༧སྐུ་ཕྱོགས་ཨོའུ་རྒྱ་ཚང་གི་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད་གནད་བསྡུས་ཤིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »༧སྐུ་ཕྱོགས་ཨོའུ་རྒྱ་ཚང་གི་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད་གནད་བ
༧སྐུ་ཕྱོགས་ཨོའུ་རྒྱ་ཚང་གི་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད་གནད་བསྡུས་ཤིག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-09-20ལྟ་ཀློག (7901)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་ཚུལ་བརྗོད་པ།

ལམ་གཙོ་རྣམ་གསུམ་གྱི་ཁྲིད།

༼ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འཆད་ཁྲིད་ལས་ཟུར་དུ་བཀོད་པ།༽

ཁག་དང་པོ།


ཐུན་དང་པོའི་བཤད་པ།

     འོ་ལགས་སོ། ད་དེ་རིང་ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣའི་གསོ་སྦྱོང་ཐེངས་དང་པོ་རེད། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་བླ་སྤྲུལ་དང་དགེ་བའི་བཤེས་གཉེན། དགོན་སྡེ་དག་གི་མཐུས་འཚབ་མི་སྣ་བརྒྱ་དང་དྲུག་ཅུ་ལྷག་ཡོད་གི ང་ཉིན་འགའི་སྔོན་ལ་སློབ་གླིང་གི་བརྡ་བཏང་ནས་ཐེངས་འདིར་ངེས་ཅན་ཐོན་དགོས་ཟེར། མཛད་སྒོའི་ཚོགས་ཆེན་ལ་ཞུགས་དགོས་པར་མ་ཟད། ད་རུང་འཆད་ཁྲིད་བཀོད་སྒྲིག་ཡོད་ཟེར། དེ་རིང་ཉིན་དང་པོ་རེད། གོང་ནས་ཁྲུའུ་ཀྲང་རིན་ཆེན་ལགས་ཀྱིས་ང་ཁྱེད་རྣམ་པར་མཚམས་སྦྱོར་བྱས་སོང་། ངས་སྔོན་ཆད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་བཅུ་ཕྲག་ལྷག་ལ་དཀའ་སྤྱད་དང་སློབ་གཉེར་བྱས། དེ་ནས་པེ་ཅིན་ནང་བསྟན་སློབ་གྲྭ་སོགས་སུ་སློབ་གཉེར་བྱས་མྱོང་པ་བདེན་མོད། གོང་དུ་མཚམས་སྦྱོར་བྱས་པ་ལྟ་བུའི་འཆད་རྩོད་རྩོམ་གསུམ་ལ་བྱང་ཡོད་པ་ཞིག་མིན། ཁྱི་མིང་ལ་སེང་གེར་བཏགས་པ་ཝ་སྐྱེས་རམ་གྱིས་ཁ་བསྒྱུར་བ་ལྟ་བུ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་བླ་སྤྲུལ་མཐོ་ཁག་དང་དགེ་བཤེས་ཆེ་ཁག་འདི་མོ་མང་བོ་ཞིག་གི་གོང་ནས་མར་འཁོར་ནས་འཆད་ཁྲིད་བྱེད་པ་ང་ལ་འོས་པ་མ་རེད། ཡིན་ཀྱང་སློབ་གླིང་གི་བཀའ་གསུང་དང་དུ་ལེན་དགོས་པ་རེད། དགོངས་འགལ་མེད་པར་མཁྱེན།
 དེ་རིང་གི་འཆད་བྱ་ནི་ལམ་གཙོ་ལས་བརྩམས་ཏེ་འཆད་དགོས་པ་དེ་རེད། ད་ཐེངས་དུས་ཚོད་ཀྱི་དབང་གིས་གྲ་སྒྲིག་བྱེད་ཁོམ་མེད་སོང་། ལམ་གཙོའི་དཔེ་ཆ་ཡང་ལག་ན་མེད། དེ་རིང་བློར་ཤར་ཚོད་ལྟར་ཁ་བརྡ་ཞིག་བཤད་རྒྱུ་ཡིན།

     རྗེ་ཙོང་ཁ་ཆེན་པོའི་ལེགས་བཤད་གསུང་རྩོམ་གྲགས་ཆེན་མང་བོའི་ནམ་གསུངས་ཀྱི་ལོ་ཚིགས་དང་གང་དུ་གསུངས་པའི་གནས་སོགས་ཤིན་ཏུ་གསལ་བོར་ཡོད་ནའང་། ལེགས་བཤད་གྲགས་ཆེན་ལམ་གཙོ་འདི་ནམ་གསུང་གི་ལོ་ཚིགས་གསལ་བོར་མེད་པ་དང་། མཁས་པ་ལ་ལས་རྗེ་ཚ་ཁོ་པ་མདོ་སྨད་དུ་ཕེབས་དུས། རྗེ་ཙོང་ཁ་བ་ཆེན་པོས་ལམ་གཙོ་གསུངས་ཏེ་ལེགས་སྐྱེས་སུ་ཕུལ་བ་རྗེ་ཚ་ཁོ་བས་ཕྱག་ཏུ་བསྣམས་ཏེ་མདོ་སྨད་དུ་ཕེབས། ཟེར་བ་དང་། ལ་ལས་རྗེ་ཚ་ཁོ་པ་མདོ་སྨད་ལ་ཕེབས་ནས་དགོན་པ་བརྒྱ་རྩ་བརྒྱད་བཏབ་རྗེས། རྗེ་ཙོང་ཁ་པ་ཆེན་པོ་ལ་ཡི་གེ་བསྐུར་ཏེ། ཁས་བླངས་དམ་བཅའ་རྫོགས་པར་གྲུབ། ཅེས་ཕུལ་བའི་ལན་དུ་ལམ་གཙོ་དང་ཚུལ་ཁྲིམས་བསྲུང་བའི་བསླབ་བྱ་བརྩམས་གནང་མཛད་དེ་བསྐུར་བར་བཤད་པ་བཅས། བཤད་རྒྱུན་མི་འདྲ་བ་གཉིས་ཡོད་པའི་དབང་གིས་གཟུ་བོར་གནས་ཤིང་དད་འདུན་གྱིས་ཐུགས་རྒྱུད་རབ་ཏུ་ཕྱུག་པའི་འདིར་ཚོགས་བློ་ལྡན་རྣམ་པའི་སྙན་ལམ་དུ། ལམ་གཙོ་ཟེར་བའི་ལེགས་བཤད་གྲགས་ཆེན་འདི་རྩོམ་པ་པོ་གང་གིས། ཆེད་དུ་བྱ་བའི་གདུལ་བྱ་གང་ལ། གནས་གང་ཞིག་ཏུ། དུས་ནམ་ཞིག་ལ། ཚུལ་ཅི་ལྟར་གསུངས་པའི་སྐོར་བཅས་ས་བཅད་དོན་ཚན་ལྔར་ཕྱེས་ཏེ་བཤད་ན་བདེ་སྙམ།

དང་པོ།

     གཞུང་འདི་རྩོམ་པ་པོ་ནི་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཡིན་ལ། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། ཞེས་མཚན་སྙན་གྱི་གཡུ་འབྲུག་ལྡིར་བ་སྔོན་ནས་ད་བར་དུ་འཛམ་གླིང་ཁྱོན་ཡོངས་ལ་གྲགས་པ་དེ་ཡིན། དེས་ན་ངས་ཐོག་མར་རྗེ་ཙོང་ཁ་པ་ཆེན་པོ་ཁོང་ལ"གངས་ཅན་མཁས་པའི་གཙུག་རྒྱན"ཞེས་མཚན་ཐོགས་པའི་སྟེང་ནས་ཉུང་ཙམ་ངོ་སྤྲོད་བྱེད་བསམ། མཚན་དེ་ཡང་འདོད་རྒྱལ་གྱིས་བཏགས་པ། ཆགས་སྡང་གིས་བཏགས་པ། གཅམ་བུའི་ངག་གིས་བསྟོད་པ། ཡང་ན། གཞན་གྱིས་ཟེར་བའི་ཁ་ལ་རྒྱུག་པ་ལྟ་བུ་མ་ཡིན་པར། འཆད་རྩོད་རྩོམ་གསུམ་ལ་མཁས་པའི་མིང་དོན་མཚུངས་ཤིང་མཛད་འཕྲིན་ཆེན་པོ་རྗེས་སུ་གྲུབ་པའི་ཆ་ནས་རྩོལ་མེད་ལྷུན་གྲུབ་ཏུ་བྱུང་བ་ཞིག་རེད།

    སྦྱིར་ན་རྗེ་ཙོང་ཁ་པ་ཆེན་པོ་ལ་རྣམ་ཐར་རྒྱས་བསྡུས་མང་དུ་ཡོད་པས། ལ་ལ་གང་ལས་འོང་བ་མི་ཤེས། གང་དུ་སོང་བ་མི་ཤེས། ཅི་ཞིག་མཛད་པ་མི་ཤེས་པ། ལྟ་བུ་མ་ཡིན་པར། མཛད་འཕྲིན་ཆེ་ཆུང་དག་གི་ལོ་ཚིགས་དང་གནས་གང་དུ་མཛད་པ་སོགས་ཞིབ་པར་ཡོད། དེ་དག་ཞིབ་ཏུ་བརྗོད་པས་མི་ལངས་མོད། ངས་འདི་ནས་སྐབས་སུ་བབས་པ་རྗེ་ཙོང་བ་ཆེན་པོ་འཆད་རྩོད་རྩོམ་གསུམ་སྟེ། མཁས་པའི་བྱ་བ་རྣམ་གསུམ་གྱི་སྒོ་ནས་ཇི་ལྟར་མཁས་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་ཚུལ་ཕྱོགས་གསུམ་ནས་བཤད།

