ཉི་མའི་མདུན་ནས་རི་མོ་ཆེས་ཐོག་མར་སྦྱངས། རྗེས་སུ་དགེ་རྒན་བཀའ་དྲིན་ཅན་ཚུལ་ལྡན་ལ་བསྟེན་ནས་འཇིམ་བཟོའི་ལག་ཤེས་དཔྱིས་ཕྱིན་པར་གྱུར་ཅིང་། བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་དང་། འདམ་དཀར་དུལ་མོ་ཆོས་རྗེ། གནས་མདོ་ཁ་བ་སྤྲུལ་སྐུ། དགོན་ཞབས་སངས་རྒྱས་བསྟན་འཛིན་རྣམས་དང་། ལྷག་པར་གོ་ཆེ་དགོན་པའི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་དུ་མར་བསྟེན། ད་ལྟ་ཁོང་གིས་ནང་ཆེན་ཀརྨ་བི་ཤྭ་བརྐོས་རིས་སྒྱུ་རྩལ་སྤྱི་གཉེར་ཁང་གི་སློབ་ཕྲུག་དག་ལ་ལག་ཤེས་ཁྲིད་སྟོན་གྱི་འགན་བཞེས་ཞོར་ལྷ་སྐུ་སྣ་ཚོགས་གསར་བཞེང་ལ་བརྩོན་བཞིན་བཞུགས།