༡. འཆད་པའི་ཡོན་ཏན།

      སྤྱི་ལོ་༡༣༩༦རྗེ་ཙོང་ཁ་པ་ཆེན་པོདགུང་ལོ་༤༠པ། གཉལ་གྱི་ལུང་ར་ཆེན་མོ་བཙུགས་པའི་ལོ་དེར་རྒྱལ་ཚབ་དར་མ་རིན་ཆེན་རྗེ་ལ་ཐོག་མར་མཇལ། རྩོད་བཟང་མཆོག་གྱུར་དར་མ་རིན་ཆེན་དེ།། ཞེས་རྗེ་རེ་མདའ་བ་ཆེན་པོས་ཀྱང་བསྔགས་པ་བརྗོད་པ། དེ་དུས་ཁ་བ་རི་བོའི་ལྗོངས་འདི་ན། བཀའ་བཅུ་དར་མ་རིན་ཆེན་ཞེས་མཚན་སྙན་གྲགས་ཤིན་ཏུ་ཆེ་བར་ཡོད། ཁོང་ཡང་རྗེ་ཙོང་ཁ་པའི་མཚན་སྙན་གྲགས་གསན་ནས། མཁས་པ་བརྩད་ཅིང་མ་དྲིས་པ།། དེ་ཡི་བར་དུ་གཏིང་མི་དཔོག། ཟེར་བ་ལྟར། གྲུབ་མཐའ་རྩོད་པའི་ཕྱིར་དུ་ཕེབས། དེ་དུས་རྗེ་ཙོང་ཁ་པ་ཆེན་པོ་གཉལ་སྟོད་ར་གྲོང་དུ་བཞུགས་ཤིང་འཁོར་བུ་སློབ་མང་པོ་ལ་དྲང་ངེས་ཀྱི་དཀའ་གནད་རྟོན་བཞིའི་ཁྲིད་གནང་བཞིན་བཞུགས། དེ་དུས་རྗེ་ཙོང་ཁ་པ་ཆེན་པོས་དབུ་སེམས་ཐལ་རང་གི་གྲུབ་མཐའི་ཕྲ་ཞིབ་ལེགས་པར་བཤད་པ་ལུང་རིགས་ཀྱིས་གནད་ཕུགས་ཏེ་གསུངས་པ། སྔོན་ཆད་མཁས་པ་གཞན་ལས་མ་ཐོས་པའི་ལེགས་བཤད་ཤ་སྟག་ཐོས་པས། བཀའ་བཅུ་བ་དར་མ་རིན་ཆེན་ཡ་མཚར་ཏེ། ཨ་ལ་ལ། བྱང་ཕྱོགས་ཁ་པ་རི་བོའི་ལྗོངས་འདི་ན་འདི་ལྟ་བུ་གྲུབ་མཐའི་གནད་འགག་སྤུ་རིས་འབྱེད་པ་ལ་དབང་འབྱོར་བའི་མཁས་པ་བཞུགས་པ་སྒང་བ་བོད་ཀྱི་བསོད་ནམས་དུ་ཆེ། བསམ་པ་དང་ཁོང་གི་རྩོད་པའི་ང་རྒྱལ་གྱི་དཔའ་ཡོངས་སུ་ཞུམ།

     དེ་ནས་བཟུང་དད་པ་དང་སྦྱོར་བ་སྔོན་དུ་འགྲོ་བས་ཁོང་གིས་རྗེ་ཙོང་ཁ་པ་ཆེན་པོ་གཙུག་གི་ནོར་བུར་བསྟེན་པར་གྱུར། དེས་ནི་རྗེ་ཙོང་ཁ་པ་ཆེན་པོའི་འཆད་པའི་ཡོན་ཏན་ཟུར་ཙམ་མཚོན་ཡོད་ལ། མཁས་པ་མཁས་པའི་ནང་ན་མཛེས།། བླུན་པོས་མཁས་པ་ཇི་ལྟར་གོ།། ཞེས་པའང་ཚུལ་འདི་དང་འདི་ལྟ་བུ་ལ་ཞིག་ལ་ཟེར་བ་ཡིན་ནོ།།

    ད་རུང་ཉུང་ཙམ་བཤད་ན། རྗེ་ཙོང་ཁ་པ་ཆེན་པོ་དགུང་གྲངས་བཅུ་དགུ་སོན་དུས་། གནས་རྙིང་དུ་བཞུགས་སྐབས་དོནགཉེར་ཅན་མང་བོས་གསོལ་བ་ནན་ཆེར་བཏབ་པའི་ངོར། མངོན་པ་ཀུན་བཏུས་རྩལ་བཤད་ཚར་གཅིག་གནང་བས་ཀུན་ཀྱི་ཡིད་རབ་ཏུ་འཕྲོག་པར་གྱུར་བ། འབྲུག་རྒྱལ་དབང་ཆོས་རྗེའི་རྗེའི་རྣམ་ཐར་ཆེན་མོ།(༡)གསལ། རྗེ་ཙོང་ཁ་པ་དེ་དུས་ལོ་བཅུ་དགུ་རེད། ད་རུང་བྱིས་པའི་གནས་སྐབས་རེད། རང་རང་དང་བསྡུར་ན་ག་འདྲ་རེད། གྲུབ་མཐའ་སྨྲ་བ་གཞན་དག་དང་བསྡུར་ན་ག་འདྲ་རེད།

གཞན་ཡང་། མོན་མཁར་བཀྲ་ཤིས་གདོང་དུ་བཞུགས་དུས་རྒྱ་གཞུང་ཆེན་མོ་བཅོ་ལྔའི་བཤད་པ་དུས་གཅིག་ལ་གནང་ཞིང་། ལྷག་པར་དུ་རྗེ་ཉིད་དགུང་ལོ་༣༢ཡིན་དུས། གཞུང་ཆེན་བཅོ་ལྔའི་དབུ་ཉིན་གཅིག་ལ་བཙུགས་ནས་ཐུགས་ཐོག་འབའ་ཞིག་ནས་འཆད་པ་ཟླ་བ་གསུམ་ལ་གནང་། ཉིན་རེར་འཆད་པ་ཐུན་བཅོ་ལྔ་རེ་ཆག་མེད་མཛད། གཞུང་གཉིས་རྫོགས་པ་ན་སླར་ཡང་དེའི་དོད་དུ་གཉིས་བཙུགས་པར་མཛད་པ་བྱས།

    འདི་ལྟ་བུ་འཆད་པའི་ཡོན་ཏན་གྱི་རྩལ་རབ་ཏུ་རྫོགས་པ་བོད་གངས་ཅན་ས་ལའི་ལྗོངས་འདིར་རྗེ་ཙོང་ཁ་པ་ཆེན་པོའི་ཡར་སྔོན་བྱོན་མ་མྱོང་ལ། རྗེས་ནས་ཀྱང་ད་ལྟའི་བར་གྲུབ་མཐའ་གང་ལའང་བྱུང་མ་མྱོང་། ཕྱི་ནས་ཀྱང་འབྱུང་བ་མེད་སྙམ་མོད། གལ་ཏེ་ཡོད་ན་སྒང་བ་བོད་པ་ཚང་གི་མ་ཟད། འཛམ་གླིང་འགྲོ་བ་མིའི་བསོད་ནམས་ཡིན།
རྣམ་ཐར་ངོ་མཚར་གྱི་གཏམ་བརྒྱ་རྩ་བརྒྱད་པ་ལས། འདི་ནི་བོད་དུ་མ་ཟད་སྔོན་རྡོ་རྗེ་གདན་གྱི་པཎྜི་ཏ་རྣམས་ཀྱིས་ཀྱང་འགྲན་དུ་མེད་པའི་བརྗོད་པ་སྟེ། གཟུངས་ལ་དབང་ཐོབ་པའི་རྣམ་རོལ་སྟོན་པར་མཛད་པ་ནི་རྨད་དུ་བྱུང་བའི་གཏམ་སོ་ལྔ་བའོ།།(༢) ཞེས་གསུངས་པ་ལྟར་རོ།།

      འདི་ནི་བོད་དུ་མ་ཟད་འཛམ་གླིང་ཐོག་བཞག་པའི་ཟིན་ཐོ་ཡིན་པས། འཛམ་གླིང་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། ཞེས་མ་བརྗོད་རང་བརྗོད་དུ་ཡོད་པ་ཡིན་ནོ།།
   དེང་དུས་འཛམ་གླིང་སྟེང་ཐུན་མོང་དུ་ཁས་ལེན་པའི་མཁས་པ། བསམ་བློ་པ། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་མི་གསུམ་མ་གཏོགས་མེད། རྗེ་ཙོང་ཁ་པ་ཆེན་པོ་ནི་དེའི་གྲས་ཀྱི་གཅིག་ཡིན།
   གོང་ནས་འཆད་ཁྲིད་མཛད་པའི་གཞུང་ཆེན་བཅུ་བདུན་ནི། རིན་ཆེན་ཕྲེང་བ་མ་གཏོགས་པའི་དབུ་མ་རིགས་ཚོགས་ལྔ།༼ རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་བ། སྟོང་ཉིད་བདུན་ཅུ་བ། རྩོད་ཟློག ཞིབ་མོ་རྣམ་འཐག༽ བྱམས་ཆོས་ཕྱི་མ་བཞི། ༼མངོན་རྟོགས་རྒྱན། མདོ་སྡེ་རྒྱན། རྒྱུད་བླ་མ། ཆོས་ཉིད་རྣམ་འབྱེད། དབུས་མཐའ་རྣམ་འབྱེད།༽ དབུ་མ་བཞི་བརྒྱ་བ། དབུ་མ་འཇུག་པ། སྤྱོད་འཇུག མངོན་པ་གོང་འོག་གཉིས། ༼མངོན་པ་མཛོད་དང་ཀུན་བཏུས༽ རྣམ་འགྲེལ་རྩ་བ། འདུལ་བ་མདོ་རྩ་བཅས་ཡིན། མདོར་ན། གཞུང་བཀའ་བོད་ལྔའི་རྩ་འགྲེལ་ལས་བརྩམས་པའི་འཆད་ཁྲིད་གནང་བ་དེ་རེད།
    གསང་བ་སྔགས་ཀྱི་སྐོར་ལས། གསང་འདུས་རྩ་རྒྱུད། འགྲེལ་བ་སྒྲོན་གསལ། རིམ་ལྔ་གསལ་སྒྲོན། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། བདེ་མཆོག་སྦས་དོན་ཀུན་གསལ། འཇིགས་བྱེད་རྟོག་བདུན། སྔགས་རིམ་ཆེན་མོ་སོགས་ཀྱི་འཆད་པ་རྒྱ་ཆེ་བ་མཐའ་ཀླས་པར་མཛད། དཔེར་ན། དུས་ཀྱི་འཁོར་ལོའི་རྒྱུད་ལ་བཤད་སྲོལ་མི་འདྲ་བ་བཅུ་བདུན་གསན་ཅིང་གསུངས་པ་ལྟ་བུ་ཡིན་ནོ། དེ་ལྟར་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་པ་ལ་རྒྱལ་བ་རྡོ་རྗེ་འཆང་དངོས་སུ་བྱོན་པ་དང་སྒོ་ཐམས་ཅད་ནས་གཉིས་སུ་མེད་པར་གྱུར་ཏོ།། དེ་ཡང་རྗེ་བཙུན་ཡིད་བཟང་རྩེ་བའི་བཀའ་ལས། རྗེ་ཙོང་ཁ་པ་ཆེན་པོས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལ་བཤད་པ་ཚར་གཅིག་གསུངས་པ་དེ། བླ་མ་གཞན་གྱིས་བཤད་པ་བརྒྱ་ཕྲག་ལས་ལྷག་པའི་བསྟན་པ་ལ་ཕན་ཐོགས་ཚུལ་དེབ་ཐེར་སྔོན་པོ་སོགས་ན་བཤད་པ་ལྟར་རོ།། (༣)
གཞན་ཡང་། རྗེ་ཙོང་ཁ་ཆེན་པོ་ནི། འགའ་ཞིག་ལྟར་ཆོས་བཤད་པ་ལ་དགའ་བ་ཙམ་དང་དཔའ་པ་ཙམ་མ་ཡིན་པར། གླེགས་བམ་སོ་སོའི་སྤྱི་སྐད། གྲུབ་མཐའ་སོ་སོའི་འཇོག་ཚུལ། དགག་སྒྲུབ་གྱི་རིགས་པ་སོགས་སློབ་དཔོན་གཞན་ལས་ཐོས་དཀའ་བ། གཟུ་བོར་གནས་པའི་དཔྱོད་ལྡན་རྣམས་ཀྱི་ཡིད་ཚིམ་པར་བྱེད་པ་ཤ་སྟག་འཆད་ལ། ཆོས་འཆད་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ཡང་ཡིན་ཏེ། སུམ་བརྒྱ་བ་ལས། ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས།། ཞེས་སོགས་བཤེས་གཉེན་གྱི་ཁྱད་པར་དྲུག་དང་། མདོ་སྡེ་རྒྱན་ལས། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ།། སོགས་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་ཁྱད་པར་བཅུ་དང་ལྡན་ལ། དེར་མ་ཟད། པན་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས། དེ་ཉིད་བཅུ་ཟུང་འབྲི་དང་འཆད་མཁས་པའི།། རྡོ་རྗེ་འཛིན་པའི་གཙོ་ལ་གསོལ་བ་འདེབས།། ཞེས་གསུངས་པ་ལྟར་གྱི་སྔགས་ཀྱི་སློབ་དཔོན་ཕྱི་ནང་གི་ཡོན་ཏན་བཅུ་ཕྲག་གཉིས་དང་ལྡན་པ་བཅས། མདོར་ན། མདོ་སྔགས་རིག་གནས་དང་བཅས་འཆད་པའི་སློབ་དཔོན་དམ་པ་སྒོ་ཐམས་ཅད་ནས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ལྟ་བུར་ཡོད་དོ།།