   འཇིམ་བཟོ་པ་རྒྱལ་པོ་འཇམ་དབྱངས་ནི་མཚོ་སྔོན་ཞིང་ཆེན་ནང་ཆེན་རྫོང་ཁ་མདའ་རུ་ཁག་དང་པོའི་རྒྱལ་པོ་པདྨ་བློ་གྲོས་ཚང་དུ་དགེ་རུ་བཟའ་ཤེས་རབ་སྒྲོལ་མའི་བུ་རུ་ 1977  ལོར་སྐྱེས། ཆུང་དུས་ནས་འཇིམ་བཟོའི་ལག་རྩལ་ལ་ཧ་ཅང་དགའ། ན་ཚོད་དར་ལ་བབ་པ་དང་བསྟུན་དགེ་རྒན་ཀརྨ་དཔལ་བཟང་ལ་ལོ་དུ་མར་བསྟེན་ཏེ་འཇིམ་བཟོ་བསླབས། རྗེས་སོར་དགེ་རྒན་པདྨ་ཚེ་རིང་དང་མཉམ་དུ་དབུས་གཙང་ལྷ་ས་སོགས་ལ་ལོ་དུ་མར་བསྡད་ནས་འབྲི་རྭ་དགོན། བྱིའུ་དགོན་སོགས་ལ་ལྷ་སྐུ་མང་པོ་བཞེངས་པས་ཁོང་གི་འབད་བརྩོན་དང་དགེ་རྒན་གྱི་མཛུབ་སྟོན་སོགས་ཀྱི་དྲིན་གྱིས་ལྷ་བཟོའི་ལག་རྩལ་མཐར་ཕྱིན་པར་གྱུར། ནང་ཆེན་གོ་ཆེ་དགོན། སྨྱུག་མགུལ་དཀྲིས་དགེ་དགོན། ཆོས་སྒར་དགོན། བླ་ཆེན་དགོན། དཔལ་མེ་དགོན་སོགས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་དང་། གཞན་ཟི་ཁྲོན་ཁྲིང་ཏུའི་བོད་ཀྱི་བཟོ་གྲྭ་ཆེ་ཁག་འགའ་ལ་ལྷ་སྐུ་འདྲ་མིན་མང་པོ་བཞེངས་ཤིང་། མདོ་ཁམས་སྨད་ནས་ཀཿཐོག་དགོན། རབ་བསྐྱལ་དགོན་བཅས་སུ་སྟོན་པ། གུ་རུ། རྡོར་སེམས། བླ་སྐུ་སོགས་གྲངས་མང་བཞེངས། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་ལ་གུ་རུ་སྐུ་སྨི་༡༡༠ ཅན་གྱི་མ་དཔེ་བཞེངས་པས་ཤིན་ཏུ་ཐུགས་མཉེས་ཏེ་གཟེངས་བསྟོད་དཔེ་མེད་གནང་། ༢༠༡༣ ལོར་ཕྱོགས་གཞན་གྱི་བཟོ་གྲྭ་ཆེ་ཁག་རྣམས་ཀྱིས་གདན་ཞུ་མང་པོ་འབྱོར་མོད་རང་གི་ཁ་གསོ་རྒྱབ་འགེལ་ཁོ་ན་སེམས་ལ་མ་བཟུང་བར་སྤྱི་ཕན་གྱི་བྱ་བཞག་བསྒྲུབ་འདོད་ཀྱིས་དང་ལེན་མ་ཞུས། རང་མི་རིགས་ཀྱི་ཐུན་མིན་ལག་ཤེས་འདི་དག་རྒྱུད་འཛིན་གྱི་སློབ་ཕྲུག་གསོ་སྐྱོང་གི་ཐུགས་འདུན་སྔར་ནས་ཡིད་ལ་བཅངས་ཡོད་པ་ལྟར། ཁོང་གིས་དེང་འདིར་ནང་ཆེན་རྫོང་མཁར་དུ་ནང་ཆེན་ཀརྨ་བི་ཤྭ་བརྐོས་རིས