༢. རྩོད་པའི་ཡོན་ཏན།

      རྗེ་ཙོང་ཁ་པ་ཆེན་པོ་དགུང་གྲངས་བཅུ་དགུའི་སྟེང་གསང་ཕུ་རུ་བྱམས་ཆོས་དང་བདེ་བ་ཅན་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པས་རྩོད་པའི་སྙན་གྲགས་རྒྱས། དེ་ནས་གཙང་དུ་བྱོན་ཏེ་ས་སྐྱར་ཕར་ཕྱིན་གྱི་གྲ་སྐོར་མཛད། སྣར་ཐང་དུ་མཛོད། ཉང་སྟོད་བསམ་གཏན་གླིང་དུ་དབུ་མ། སྐྱོར་མོ་ལུང་དུ་འདུལ་བ། ས་སྐྱར་ཚད་མ་རྣམ་འགྲེལ་གྱི་གྲྭ་སྐོར་མཛད་པར་མ་ཟད། སྣར་ཐང་དུ་རྣམ་འགྲེལ། མངོན་པ་གོང་འོག འདུལ་བ་དང་བཅས་པའི་གྲྭ་སྐོར་མཛད། གཞན་ཡང་། ཚལ་གུང་ཐང་། རྩེས་དང་སོགས་སུ་ཕར་ཕྱིན་མ་གཏོགས་པའི་བཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད། དབུས་ཀྱི་གདན་ས་ཆེན་པོ་དྲུག་༼གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ༽ལ་སོགས་པ་གདན་ས་ཆེན་པོ་དེ་དག་ཏུ། དབུས་གཙང་གི་དགེ་བའི་བཤེས་གཉེན་ཆེན་པོ་མང་པོ་དང་བརྒལ་ཅིང་བརྟག་པའི་རྩོད་པ་མཛད། དེ་དུས་ཚད་ལྡན་གྱི་གསུང་རབ་དང་རྒྱ་བོད་ཀྱི་གཞུང་ལུགས་རབ་འབྱམས་དཔང་བོར་བཞག་སྟེ་དཀའ་གནད་ཇི་འདྲ་ཞིག་ལས་རྩོད་པ་མཛད་ཀྱང་། རྗེ་ཉིད་ཁོ་ན་རྩོད་པ་བཟང་བ་དང་། མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ་པར་གྱུར་བ་ཡིན་ནོ།།
   འོ་ན། རྗེ་ཙོང་ཁ་པ་ཆེན་པོ་བཀའ་བཞི་དང་རྒྱལ་ཚབ་དར་མ་རིན་ཆེན་བཀའ་བཅུ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། དེའི་ཚེ་ད་རུང་བཀའ་བཅུ་དང་རབ་འབྱམས་པའི་མཚན་བཏགས་མཛད་པའི་སྲོལ་མ་ཚུགས་པའི་དབང་གིས་ཡིན་ཏེ། བཀའ་བཅུ་དང་རབ་འབྱམས་པའི་ཐ་སྙད་ནི་རྗེའི་སྐུ་ཚེ་སྨད་དུ་བྱུང་བས་སོ།།(༤) ཞེས་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་གསུངས་ཡོད།

      དེ་རིང་རྗེ་ཙོང་ཁ་པ་ཆེན་པོའི་རྩོད་པའི་ཡོན་ཏན་གྱི་ཆེ་བ་བཤད་པ་དེ་ཙམ་གྱིས་ཆོག་པར་བྱ། ཁྱོད་ཚོའི་ནང་ན་དཔེ་ཆ་ལྟ་ནི་རེ་ཡོད་ན། རྗེའི་རྣམ་ཐར་རྒྱས་པ་འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པ་དེ་དང་། ཟངས་ཟངས་ནེ་རིང་བས་མཛད་པའི་རྗེའི་རྣམ་ཐར་གསེར་གྱི་མཆོད་སྡོང་དང་ངོ་མཚར་གྱི་གཏམ་བརྒྱ་རྩ་བརྒྱད་པ་སོགས་ལ་ལྟོས་དང་ཤིན་ཏུ་གསལ་བར་ཡོད། ལྷག་པར་མཁས་གྲུབ་རྗེས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ནི་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཡོངས་རྫོགས་ཀྱི་སྡོམ་ལྟ་བུ་ཡིན་པས་དེ་དག་ལ་ལྟ་བར་བྱ། དེང་སང་དཔེ་ཆ་རྙེད་སླ་བོ་རེད། རྗེའི་རྣམ་ཐར་ཕྱོགས་སྒྲིག་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པ་པོད་བཞི་ཅན་ཞིག་ཡོད། རྗེའི་རྣམ་ཐར་ཆེ་ཆུང་བཞི་བཅུ་ལྷག་ཕྱོགས་སྒྲིག་བྱས་ཡོད་ཀི ངས་ཀྱང་དེ་དག་ལ་བལྟས་ནི་ཡིན། སེམས་ལ་ཤར་ཚོད་བཞིན་དེ་རིང་ཁ་བརྡ་བྱས་པ་ཡིན། དེ་ཙམ་མ་གཏོགས་ད་མང་པོ་ཞིབ་ཚགས་ཅན་ཞིག་བཤད་མི་ཤེས་ཀི སྐུ་ཚེ་བརྟན། ད་དུས་ཚོད་སྐར་མ་བཅུ་ལ་ངལ་གསོ་བྱེད། དེ་ནས་མུ་མཐུད་དུ་ཚོགས།

ཐུན་གཉིས་པའི་བཤདཔ།

     ཡ་ད་ང་ཚོས་མུ་མཐུད་ནས་བཤད་པར་བྱ། གོང་ནས་ང་ཚོས་ལམ་གཙོ་ཟེར་བ་འདི་རྩོམ་པ་པོ་གང་གིས་བརྩམས་ཚུལ་བཤད། ཁྱད་པར་དུ་རྗེ་ཙོང་ཁ་པ་ཆེན་པོ་ལ"གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ"ཞེས་མཚན་གསོལ་བའི་སྟེང་ནས་བཤད་པ་བྱས། དེ་ཡང་། འཆད་རྩོད་རྩོམ་གསུམ་ལས་བརྩམས་ཏེ་བཤད། འཆད་པའི་ཡོན་ཏན་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པ་ལ་ནང་བྱན་ཆུབ་ཏེ་གདུལ་བྱ་ལ་འཆད་ཚུལ་ཇི་ལྟར་ཁྱད་པར་དུ་འཕགས་པ་བཤད། དཔེར་ན། ཉིན་གཅིག་ལ་གཞུང་ཆེན་བཅོ་ལྔའི་འཆད་ཁྲིད་ཀྱི་དབུ་བཙུགས་པ་ལྟ་བུ། དེ་ནས་རྩོད་པའི་ཡོན་ཏན་ལ་མཚོན་ན། དབུས་ཀྱི་གདན་ས་ཆེན་པོ་དྲུག་སོགས་སུ་གྲྭ་སྐོར་མཛད། རྩོད་པའི་ཡོན་ཏན་ཇི་ལྟར་སྦྱངས་ཏེ་མཁས་པའི་སྙན་གྲགས་ས་ཆེན་པོའི་སྟེང་དུ་ཁྱབ་ཚུལ་ནི་གོང་དུ་ཞུས་ཟིན།

༣. རྩོམ་པའི་ཡོན་ཏན།

      ད་ཡིན་ན། རྗེ་ཙོང་ཁ་པ་ཆེན་པོའི་རྩོམ་པའི་ཡོན་ཏན་གྱི་སྐོར་ལས་ཉུང་ཙམ་བཤད་ཁུལ་བྱ།
   སྤྱིར་འཆད་རྩོད་རྩོམ་གསུམ་གྱི་མཛད་རྗེས་མི་གཅིག་པ་ཡིན་པས། དེ་གསུམ་གང་ལས་འཁྲུངས་པའི་ཤེས་རབ་ཀྱང་སོ་སོ་ཡིན། དམིགས་བརྩེ་མའི་ལས་ཚོགས་སྐོར་ན། ཤེས་རབ་མི་འདྲ་བ་བདུན་སྒྲུབ་ཚུལ་གསུངས་ཡོད། ཟབ་པའི་ཤེས་རབ། གསལ་བའི་ཤེས་རབ། མྱུར་བའི་ཤེས་རབ། རྣོ་བའི་ཤེས་རབ། གཏུགས་པ་མེད་པའི་ཤེས་རབ། འཆད་པའི་ཤེས་རབ། རྩོད་པའི་ཤེས་རབ། རྩོམ་པའི་ཤེས་རབ་སྟེ་བདུན་ཡོད། འོན་ཀྱང་། རྩོམ་པའི་ཤེས་རབ་ལ་འཆད་རྩོད་གཉིས་ཀའི་ཤེས་རབ་དགོས་པར་གསུངས་ཡོད། དེའི་རྒྱུ་མཚན་ནི། གཞུང་ལུགས་སམ་གྲུབ་མཐའ་ཕུལ་ཏུ་བྱུང་བ། གྱ་ནོམ་པ། རྩེ་མོར་གྱུར་བ་རྩོམ་པ་ལ་མདོ་རྒྱུད་བསྟན་བཅོས་མང་པོའི་ལུང་ལ་དཔྱད་བསྡུར་བྱས་ཏེ་བརྡར་ཤ་གཅོད་དགོས་པ་དང་། དེ་ཡང་མཐར་གཏུགས་ན་དྲི་མ་མེད་པའི་རིགས་པས་དབྱེ་དགོས། དེ་ནས་གོ་རིམ་མ་ནོར་བ། ས་བཅད་མ་འཁྲིགས་པ། ལུང་རིགས་དང་མ་འགལ་བ། བསྲེ་སླད་མེད་པ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟག་སྟེ། མ་རྟོགས་པ་དང་ལོག་པར་རྟོག་པ། ཐེ་ཚོམ་གྱི་དྲི་མས་མ་གོས་པའི་སྒོ་ནས་གཞུང་ལུགས་སམ་བསྟན་བཅོས་རྩོམ་དགོས་པ་རེད།
    རྗེ་ཙོང་ཁ་པ་ཆེན་པོས་དེ་ལྟར་བརྩམས་པ་རེད། མ་གཏོགས་དེང་རབས་དང་ཁ་སང་དེ་རིང་ཤེས་མི་ཤེས་མང་པོས་དཔེ་ཆ་བྲིས་ཡོད་པ་དེ་ལྟ་བུ་ཞིག་ག་ལ་ཡིན། དེང་རབས་ཀྱི་ཁ་བརྡ་གནའ་གཏམ་ལྟ་བུའི་དཔེ་ཆ་དེ་ལྟ་བུ་ངས་ཀྱང་མང་པོ་འབྲི་ཐུབ། འོན་ཀྱང་། བྲིས་ན་བསྟན་པ་དང་ལྷག་པར་གྲུབ་མཐའ་ལ་ཕན་ཐོགས་མེད་པར་མ་ཟད། གནོད་པ་བསྐྱལ་ཡོང་། རྒྱུ་མཚན་ནི། དེང་རབས་མི་ལ་ཡོན་ཏན་སྦྱོང་པའི་བརྩོན་པ་ཆུང་ལ་ཤེས་རབ་ཆུང་། དད་པ་ཉག་ཕྲ། ལྷག་པར་གཞུང་བཀའ་པོད་ལྔ་དང་བཅས་པའི་མདོ་སྔགས་རིག་གནས་ལ་སྦྱངས་པའི་དུས་ཡུན་ཐུང་། བྱ་བ་ཟ་ཟི་མང་བོས་མགོ་འཁོར། ཁ་པར་སོགས་བརྡ་འཕྲིན་གྱིས་མི་སེམས་མི་དལ་བར་བྱས་པའི་དུས་འདིར། ང་ཚོས་དཔེ་ཆ་དང་རྩོམ་ཡིག་ཐར་འཐོར་རེ་འབྲི་ཁུལ་བྱས་ན། སྲན་མ་མ་ཆོད་ཡུས་ཀྱི་དཔེ་བཞིན། མི་བུ་དེ་དག་དེ་ལ་མགོ་འཁོར་ནས་སྔོན་བྱོན་མཁས་པས་བརྩམས་གནང་མཛད་པའི་གཞུང་ལུགས་དང་བསྟན་བཅོས་སློབ་པའི་བར་ཆད་དུ་འགྱུར་རོ་བསམ་ནས་ངས་ནི་འབྲི་མི་སྤོབས། གཞན་ཡང་། ང་ཚོས་བྲིས་པའི་ནང་དུ་གྲུབ་མཐའི་དཀའ་གནད་སེལ་བ་དང་། གཞུང་གི་ཁ་སྐོང་ཐུབ་པ། མཁས་པའི་ལུགས་སྲ་བརྟན་དུ་གཏོང་བའི་རིགས་ཤིག་གཏན་ནས་མེད་པར་སྔོན་བྱོན་མཁས་པའི་བསྟན་བཅོས་ལས་གོ་སླ་བའི་རིགས་ཟུར་དུ་བྲིས་པའམ་རྡོ་ཆས་རེ་དང་། གནའ་ཤུལ་རེ། ཡང་ན། ངག་རྒྱུན་ཐར་འཐོར་རེའི་ཕག་ཏུ་ཡིབ་སྟེ། རང་གི་ཡིན་ཁུལ་དང་སྔོན་མེད་གསར་བཤད་ཡིན་ཞེས་ང་རྒྱལ་སྒྲོགས་པ་དང་དཔེ་ཆ་ཡང་རིན་མེད་གཟིགས་འབུལ་བྱེད་པ་མང་མོད། དོན་དུ་རྗེས་འཇུག་མི་བུ་དེ་དག་ལ་གཞུང་མར་ཁུ་འདྲ་བོ་མྱངས་པའི་གོ་སྐབས་བཀག་པ་ཡིན་པས། རང་གི་རུམ་གྱི་བྲོ་ཁ་བོར་ཏེ་ཐང་གི་རྡོ་རུམ་ལ་བཅུག་པ་ལྟ་བུ་ཡིན་པས་དཔེ་ཆ་བྲིས་ཁུལ་བྱས་པ་དེ་དག་རྒྱ་བོད་མཁས་པའི་གཞུང་ལུགས་ལ་འཇུག་པའི་འགག་རྡོ་རུ་འགྱུར་རོ་བསམ། ད་དེ་དག་སྐབས་སུ་མ་བབས་པས་མང་དུ་མི་བཤད། རོ་ལ་གསོད་པ་དགོས་པ་མེད། དགོངས་པ་མ་ཚོམ།
     མདོར་དྲིལ་ན། རྗེ་ཙོང་ཁ་པ་ཆེན་པོའི་རྩོམ་པའི་ཡོན་ཏན་ནི། གོང་དུ་བཤད་པའི་ཤེས་རབ་བདུན་པོ་ཀློང་དུ་རྡོལ་བ་ལས་བྱུང་བ་ཡིན་པས་བོད་གངས་ཅན་གྱི་ལྗོངས་འདི་ན་བསྟན་བཅོས་རྩོམ་པ་དང་གྲུབ་མཐའ་འཇོག་པ་མང་དུ་ཡོད་མོད། དེ་དག་གིས་བརྒྱ་སྟོང་གི་ཆར་ཡང་འགྲན་བཟོད་ཐུབ་པ་མེད་དེ། མཁས་པ་གསེར་རིའི་ཕྲེང་བ་ནི།། གཟི་བརྗིད་རབ་རྒྱས་ཉི་མ་ཡི།། དྲུང་ན་མར་མེའི་རྩེ་མོ་དང་།། མཚུངས་པའི་གནས་ལ་ཁྱོད་ཀྱིས་བཀོད།། ཞེས་པ་ལས་མ་འདས་སོ་སྙམ།
རྒྱུ་མཚན་ནི། ངས་རྗེ་ཙོང་ཁ་པ་ཆེན་པོའི་སྐྱེ་བ་སྔོན་མ་པཎྜི་ཏའི་སྐྱེ་བ་བཅུ་བདུན་བཞེས་པའི་སྐོར་མི་བཤད། འདིའི་ནང་ན་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ལ་ཡིད་ཆེས་དེ་ཙམ་མེད་པར་རང་ཉིད་མཆོག་ཏུ་འཛིན་པའང་ཡོད་ཚོད་རེད། དེས་ན་ངས་རྗེ་ཉིད་ཀྱིས་མི་ཚེ་འདིར་བརྩམས་གནང་མཛད་པའི་མདོ་སྔགས་རིག་གནས་དང་བཅས་བསྟན་བཅོས་གྲགས་ཅན་སྐོར་ཅིག་ངོ་སྤྲོད་བྱེད།

    རྗེ་ཉིད་དགུངས་གྲངས་ཉེར་གཉིས་ཡིན་དུས་བློ་གསལ་བགྲོད་པའི་ཐེམ་སྐས་མཛད་པ་དང་ཉི་ཤུ་རྩ་བཞིའི་སྐབས་སུ་སྙན་ངག་རྟག་ཏུ་ངུའི་རྟོགས་བརྗོད་དཔག་བསམ་ལྗོན་པ་མཛད་པ་ནས་བཟུང་། གསུང་རྩོམ་ཐོར་བུའི་སྐོར་གསུང་འབུམ་ཁ་པོད་ནང་ཡོད་པ་ལ་ལྟོས་དང་དེའི་སྐབས་དེར་གངས་རིའི་ལྗོངས་ཀྱི་སྙན་ངག་སྨྲ་བ་གཅིག་བུར་གྱུར་ཡོད། ཚིག་གི་དག་ཆ་དང་ཚིག་རྒྱན། སྡེབ་སྦྱོར། སྙན་ངག མངོན་བརྗོད་བཅས་ནི་བསྟན་བཅོས་ཕུལ་བྱུང་རྩོམ་པ་ལ་མེད་དུ་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། དེ་ཡང་རྗེ་ཙོང་ཁ་པ་ཆེན་པོ་ལ་གཞོན་ནུའི་དུས་ནས་རང་རྩལ་རྫོགས་འདུག

   རྗེ་ཉིད་དགུང་ལོ་སོ་གཅིག་ཡིན་དུས་ཕར་ཕྱིན་སྤྱི་དོན་ལེགས་བཤད་གསེར་འཕྲེང་ལྗགས་རྩོམ་མཛད། སྟག་ཚང་ལོ་ཙ་བས་སྔོན་ཆད་རྗེ་བླ་མ་ལ་འགལ་བའི་ཁུར་བོ་བཅོ་བརྒྱད་ལ་སོགས་པས་གླེང་འགེལ་བྱས་མྱོང་མོད། རྗེས་སུ་ལེགས་བཤད་གསེར་འཕྲེང་གཟིགས་ནས་ཤིན་ཏུ་ནས་ཀྱང་ཡ་མཚར་སྐྱེས་ཏེ་མཁས་པ་རིགས་པའི་རྗེས་སུ་འབྲངས་པའི་བསྔགས་བརྗོད་མཛད། ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།། མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།། བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།། ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།ཞེས་འགྱོད་ཚངས་དང་བཅས་བསྟོད་བསྔགས་མཛད་ཡོད་པ་རེད།
རྗེ་དགུང་ལོ་སོ་དྲུག་པ་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་ལྟར་འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་འོལ་ཁ་ཆོས་ལུང་དུ་ཕེབས་ནས་བསགས་སྦྱངས་མཛད། ཕུང་བོ་གསུམ་པ་བཤགས་པའི་མདོ། ཟེར་བ་ལྟར་ལྟུང་བཤགས་དང་སྦྲགས་ནས་ཕྱག་འཚལ། ཕྱག་འབུམ་ཕྲག་སུམ་ཅུ་སོ་གསུམ་འཚལ་བས་གཤེགས་ལྷ་སོ་ལྔའི་ཞལ་གཟིགས། རྡོ་ལ་མནྜལ་ཕུལ་ཏེ་ཕྱག་ངར་བརྡོལ།