་སྒྱུ་རྩལ་སྤྱི་གཉེར་ཁང་རྒྱལ་ཁབ་ཀྱི་ཆོག་མཆན་འོག་བཙུགས་ཏེ་སློབ་མ་ལས་བཟོ་བ་བཅུ་ཕྲག་གཅིག་ལ་ཉེ་བ་སྐྱོང་བཞིན་མཆིས། ད་རུང་ནང་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་སོགས་སུ་སི་ཏུ་བརྒྱད་པ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་འདྲ་སྐུ་བཞེངས་པར་སྒྱུ་རྩལ་མཁས་དབང་མང་པོས་བསྟོད་བསྔགས་ལན་མང་ཐོབ། བཀའ་བརྒྱུད་པའི་ཆོས་སྡེ་ཆེན་པོ་ཡུལ་ཤུལ་འདམ་དཀར་དགོན་དུ་ལྷ་སྐུ་ཆེ་ཆུང་སྣ་ཚོགས། བཀའ་བརྒྱུད་མར་མི་དྭགས་གསུམ། ཡི་དམ་ཕག་བདེ་རྒྱལ་གསུམ། ཆོས་སྐྱོང་མ་མགོན་མགར་གསུམ་དང་། སྔོན་མའི་ལུགས་སྲོལ་ལྟར་ཨ་ཕྱིའི་གར་འཆམ་གྱི་རས་འབག །ཚེས་བཅུ་ཆེན་མོའི་འཆམ་འབག །ཐུགས་རྗེ་གསང་འདུས་ཀྱི་འཆམ་འབག །དགུ་ཆེན་འབག་བཅས་ལེགས་གྲུབ་ཀྱི་སྐབས་བླ་གྲྭ་རྣམས་ཀྱིས་ཐུགས་དགྱེས་ཚོར་དཔེ་མེད་མཛད་པ་དང་། ཁྱད་པར་དུ་མཁྱེན་གཟིགས་དུལ་མོ་ཆོས་རྗེ་རིན་པོ་ཆེས་ནམ་རྒྱུན་ཕུལ་བྱུང་གི་འཇིམ་བཟོ་བ་ཞེས་བསྔགས་བརྗོད་དང་ཐུགས་གཙིགས་ཆེན་པོ་གནང་བཞིན་ཡོད། ཁོང་གིས་འཇིམ་བཟོའི་སྐུ་དང་། འཆམ་འབག་སོགས་གང་བཞེངས་ཀྱང་རྟོག་བཟོ་ཙམ་མ་ཡིན་པར། གནའ་དེང་མཁས་པའི་བཟོ་རིག་བསྟན་བཅོས་ཀུན་ལ་གཞི་བཅོལ། ཟམ་མ་ཆད་པར་གཅིག་ལས་གཅིག་ལ་བརྒྱུད་པའི་དགེ་རྒན་དམ་པའི་མན་ངག་དང་རང་གི་ཉམས་མྱོང་གིས་ཟུར་བརྒྱན་པས་དེང་སྐབས་ཕྱོགས་སོ་སོའི་འབྲེལ་ཡོད་མཁས་དབང་རྣམས་དང་། དམངས་ཚོགས་བཅས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་དབུལ་ཡུལ་དུ་གྱུར་ཡོད། ཁོང་ནི་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་ལ་ལེགས་སྐྱེས་མི་དམན་པ་འབུལ་བའི་ཆོད་སེམས་དང་རེ་བས་ཁེངས་པའི་ན་གཞོན་འཇིམ་བཟོ་བ་ཞིག་ཏུ་ངོས་བཟུང་ཆོག་ཆོག་ལགས། 


ནང་ཆེན་ཀརྨ་བི་ཤྭ་བརྐོས་རིས་སྒྱུ་རྩལ་སྤྱི་གཉེར་ཁང་གི་ངོ་སྤྲོད། 

    ནང་ཆེན་ཀརྨ་བི་ཤྭ་བརྐོས་རིས་སྒྱུ་རྩལ་སྤྱི་གཉེར་ཁང་ནི་སྤྱི་ལོ་2015 ལོར་ནང་ཆེན་རྫོང་རིག་གནས་ཅུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། འཇིམ་བཟོ་བ་འཇམ་དབྱངས་ཀྱིས་ཚོགས་གཙོའི་འགན་བཞེས་ཏེ་དངོས་སུ་དབུ་ཚུགས་པའི་ནང་བསྟན་སྲོལ་རྒྱུན་བཟོ་རིག་རྒྱུད་འཛིན་བྱེད་པའི་ཁྲིམས་མཐུན་གྱི་དམངས་བཙུགས་སྤྱི་གཉེར་ཁང་ཞིག་ཡིན། དེང་འདིར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་རྣམས་སུ་ཚན་རིག་ལག་རྩལ་མངོན་པར་དར་བས་མི་རིགས་ཕན་ཚུན་གྱི་རིག་གནས་དར་སྤེལ་སྟབས་ཇེ་བདེར་སོང་བ་དང་བསྟུན། ཚོང་ལས་ཀྱི་རྣམ་པ་བརྒྱུད་དེ་མི་རིགས་རང་གི་ཐུན་མིན་སྲོལ་རྒྱུན་ལག་ཤེས་རྒྱུད་འཛིན་བྱེད་པ་འདི་ནི་ཡོངས་ལ་ཁྱབ་ཅིང་རིན་ཐང་ཡང་དམིགས་བསལ་ལྡན་པ་ཞིག་ཏུ་འཁུམས། ངེད་མཐུན་གཉེར་ཁང་གིས་ཀྱང་ད་ལྟའི་བར་རང་གི་ཁེ་ཕན་ཉི་ཚེ་བ་དམིགས་ཡུལ་གྱི་མཐིལ་དུ་མ་བཟུང་བར། ནང་བསྟན་སྲོལ་རྒྱུན་བཟོ་རིག་གི་ལག་ཤེས་བརྒྱུད་སྤྲོད་དང་། ཡུལ་དགོན་འབྲེལ་ཡོད་སྤྱིའི་འཕེལ་རྒྱས་ལ་ཡང་བསམ་གཞིག་བགྱིས་ཏེ། རིས་མེད་བསྟན་འགྲོའི་རྒུད་སེལ་གྱི་སྐུ་རིམ་ལྟ་བུའི་ལྷ་སྐུ་ཞི་རྒྱས་དབང་དྲག་གང་ཞིག་བཞེངས་ཀྱང་གནའ་དེང་མཁས་པའི་བཟོ་རིག་བསྟན་བཅོས་ཀུན་ལ་གཞི་བཅོལ། ཟམ་མ་ཆད་པར་གཅིག་ལས་གཅིག་ལ་བརྒྱུད་པའི་དགེ་རྒན་དམ་པའི་མན་ངག་དང་ཉམས་མྱོང་གིས་ཟུར་བརྒྱན་པས་འབྲེལ་ཡོད་སྐུ་མགྲོན་དག་གི་ཐུགས་ཡིད་ལེགས་པར་ཚིམས་ཡོད། མཐུན་གཉེར་ཁང་གི་ལྷ་སྐུའི་ཐོན་རྫས་རྣམས་ད་ལྟའི་བར་ཆོས་བརྒྱུད་ཁག་བཞི་དང་། སྤྱི་ཚོགས་ལས་རིགས་སོ་སོ། བོད་ཡུལ་སྟོད་སྨད་གང་སར་ཁྱབ་ཡོད་པར་མ་ཟད་མཚན་སྙན་ཡང་ཇེ་རྒྱས་སུ་འགྲོ་བཞིན་པ་ལགས། འཇིམ་བཟོ་པ་པདྨ་ཚེ་རིང་དང་། འཇམ་དབྱངས་གཉིས་ཀྱིས་ཐོན་རྫས་བཟོ་སྐྲུན་གྱི་སྤྱིའི་འགན་ལེགས་པར་བཞེས་ཤིང་། སློབ་མ་བཅུ་ཕྲག་གཅིག་ལ་ཉེ་བས་བརྩོན་པ་ཆེན་པོས་ལག་ཤེས་སློབ་སྦྱོང་སོགས་ལ་འབད་པ་ནར་མར་སྟེན་བཞིན་ཡོད་པར་མ་ཟད། ས་དགེ་བཀའ་རྙིང་རིས་མེད་གྲུབ་མཐའ་ཁག་ལ་ལི་སྐུ་དང་། ཟངས་གསེར་ལས་གྲུབ་པའི་ལྷ་སྐུ་ཆེ་ཆུང་འདྲ་མིན། རས་འབག་གི་མཛེས་རྩལ་སྣ་ཚོགས་པ། མི་དང་སྲོག་ཆགས་ཀྱི་རིགས་སོགས་གསོན་ཉམས་ལྡན་ཞིང་སྒྱུ་རྩལ་གྱིས་ཕྱུག་པ་སྐུ་མགྲོན་རྣམས་ཀྱི་ཐུགས་མོས་ལྟར་བཟོ་སྐྲུན་བྱེད་བཞིན་ཡོད་ན་ཁྱེད་མཁྱེན་སྤྱན་ལྡན་པ་དག་གིས་ཀྱང་རྒྱབ་སྐྱོར་དང་ལམ་སྟོན་གང་ལེགས་གནང་བའི་གསོལ་བ་ལན་བརྒྱར་འདེབས་པ་ལགས། 

མཐུན་གཉེར་ཁང་གི་གནས་ཡུལ། 
མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་མཁར། 
འབྲེལ་གཏུག་བྱ་ཡུལ།
18009768444
13548093999