   སྤྱིར་ན་རྗེ་ཙོང་ཁ་པ་ཆེན་པོས་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས་བྱུང་བའང་ལོ་འདི་དག་ཡིན། དཔེར་ན། གསང་རྣམ་ལས། ལྷ་མའི་སྟོན་པ་ཤཱཀྱའི་རྒྱལ་བོ་དང་།།སྨན་གྱི་བླ་དང་འདྲེན་པ་འོད་དཔག་མེད།། འཁོར་ཚོགས་རྒྱ་མཚོའི་དབུས་ན་ལྷང་ངེ་བ།། མངོན་སུམ་གཟིགས་པ་རྗེ་བཙུན་ཆོས་ཀྱི་རྗེ།།དཔལ་ལྡན་བླ་མའི་ཞབས་ལ་་་་་།། ཞེས་དང་། དངོས་གྲུབ་འབྱུང་གནས་རྗེ་བཙུན་སྒྲོལ་མ་དང་།། གཙུག་ཏོར་རྣམ་རྒྱལ་འཕགས་མ་འོད་ཟེར་ཅན།། བར་ཆད་ཀུན་སེལ་གཙུག་ཏོར་གདུགས་དཀར་སོགས།། ལྷག་པའི་ལྷ་རྣམས་ཡང་ཡང་གསལ་བར་གཟིགས།། ཞེས་སོགས་ཀྱང་སྐབས་དེ་དག་ལ་ཁེལ།

   རྗེ་བཙུན་བྱམས་མགོན་གསེར་གྱི་རི་བོ་ལྟ་བུ་ཞིག་ཞལ་གཟིགས་པའི་རྟེན་འབྲེལ་གྱིས་འོལ་ཁར་རྫིང་ཕྱིའི་བྱམས་པ་ཞིག་གསོས་མཛད་པ་དགུངས་གྲངས་སོ་བརྒྱད་པའི་སྟེང་ཡིན། དེ་དུས་བྱམས་བསྟོད་ཚངས་པའི་ཅོད་པན་གསུངས།། དེ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པ་ཁོང་གིས་ཚིག་སྦྱོར་བསྒྲིག་པ་ལྟ་བུ་ཞིག་ཡིན་ནི་རེད། དོན་གྱི་ངོ་བོ་གོ་རིམ་འཇམ་དབྱངས་ཀྱིས།། གསལ་བར་གསུངས་པའི་ཚིག་སྦྱོར་ལེགས་སྦྱར་བ།། ཞེས་གསང་བའི་རྣམ་ཐར་ལས་གསུངས་ཡོད་པ་རེད།
དགུངས་གྲངས་བཞི་བཅུའི་སྟེང་གཉལ་གྱི་ལུང་ར་ཆེན་མོ་མཛད། ཡང་མཁས་གྲུབ་ཐམས་ཅད་མཁྱེན་པས། རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ།། ཟབ་མོ་རྟེན་འབྱུང་གཏམ་གྱིས་བགྲོ་བ་མཛད།། དེ་ཡི་ནང་ནས་དཔལ་ལྡན་སངས་རྒྱས་བསྐྱངས།། རྒྱ་དཔེས་བྱིན་རླབས་འཕགས་པའི་དགོངས་པ་འཁྲུངས།། ཞེས་སོགས་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལྔས་ཞལ་གཟིགས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དབུ་མའི་ལྟ་བ་མཐར་ཐུག སྟོང་བ་རྟེན་འབྱུང་དང་རྟེན་འབྱུང་སྟོང་བའི་དོན་དུ་འཆར་ཚུལ་དབུ་མ་ཐལ་འགྱུར་བའི་དགོངས་པ་ཟབ་མོ་ཡང་དག་པ་ཐུགས་རྒྱུད་ལ་འཁྲུངས་ཏེ། སྟོན་པ་ཐུབ་པའི་དབང་པོ་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་པ། བསྟོད་པ་ལེགས་བཤད་སྙིང་བོ་ཆུང་བ་བརྩམས། དེ་དུས་རྗེ་ཉིད་དགུང་གྲགས་ཞེ་གཅིག་རེད། ང་ཚོས་རྒྱུན་དུ་ཞལ་འདོན་བྱེད་པའི་རྟེན་འབྲེལ་བསྟོད་པ་ཟེར་བ་དེ་ཡིན།

       རྗེ་དགུང་གྲངས་བཞི་བཅུ་ཞེ་གསུམ་པ་ཙམ་ཤིག་ལ། ལམ་གྱི་གཙོ་བོ་རྣམ་གསུམ་ད་རེབ་ཀྱི་ཁྲིད་བྱ་འདི་གསུངས་པ་རེད། འདི་ནམ་བརྩམས་ཀྱི་ལོ་ཚིགས་གསལ་ཁ་མེད་པ། བཤད་ཚུལ་གཉིས་ཡོད་པ་ཞིག་ཡིན་མོད། གཤམ་ནས་ནམ་གསུངས་ཀྱི་ལོ་ཚིགས། ལུང་དང་ལོ་རྒྱུས་ཀྱི་བདེན་དཔང་། མཐའ་དཔྱད་པ་བཅས་གསལ་བོར་འཆད་རྩིས་ཡིན།

    དགུང་གྲངས་ཞེ་དྲུག་པ་ལ། རྭ་སྒྲེང་དུ་བྱང་ཆུབ་ལམ་རིམ་ཆེན་མོ་དང་ལམ་མཆོག་སྒོ་འབྱེད་། ལམ་རིམ་ཆུང་ངུ་བཅས་བརྩམས། མགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་ཐོབ་པའི་བར་གྱི་ལམ་གྱི་རིམ་པ། གཞུང་ལུགས་ཀྱི་སྤྱི་སྐད་མ་ཉམས་པ། གོ་རིམ་མ་འཁྲིགས་པ། ས་བཅད་མ་ནོར་བ་སོགས་ཀྱི་སྒོ་ནས། མཉམ་མེད་ཇོ་བོ་ཨ་ཏི་ཤའི་བྱང་ཆུབ་ལམ་སྒྲོན་བརྗོད་བྱར་བཟུང་སྟེ། བོད་གངས་ཅན་གྱི་ལྗོངས་འདི་ན་གྲོ་ལུང་བའི་བསྟན་རིམ་ཆེན་མོ་སོགས་ལེགས་བཤད་གྲགས་ཅན་ཡོད་ནའང་། དེ་དག་ལས་ཁྱད་པར་འཕགས་པའི་གངས་ཅན་གྱི་ཁྱད་ནོར་ལེགས་བཤད་འདི་གསུངས་པ་རེད། ཞིབ་ཏུ་ལྟོས་དང་འདྲ་འདྲ་བསམ་ཡང་གཏན་ནས་འདྲ་ས་མ་རེད། ལེགས་བཤད་ཟེར་ན་འདི་འདྲ་དགོས་ཀྱི་རེད།

   གཞན་ཡང་། སྔགས་རིམ་ཆེན་མོ་ཞེས་རྒྱུད་སྡེ་འོག་མའི་མཚན་བཅས་མཚན་མེད་ཀྱི་རིམ་པ། རྒྱུད་སྡེ་གོང་མའི་བསྐྱེད་རིམ་དང་རྫོགས་རིམ། ཕ་རྒྱུད་དང་མ་རྒྱུད་ཀྱི་སྒྱུ་ལུས་དང་འོད་གསལ་ཟུང་དུ་འཇུག་ཚུལ་བཅས་སྔོན་ཆད་ས་སྐྱ་པན་ཆེན། རྗེ་བཙུན་མི་ལ་རས་པ་སོགས་མཁས་གྲུབ་དུ་མས་ཉམས་རྟོགས་ལ་འཁྲུངས་ཀྱང་ལེགས་བཤད་ཀྱི་བསྟན་བཅོས་ལ་མ་ཐོན་པ་མང་པོ་རྗེ་བླ་མས་འཇིག་རྟེན་འདིར་གསལ་བར་མཛད་པ་རེད། སྟག་ཚང་ལོ་ཙ་པས། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག། རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།། རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།། སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།། ཞེས་བསྟོད་བསྔགས་གསུངས་པའང་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་ཁྱད་ཆོས་ཁོ་ན་ཡིན་པར་མ་ཟད། རབ་བཏགས་དང་འཁྱོག་བརྗོད་སོགས་མ་ཡིན་པར་རང་བཞིན་དྲང་པོར་བསྟོད་པ་རེད། སྔགས་རིམ་ཆེན་མོ་དེ་རྗེ་དགུང་གྲངས་ཞེ་དགུ་པ་ལ་བརྩམས་གནང་མཛད་པ་རེད།
ལྷག་པར་གྲུབ་མཐའ་འཇོག་པ་ལ་གྲུབ་མཐའི་གཞུང་རྩོམ་དགོས་པ་རེད། གཞུང་ལུགས་མེད་པའི་གྲུབ་མཐའ་ལ་གྲུབ་མཐའ་ཟེར་བ་མ་རེད། གཅམ་བུ་ཚིག་གི་ངོ་བསྟོད་ཙམ་ཡིན། དཔེར་ན། ཕྱི་རོལ་མུ་སྟེགས་པའི་སྟོན་པ་ལ་སྟོན་པ་ཟེར་བ་ཙམ་རེད། དེས་ན་རྗེ་བླ་མས་གྲུབ་མཐའི་རྫོང་། ལྟ་བའི་གནད། རིགས་པའི་ཕུལ། ཉམས་ལེན་གྱི་མཐིལ་དུ་ཕྱུངས་བའི་ལེགས་བཤད་གང་ཡོད་ཟེར་ན། རྗེ་བླ་མའི་ལྕགས་གཞུ་ལྕགས་མདའ། རང་ལ་བསོད་ནམས་ཀྱི་ཚོགས་བསགས་དང་ཤེས་རབ་ཀྱི་རྩལ་མེད་ན་འགེངས་མི་ཐུབ་པ། ཡོད་ན་ལྟ་བ་མཐར་ཐུག་གཞན་ལ་བཙལ་མི་དགོས་པ། ལྟ་བའི་ལེགས་བཤད་ཆེན་པོ་དྲང་ངེས་ལེགས་བཤད་སྙིང་བོ་དང་དབུ་མ་རྩ་ཤེས་ཊིཀ་ཆེན་ཟེར་བ་གཉིས་ཡོད། དེ་གཉིས་རྗེ་དགུང་གྲངས་ང་གཉིས་ཡིན་དུས་བརྩམས་གནང་མཛད་པ་རེད།

   སྤྱིར་ན་རྗེ་བླ་མས་དབུ་མའི་ལྟ་བ་སྔོན་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་ལྷ་སྡིངས་ན་བཞུགས་དུས་རྙེད་ཟིན་མོད། 

ཁོང་དགུང་ལོ་ང་གཉིས་ལ་སོན་པའི་བར་དབུ་མའི་བསྟན་བཅོས་མཐར་ཐུག་དེ་མ་མཛད་པར་བཞག་པའང་ལྟ་བ་སྲ་བརྟན་འགྱུར་མེད་དུ་མ་སོང་བར་མ་མཛད་པ་རེད་སྙམ། དྲང་ངེས་ལེགས་བཤད་སྙིང་བོའང་ལམ་རིམ་གྱི་ལྷག་མཐོང་ཆེན་མོ་རྨང་གཞིར་བཟུང་སྟེ་དབུ་སེམས་ཐལ་རང་གི་གྲུབ་མཐའི་ཕྲ་ཞིབ་རྣམས་དང་གང་ལ་བསྟེན་པའི་མདོ་སྡེ་རྣམས་ལ་དྲང་ངེས་ཀྱི་ཁྱད་པར་ཕྱེ་སྟེ་གསུངས་པ་རེད། ངོ་མ་འཇིག་རྟེན་ན་དེ་ལས་ལྷག་པའི་གྲུབ་མཐའི་ལྟ་བའི་གནད་འགག་བཤད་པའི་ལེགས་བཤད་ཡོད་པ་མ་རེད་བསམ། ངས་སྔོན་ཆད་བླ་བྲང་བཀྲ་ཤིས་འཁྱིལ་ནས་དྲང་ངེས་ལེགས་བཤད་སྙིང་བོ་བློ་ལ་བཟུང་། བློ་ཐོག་ནས་ཚར་བརྒྱད་ཅུ་ལྷག་སྐྱོར་སྦྱངས་སོང་ཡོད། ཚོགས་རྒྱུགས་ལ་ཕུལ། བླ་མ་འཇམ་པའི་དབྱངས་གུང་ཐང་རིན་པོ་ཆེས་ང་ལ་ནབས་བཟའ་གཟན་ཤབས་ཆ་ཚང་ཞིག་དགའ་རྟགས་ལ་གནང་མྱོང་། དེས་རྐྱེན་གྱིས་ང་བླ་མ་ཡང་ཉན་སོང་། དགེ་རྒན་རྣམ་པའི་བཀའ་དྲིན་ཡིན་བསམ་ཡོད། ངས་ང་ཡ་མཚན་ཡིན་ཟེར་བ་གཏན་ནས་མིན། ང་ཚོ་ཚང་མས་ཀྱང་འདི་ལྟ་བུའི་ལེགས་བཤད་ཀྱི་ནོར་བུ་ང་ཚོ་ལ་ཡོད་པ་ཤེས་དགོས། ཤེས་པ་ཙམ་དུ་མ་ཟད་སློབ་དགོས། བསླབ་ནས་རྒྱུད་ལ་ལེན་དགོས།

    དེ་ལྟར་མ་ཐུབ་ཀྱང་སྨོན་ལམ་ཚུན་ཆད་ཀྱིས་ལྟ་བའི་ལེགས་བཤད་འདི་དག་ལ་བརྟེན་ནས་དབུ་མའི་ལྟ་བ་ལ་བག་ཆགས་རེ་འཇོག་ཨེ་ཐུབ་ལྟ་དགོས། དེ་རབ་ཏུ་བྱུང་བའི་དགོས་པ་རེད་བསམ་གྱིན་ཡོད། (ལག་པས་མིག་ཆུ་ཕྱི་བཞིན། དགོངས་པ་མ་ཚོམ། དེ་རིང་ང་ལ་མིག་ཆུ་ཤོར་སོང་། ཉུང་ཙམ་བསྡད་རྗེས) ཁྱོད་ཚོས་རྗེ་ཙོང་ཁ་ཆེན་པོ་གཙོས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་ལ་བལྟོས། དེ་དག་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་རྣམས་ཤེས་ན་དད་པ་སྐྱེས་འོང་། དེ་མིན་ཀྱང་མ་མཐའ་ཡང་ཕྱོགས་ཞེན་དང་མི་དད་པ་མི་སྐྱེ། ང་ཚོ་ལ་དགོས་པ་དེ་ཡིན། དེ་སེམས་གཏམ་ཡིན།

    ད་དཀྱུས་ལ་འཇུག རྗེ་དགུང་གྲངས་ལྔ་གསུམ་ཡིན་དུས་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས། དགའ་ལྡན་དགོན་པ་བཏབ། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གིས། ང་གསུམ་ས་མོ་གླང་ལ་དགའ་ལྡན་བཏབ།། རེ་གསུམ་ཕག་ལ་བྱམས་པའི་མདུན་སར་གཤེགས།། རྗེས་འཇུག་དགོན་དང་སློབ་མས་ས་སྟེང་གང་།། སྲིད་ན་འགྲན་ཟླ་བྲལ་བའི་རྣམ་ཐར་ཡིན།། ཞེས་གསུངས་ཡོད། དངོས་གནས་དེ་གཉིས་ཀ་མཛད་པ་ཆེན་པོ་རེད། རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་དག་ཇི་ལྟར་བགྲངས་པའི་སྐོར་ལ་ང་བཤད་རྒྱུ་མང་། འོན་ཀྱང་ད་རེབ་མི་བཤད། དགའ་ལྡན་དགོན་པ་བཏབ། ལྷ་ལྡན་སྨོན་ལམ་བཙུགས་ཕྱིན་ནས་བཟུང་གཙོ་བོ་སྔགས་ཀྱི་སྐོར་བསྟན་བཅོས་བརྩམས་པ་མང་། མཚོན་ཙམ་བཤད་ན།

    རྗེ་དགུང་གྲངས་ང་བཞི་ཡིན་དུས་དགའ་ལྡན་དུ་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྣམ་བཤད་དང་ལྷ་མོ་བཞིས་ཞུས་པ་མཛད། དགུང་ལོ་ང་ལྔ་པ་ལ་གསང་འདུས་རིམ་ལྔ་གསལ་སྒྲོན་དང་རིམ་ལྔ་གདན་རྫོགས་མཛད། དགུང་ལོ་ང་བརྒྱད་པ་ལ་གསང་འདུས་འགྲེལ་བ་བཞི་སྦྲགས་མཛད།  དགུང་ལོ་རེ་གཉིས་པ་ལ་འཇུག་ཊཱིཀ་དགོངས་པ་རབ་གསལ་དང་བདེ་མཆོག་སྦས་དོན་ཀུན་གསལ་མཛད་པ་སོགས་ཧ་ལས་པའི་དཀའ་ལས་གནང་། ལེགས་བཤད་ས་སྟེང་ན་གྲགས་པ་དེ་དག་བརྩམས། རྗེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་དང་བཅས་ན་པོད་བཅོ་བརྒྱད་ཡོད་པ་དེ་རེད། པོད་གྲངས་ཀྱིས་བཤད་ན་དེ་ཙམ་མི་མང་མོད། གཙོ་བོ་བསྟན་བཅོས་གང་ལས་བརྩམས་པའི་བརྗོད་བྱ། རྒྱབ་བསྟེན་ལུང་དང་རིགས་པས་དགག་སྒྲུབ། མཁས་པ་མགུ་བ་བསྐྱེད་པའི་བཤད་པ། གདུལ་བྱ་རྗེས་སུ་འཛིན་པའི་འཕྲིན་ལས། བསྟན་པ་སྤྱི་ལ་ཕན་པའི་
བཟང་པོ་སོགས་ཕྱོགས་ཡོངས་ནས་ལེགས་བཤད་ཆེན་པོའི་གྲས་སུ་འགྲོ་དགོས་པ་མ་གཏོགས། པོད་གྲངས་མང་བ་ཙམ་གྱིས་འཇོག་ན། བོ་དོང་པ་པོད་དགུ་བཅུ་གོ་དྲུག་ཡོད་པ་རེད། འོན་ཀྱང་། དེ་ནི་དེང་རབ་ཀྱི་སྐད་ཆས་བཤད་ན་རྩོམ་སྒྲིག་པ་ལྟ་བུ་ཞིག་ཡིན་པ་བལྟས་ན་ཧ་གོ་ཡོང་། དེ་ལ་རྩོམ་པ་པོ་ཟེར་དཀའ་ཚོད་རེད། དེང་རབས་ཡང་ལམ་རིམ་རྩོམ་པ། གཞུང་རྩོམ་པ། དྲང་ངེས་རྩོམ་པ་སོགས་ཡོད་ཀྱང་དོན་དུ་ནི་གཞན་གྱི་གཞུང་ལས་འཇབ་ཏེ་བརྐུས་པ་རེད། ཧ་ཧ་ཧ། ད་མང་པོ་མི་བཤད། དེས་ན་དེ་རིང་རྗེ་ཙོང་ཁ་པ་ཆེན་པོ་ལ་"གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ"ཞེས་པ་ཇི་ལྟར་ཐོགས་པའི་ཚུལ་ཁོང་གི་འཆད་རྩོད་རྩོམ་གྱི་མཛད་རྗེས་ཡིད་ལ་ཤར་ཚོད་ཙམ་བཤད་ཁུལ་བྱས། ད་དེ་ཙམ་གྱིས་ཆོག་པར་བྱ།



གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་ཚུལ་བརྗོད་པ།

ལམ་གཙོ་རྣམ་གསུམ་གྱི་ཁྲིད།

༼ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འཆད་ཁྲིད་ལས་ཟུར་དུ་བཀོད་པ།༽

ཁག་གཉིས་པ།

གཉིས་པ། 

    ད་ལམ་གཙོ་རྣམ་གསུམ་འདི་ཆེད་དུ་བྱ་བའི་གདུལ་བྱ་གང་ལ། གནས་གང་དུ། དུས་ནམ་ཞིག་ལ་གསུང་པ་བཤད།

ལམ་གཙོ་འདི་རྗེ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་ཀྱིས་དགུང་ལོ་ཞེ་གསུམ་བཞེས་པ། རབ་བྱུང་བདུན་པའི་ས་ཡོས༼སྤྱི་ལོ༡༣༩༩༽ལོར། ཨེ་ཏེའུ་རའམ་གཡེའི་ཏེའུ་རར་བཞུགས་དུས།ཐུགས་ཀྱི་སྲས་པོ་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་མཆོག་མདོ་སྨད་དུ་མ་ཕེབས་གོང་རྒྱལ་རོང་གི་ཡུལ་དུ་དགོན་སྡེ་གྲངས་བཅད་ཅིག་འཛུགས་རྒྱུའི་དམ་བཅའ་ཕུལ་བ་ལྟར། ཚང་བའི་ཐ་མ་ལ། ད་ཚང་ལྷུན་གྲུབ་དགོན། ཞེས་པ་བཏབ་ནས་གནས་ཚུལ་ཞུ་ཡིག་འབྱོར་བའི་ལན་དུ། ཚུལ་ཁྲིམས་སྲུང་བའི་བསླབ་བྱ་དང་། ལམ་གཙོ་བརྩམས་ནས་བསྐུར་གནང་མཛད་པ་རེད།