སྟོན་པ་དང་གུ་རུ་བསམ་ལྷུན་མའི་འདག་སྐུ། 


རྗེ་བཙུན་སྒྲོལ་དཀར་གྱི་འདག་སྐུ།

 རྡོར་སེམས་ཀྱི་འདག་སྐུ།

 རྟེན་མ་ཧཱ་བོ་དྷི་ལ་དཔེར་བྱས་ནས་བཟོས་པའི་སྟོན་པའི་འདག་སྐུ། 


གུ་རུ་སྣང་སྲིད་ཟིལ་གནོན། 


བཀའ་བརྒྱུད་སྤྱི་མེས་མར་མི་དྭགས་གསུམ། 


རྒྱལ་ཆེན་རྣམ་ཐོས་སྲས།


 ཨ་ཕྱི་ཆོས་ཀྱི་སྒྲོལ་མ། 


མགོན་པོ་བེར་ནག་ཅན།


ཡི་དམ་ཕག་བདེ་རྒྱལ་གསུམ། 


སྲོལ་རྒྱུན་གྱི་ཕྱག་བཟོ་ལྟར་བཟོས་པའི་རས་འབག་སྣ་ཚོགས། 


འཇིམ་བཟོ་པ་པདྨ་ཚེ་རིང་། 


འཇིམ་བཟོ་བ་འཇམ་དབྱངས། 




སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 64va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།   སྤེལ་མཁན།: ལྷ་མོ་མཚོ། སྤེལ་དུས:2017/9/27
ངོ་སོ་བསྟོད།[强][强][强][强][强][强]
  དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།   སྤེལ་མཁན།: འོད་སྣང་། སྤེལ་དུས:2017/9/27
རྟེན་ཚད་ལྡན་བཞེངས་རྒྱུ་འདི་བསོད་ནམས་བསཊ་པའི་ཞིང་ས་རེད། མདོ་ལས་ཇི་སྐད་དུ། ད་ལྟ་ང་ལ་མཆོད་པ་དང་། མ་འོང་སྐུ་གཟུགས་མཆོད་པ་གཉིས། བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། འདི་གཉིས་ཐ་དད་ཅུང་ཟད་མེད། ཅེས་སོ།🙏🙏🙏
  དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།   སྤེལ་མཁན།: གངས་ཅན་པ། སྤེལ་དུས:2017/9/27
རྟེན་ཚད་ལྡན་བཞེངས་པའི་ཕན་ཡོན་ནི། སྡོམ་བྱུང་ལས། མཚན་ཉིད་རྣམས་ལྡན་སྐུ་གཟུགས་ནི།། ཞི་བ་ལ་སོགས་ཉམས་དང་ལྡན།། ཚད་དང་ཉེ་བའི་ཚད་ཀྱིས་མཛེས།། དེ་ལྟ་བུ་ལ་རབ་གནས་འགྱུར།། དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར།། ཞེས་གསུངས་སོ།
  དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།   སྤེལ་མཁན།: ཁམས་ཕྲུག སྤེལ་དུས:2017/9/26
འདི་ལྟར་ལྷ་སྐུ་ནི་འབྱོན་ལེགས་ཕུན་སུམ་ཚོཊ་པ་རེད།ང་ཚོ་བོད་པ་ཚང་མས་མཛའ་མཐུན་གྱི་ལག་རྡང་གཅིག་ཏུ་སྦྲེལ་ནས་དྲང་བདེན་ལམ་ཁར་མདུན་སྐྱོད་བྱེད་དགོས།
  དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།   སྤེལ་མཁན།: བི་ཤྭ་ཡང་སྲིད། སྤེལ་དུས:2017/9/26
བོད་ཀྱི་འཇིམ་བཟོའི་ལག་ཤེས་ནི་འོད་སྟོང་འབར་བ་ཞིག་རེད། ཕོ་ལྷ་རི་རྒྱལ་རྩེ་ནས་བསྭོ། ལྷ་རྒྱལ་ལོ།[强][强][强]
  དམངས་ཁྲོད་ཀྱི་ཕུལ་བྱུང་འཇིམ་བཟོ་བ་གཉིས་འོས་སྦྱོར་བྱས་པ།   སྤེལ་མཁན།: འཇམ་བསོད། སྤེལ་དུས:2017/9/25
འདི་འདྲའི་ལག་རྩལ་བ་རེ་རེ་ཡོད་པ་ནི་བོད་ཁ་བ་ཅན་གྱི་གཟི་བརྗིད་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23522013
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།