    དེས་ན་ཆེད་དུ་བྱ་བ་རྗེ་ཚ་ཁོ་པ་ལྟ་བུ་ཐུན་མོང་ལམ་སྦྱངས་སྔོན་དུ་སོང་ཟིན་པའི་གདུལ་བྱ་དབང་བོ་རྣོན་པོ་ལ་གསུངས་པ་ཡོན་མོད། ཆེད་དུ་བྱ་བའི་གདུལ་བྱ་ལ་དབང་པོ་རྣོ་རྟུལ་གཉིས་ཡོད་ནའང་མི་འགལ་སྙམ་མོ།། ད་ལམ་གཙོ་ནམ་གསུངས་ཀྱི་ལོ་ཚིགས་སྐོར་ཚན་པ་གཉིས་སུ་ཕྱེས་ནས་བཤད་ན།

༡. ལོ་ཚིགས་སྟོན་པའི་ལུང་འགོད་པ།

       འབྲུག་རྒྱལ་དབང་ཆོས་རྗེའི་བརྩམས་པའི་རྗེ་རྣམ་ཐར་ལས།
"དེ་སྐབས་སློབ་མའི་ཐུ་བོ་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ནས་སྔ་སོར་ཁམས་སུ་ཕེབས་གོང་རྒྱལ་རོང་གི་ཡུལ་དུ་དགོན་སྡེ་གྲངས་བཅད་ཅིག་འཛུགས་རྒྱའི་དམ་བཅའ་ཕུལ་བ་ལྟར་ཚང་བའི་མཐའ་མ་ལ་ད་ཚང་དགོན་པ་ཞེས་པ་བཏབ་ནས་གནས་ཚུལ་ཞུ་ཡིག་ཕུལ་བའི་ལན་དུ། ཚུལ་ཁྲིམས་སྲུང་བའི་བསླབ་བྱ་དང་།ལམ་གྱི་གཙོ་བོ་རྣམ་གསུམ་བརྩམས་ནས་བསྐུར་བར་མཛད། "(༥)ཞེས་དང་། འཕྲིན་ཡིག་དེའི་མཇུག་ཏུ།"ཆོས་ཀྱི་བློ་ལྡན་ངག་དབང་གྲགས་པ་ཁྱོད། །ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིག་འཚང་རྒྱའི་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ"། །ཞེས་སྩལ་ཅིང་། ལམ་གཙོ་རྣམ་གསུམ་གྱི་མཇུག་ཏུའང་། གཏན་གྱི་མདུན་མ་མྱུར་དུ་སྒྲུབ་ཤིག་བུ།། རྗེ་ཚ་ཁོ་པ་ལ"བུ"ཞེས་སྙིང་ཉེ་བའི་ཚིག་གིས་བོས་ནས་གཞན་དང་མི་མཚུངས་པའི་ཐུགས་བརྩེ་དང་རྗེས་སུ་བཟུང་ཡོད་པ་མཚོན་ལ། ཕྱིས་སུ་སླར་ཡང་ཡི་གེ་ཕུལ་བའི་ལན་དུ་ལམ་རིམ་ཆེན་མོ་བརྩམས་ནས་བསྐུར་བ་རེད།

     དེ་ལྟར་ན་ལམ་གཙོ་རྣམ་གསུམ་ནམ་གསུངས་ཀྱི་ལོ་ཚིགས་འདི། ཚ་ཁོ་དབོན་པོ་ངག་དབང་གྲགས་པ་མཆོག་ཡུལ་མདོ་སྨད་དུ་ནམ་ཕེབས་ལ་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན།

རྒྱུ་མཚན་ནི། ཚ་ཁོ་ངག་དབང་གྲགས་པ་མཆོག་ཡུལ་མདོ་སྨད་དུ་ཕེབས་དུས་རྗེ་ཐམས་ཅད་མཁྱེན་པས་ལེགས་སྐྱེས་སུ་ལམ་གཙོ་རྣམ་གསུམ་བརྩམས་ཏེ་ཕུལ་བ་ཁོང་གིས་ཕྱག་ཏུ་བསྣམས་ཏེ་མདོ་སྨད་དུ་ཕེབས་ལུགས་དང་། གོང་དུ་དྲངས་པའི་འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེ་རྣམ་ཐར་ལས་གསུངས་པ་ལྟར། ཚ་ཁོ་ངག་དབང་གྲགས་པ་མཆོག་མདོ་སྨད་དུ་ཕེབས་ཏེ་དགོན་པ་གྲངས་ཚང་བ་བཏབ་རྗེས། རྗེ་རིན་པོ་ཆེ་ལ་སྙན་ཞུ་ཕུལ་བའི་ཞུ་ཡིག་གི་ལན་དུ་སྐྱེས་སུ་བསྐུར་བའི་བཤད་ལུགས་གཉིས་ཡོད་པ་རེད།

   དེས་ན་ཐོག་མར་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་མཆོག་ཡུལ་མདོ་སྨད་དུ་ནམ་ཞིག་ལ་ཕེབས་པའི་ལོ་ཚིགས་ཤེས་དགོས་པ་འདི་ཧ་ཅང་གནད་ཆེ་བས་ང་ཚོས་དཔྱད་པ་གཏོང་དགོས་པ་ཞིག་རེད།
མདོ་སྨད་ཆོས་འབྱུང་ལས། ད་ཚང་དགོན་ལྷུན་གྲུབ་གླིང་གི་བྱུང་བ་བཤད་པའི་སྐབས་སུ། "མཁན་ཆེན་ངག་དབང་གྲགས་པས་དགོན་སྡེ་བརྒྱ་རྩ་བརྒྱད་འདེབས་པའི་དམ་བཅའ་གྲུབ་པས་ད་ཚང་དུ་ཐོགས་ཟེར།"ཞེས་དང་། "རྗེ་འདི་བ་དང་ལྕེ་ནག་པ་གཉིས་ལ་མདོ་སྨད་དུ་བསྟན་པ་སྤེལ་བའི་བཀའ་བབས། འདི་བ་ལྕགས་སྟག་ལོ་མགོར་མདོ་སྨད་དུ་ཐོན། ཕྱི་ལོ་ཡོས་ཀྱི་དབྱར་ཟླ་ར་བ་ལ་ལྕེ་ནག་པ་ཡང་བྱོན།"(༦)ཞེས་འཁོད་ཡོད།
དེ་ལ་ཁུངས་བཙུན་པར་འདོད་ནས་ཚེ་ཏན་ཞབས་དྲུང་ཚང་གིས། བསྟན་རྩིས་ཀུན་བཏུས་ལས། རབ་བྱུང་བདུན་པའི་ལྕགས་སྟག༼སྤྱི་ལོ༡༤༡༠༽ལོར། ཚ་ཁོ་ངག་དབང་གྲགས་པ་ཨ་མདོར་བྱོན་པར་གསུངས། (༧)འདི་གཉིས་ཀས་ཀྱང་ལྗགས་ནག་པའི་རྣམ་ཐར་ཡོངས་འདུས་ལྗོན་པ་ལ་ཁུངས་བསྟུན་པ་ཡིན་ཏེ། རྣམ་ཐར་དེ་ལས། དེ་ནས་ཚ་ཁོའི་དབོན་ནི་སྟག་ལོའི་ལོ་མགོར་རང་ཡུལ་དུ་བྱོན། རོང་བོ་ལྗགས་ནག་པ་ནི་ཡོས་ཀྱི་དབྱར་ཟླ་ར་བ་ལ་མར་ཕེབས་པ་ཡིན་ནོ།(༨)ཞེས་འཁོད་ཡོད།

༢. མཐའ་དཔྱད་པ།

       ལྗགས་ནག་པའི་རྣམ་ཐར་ལས། སྟག་ལོའི་ལོ་མགོར། ཞེས་པ་ཙམ་མ་གཏོགས། ལྕགས་སྟག་ཅེས་གསལ་ཁ་བཏོད་མེད་པས། མདོ་སྨད་ཆོས་འབྱུང་དང་བསྟན་རྩིས་ཀུན་བཏུས་ལས་རྗེ་དགུང་གྲངས་ང་བཞི་བཞེས་པའི་ལྕགས་སྟག་ལ་འདོད་པ་ནི་ཧ་ཅང་མ་བརྟག་པའི་གཏམ་དུ་སྣང་སྟེ། རྒྱུ་མཚན་འོག་ཏུ་འཆད་པར་འགྱུར་རོ། དེས་ན་སྟག་ལོའི་ལོ་མགོར། ཞེས་པ་དེ་རྗེ་དགུང་གྲངས་ཞེ་གཉིས་བཞེས་པའི་ས་སྟག་ཀྱང་མ་ཡིན་པར་རྗེ་དགུང་གྲངས་སུམ་བཅུ་པ་རབ་བྱུང་དྲུག་པའི་བགྲང་བྱ་དྲུག་ཅུ་པ་མེ་སྟག་ཡིན་པར་འདོད་དོ།།ཅིའི་ཕྱིར་ཞེ་ན། རྗེ་དགུང་ལོ་སོ་ལྔའི་རྗེས་སུ་ཚ་ཁོ་ངག་དབང་གྲགས་པ་དབུས་གཙང་དུ་མེད་པ་ལུང་རིགས་དུ་མས་གྲུབ་པའི་ཕྱིར་དང་། དེའི་སྔོན་གྱི་སྟག་ལོ་ནི་མེ་སྟག་ཁོ་ནར་འཐད་པ་རེད།
མདོ་སྨད་ཆོས་འབྱུང་ལྟར་ན། ༡༤༡༠ལོ་དེ་ནི་རྗེ་ཙོང་ཁ་པ་ཆེན་པོ་དགུང་གྲངས་ང་བཅུ་ང་བཞི་བཞེས་པ"རབ་བྱུང་བདུན་པའི་ལྕགས་སྟག"ཞེས་པ་དགའ་ལྡན་དགོན་པ་བཏབ་པའི་ཕྱི་ལོ་ཡིན་ལ། རྗེ་དགུང་གྲངས་ལྔ་བཅུ་ང་བཞིར་མ་ཟད། དགུང་གྲངས་སོ་ལྔའི་རྗེས་སུའང་ཚ་ཁོ་ངག་དབང་གྲགས་པ་དབུས་སུ་ཡོད་པ་མི་འཐད་པའི་རྒྱུ་མཚན་བཞི་ཡོད་དེ། རྗེ་འོད་ཁའི་ཆོས་ལུང་དུ་བྱ་བྲལ་ལ་བྱོན་པའི་ཚེ། རྗེ་ཚ་ཁོ་པ་ཡོད་ན། འཁོར་དུ་འཁྲིད་དགོས་མོད། དེ་དུས་ཕྱག་ཕྱི་ལ་མ་ཁྲིད་པའི་ཕྱིར་དང་། རྗེའི་མཛད་ཆེན་དུ་གྲགས་པ་རྫིང་ཕྱིའི་བྱམས་པ་ཞིག་གསོས་དང་གཉལ་གྱི་ལུང་ར་ཆེན་མོ། ཆོ་འཕྲུལ་སྨོན་ལམ་ཆེན་མོ། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་པ་སོགས་ཆོས་སྤྱོད་ཀྱི་བྱ་བ་རླབས་ཆེན་དེ་དག་གི་སྐབས་སུ་ཚ་ཁོ་ངག་དབང་གྲགས་པ་དབུས་གཙང་དུ་བཞུགས་པ་རྣམ་ཐར་གང་ནའང་མེད་ལ་མིང་ཟུར་ཙམ་ཡང་མ་སྨོས་པའི་ཕྱིར་དང་། རྗེ་དགུང་གྲངས་ཞེ་གསུམ་བཞེས་པ་ས་ཡོས་ལོར་ལམ་གཙོ་བརྩམས་ཏེ་བསྐུར་གནང་མཛད་པ་འི་ཕྱིར་དང་། ཚ་ཁོ་ངག་དབང་གྲགས་པ་སོགས་རྗེ་བྱ་བྲལ་ལ་མ་བྱོན་གོང་གི་སྲས་སྔ་ཚར་བཞི། ཞེས་པའི་ཚིག་གི་ནུས་པས་ཀྱང་ཤེས་ཐུབ་པ་ཞིག་རེད།

    དང་པོ་གྲུབ་སྟེ། རྗེ་དགུང་གྲངས་སོ་དྲུག་བཞེས་པ་ཆུ་སྤྲེལ་༼སྤྱི་ལོ༡༣༩༢༽(༩)ལོར། བྱ་བྲལ་ལ་ཕེབས་དུས་ཕྱག་ཕྱི་ལ་ཁྲིད་པའི་འཁོར་དག་པ་རྣམ་བརྒྱད་ཀྱི་གྲས་སུ་ཚ་ཁོ་ངག་དབང་གྲགས་པ་མེད་པའི་ཕྱིར། རྗེ་རྣམ་ཐར་དད་པའི་འཇུག་ངོགས་ལས། "དགུན་ལ་ཉེ་བ་སྤྲེའུ་ལོ་ཟླ་བ་བཅུ་པ་ལ་བབ་པ། དགུང་ལོ་སུམ་ཅུ་སོ་དྲུག་པ་ལ་སྐྱོར་མོ་ལུང་ནས་ཕྱགས་བཏེག སློབ་དཔོན་རིན་པོ་ཆེ་འཇམ་དཀར་བ་ཞེས་གྲགས་པ་དཔལ་ལྡན་བཟང་པོ་བ་དང་། རྟོགས་ལྡན་བྱང་སེང་པ། གནས་བརྟན་རིན་ཆེན་རྒྱལ་མཚན་པ། གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ། དགེ་བཤེས་ཤེས་རབ་གྲགས། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་དང་བཅས་ཕྱག་ཕྱིར་ཁྲིད། " (༡༠)ཅེས་གསུངས་པའི་ཕྱིར་དང་། འཁོར་དེ་དག་ཀྱང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལུང་བསྟན་ལྟར་ཕྱག་ཕྱིར་ཁྲིད་པར་ཐག་བཅད་པ་ཡིན་ཏེ། འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེའི་རྣམ་ཐར་ཆེན་མོ་ལས། "རྗེ་བཙུན་གྱི་བཀའ་བཞིན་སྒྲུབ་པ་ལ་འབྱོན་པར་ཐུགས་ཐག་བཅད། འཁོར་ཅི་ལྟ་བུ་འཁྲིད་རྗེ་བཙུན་ལ་ཞུས་པར་སློབ་དཔོན་རིན་པོ་ཆེ་འཇམ་དཀར་བ་དཔལ་ལྡན་བཟང་པོ། ཞེས་པ་ནས། དགེ་བཤེས་དཔལ་སྐྱོང་སྟེ་མདོ་སྨད་པ་བཞི་བཅས་འཁྲིད་ཆོག་པའི་གནང་བ་བྱུང་།" (༡༡)ཞེས་འབྱུང་པའི་ཕྱིར།

    གཉིས་པ་གྲུབ་སྟེ། རྗེའི་མཛད་ཆེན་བཞིར་གྲགས་པ་ལས་རྫིང་ཕྱིའི་བྱམས་པ་ཞིག་གསོས། གཉལ་གྱི་ལུང་ར་ཆེན་མོ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཅས་དེ་དག་གི་སྐབས་སུ་སྲས་ཀྱི་ཐུ་བོ་ཚ་ཁོ་ངག་དབང་གྲགས་པ་དབུས་གཙང་དུ་བཞུགས་པའི་གཏམ་ཟུར་ཙམ་ཡང་མེད་པའི་ཕྱིར་དང་། གལ་ཏེ་དེ་དུས་ཁོང་དབུས་གཙང་དུ་ཡོད་ན། རྗེ་ཉིད་ཐུགས་རྩིས་རབ་ཏུ་ཆེ་བའི་བུ་ལྟ་བུ། སློབ་མའི་གཙོ་བོའམ་སློབ་མའི་ཐོག་མ་ཚ་ཁོ་པ་ལྟ་བུས་ཕྱག་ཕྱི་སྒྲུབ་དགོས་པར་མ་ཟད། ཇི་ལྟར་སྒྲུབ་པའི་ཚུལ་རྗེའི་རྣམ་ཐར་ན་ཡོད་དགོས་པའི་ཕྱིར་ཏེ། དཔེར་ན། རྟག་ངུའི་རྟོགས་བརྗོད་ཀྱི་མཛད་བྱང་ལས། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་བ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་ངག་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ།། ཞེས་པ་ལྟ་བུ་དང་། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། "དེ་ནས་འོན་གྱི་ལྷ་ཁང་ཀེ་རུར་ཆོས་བར་ལ་བྱོན། ཚ་ཁོ་དཔོན་པོ་སོགས་སྡེ་སྣོད་འཛིན་པ་མང་པོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས།"ཞེས་དང་། "སྐབས་ཤིག་ཏུ། ཚ་ཁོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱང་གནས་མང་དུ་མཛད། དེའི་དུས་ནུབ་གཅིག་ཚེ། དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས། ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ།དེ་མ་ཁད་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུག། དེ་ལག་ལག་ཏུ་བླངས་ནས་བུས་པས། སྒྲ་ཆེན་པོ་དཔག་ཏུ་མེད་པ་གྲག་པ་ཞིག་རྨིས་འདུག་སྟེ། ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ།འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་པ་འདྲ།"(༡༢)ཞེས་པ་ལྟ་བུ་རྗེ་ཚ་ཁོ་པའི་མཚན་སྨོས་པ་རྗེའི་རྣམ་ཐར་དུ་མ་ནས་འབྱུང་དགོས་ཀྱང་མེད་པའི་ཕྱིར།

    རྟགས་གསུམ་པ་གྲུབ་སྟེ། ལམ་གཙོ་འདི་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་ཞེ་གསུམ་བཞེས་པ། རབ་བྱུང་བདུན་པའི་ས་ཡོས༼སྤྱི་

ལོ༡༣༩༩༽ལོར། ཨེ་ཏེའུ་རའམ་གཡེའི་ཏེའུ་རར་བཞུགས་དུས་བརྩམས་ཏེ་ཐུགས་ཀྱི་སྲས་པོ་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་མཆོག་ལ་སྐྱེས་སུ་བསྐུར་བ་ཡིན་པ་རྗེའི་རྣམ་ཐར་ཆེན་མོ་ན་ཤིན་དུ་གསལ་བར་གསུངས་ཡོད་པ་གོང་དུ་བཤད་ཟིན་པ་ནང་བཞིན་རེད།

   རྟགས་བཞི་བ་གྲུབ་སྟེ། བྱ་བྲལ་ལ་མ་ཕེབས་གོང་གི་སྲས་སྔ་ཚར་བཞི། ཞེས་པའི་ཚིག་ཟུར་ལས་ཀྱང་རྗེ་འོད་ཁ་ཆོས་ལུང་དུ་ཕེབས་ཕྱིན་ཚ་ཁོ་བ་དབུས་གཙང་དུ་མེད་པ་ཤེས་ཐུབ་པའི་ཕྱིར་རོ།།དེས་ན་མདོ་སྨད་ཆོས་འབྱུང་དང་བསྟན་རྩིས་ཀུན་བཏུས་ལས་རབ་བྱུང་བདུན་པའི་ལྕགས་སྟག་ལོར་༼༡༤༡༠༽ཚ་ཁོ་ངག་དབང་གྲགས་པ་མདོ་སྨད་དུ་བྱོན་པར་བཤད་པ་དེ་མཁས་པ་འཕྱུག་ན་འདོམ་གང་ཟེར་བའི་དཔེ་ལྟར་མ་སོང་ཀྱང་། པནྜི་ཏས་མཉམ་མ་བཞག་པའི་གཏམ་དུ་སྣང་སྟེ། རྒྱུ་མཚན་གོང་དུ་རྡོ་རྗེའི་གཏན་ཚིགས་བཞི་བཀོད་ཡོད་པ་དེ་ལྟར་རེད།

ཐུན་གསུམ་པའི་བཤད་པ།

      ཡ་ད་བཤད་པ་མགོ་རྩོམ། གོང་དུ་ང་ཚོས་ལམ་གཙོའི་གཞུང་འདི་རྩོམ་པ་པོ་གང་གིས། གདུལ་བྱ་གང་ལ། གནས་གང་དུ། དུས་ནམ་ཞིག་ལ་གསུངས་པའི་སྐོར་བཤད་ཚར། ད་ལམ་གཙོའི་གཞུང་དོན་སྐོར་ནས་ཉུང་ཙམ་བཤད་རྒྱུ་བྱེད། དེ་ཡང་གཞུང་སྤྱིའི་ཆ་ནས་ང་རང་གི་གོ་བ་ལོན་ཚོད་ཙམ་ལྟར་དེ་རིང་གི་དུས་ཚོད་དང་བསྟུན་ནས་བཤད། དུས་ཚོད་ཀྱང་མང་པོ་མེད་གི"ལམ་གཙོ་རྣམ་གསུམ"ཟེར་དོན་རྒྱལ་བའི་དགོངས་པ་མཐའ་དག་གི་སྙིང་བོ་གཅིག་ཏུ་བསྡུས་པའི་རྩ་བའམ་རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་བྱེད་གཞུང་ཤིང་ཡིན་པས་ལམ་གྱི་གཙོ་བོ་ཞེས་མིང་བཏགས་པ་རེད་སྙམ། ངེས་འབྱུང་གི་རྩིས་ཟིན་ན་ཐར་བའི་རྒྱུ་དང་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུ་དང་། ཡང་དག་པའི་ལྟ་བའི་རྩིས་ཟིན་ན་འཁོར་བའི་གཉེན་པོར་འགྲོ་བ་ཡིན། རྗེ་ཙོང་ཁ་པ་ཆེན་པོས་གཞུང་འདི་ལ་ལམ་གཙོ་རྣམ་གསུམ་དང་ལམ་རིམ་ལ་སྐྱེས་བུ་གསུམ་ཞེས་ཐ་སྙད་མཛད་ཡོད་པ་མ་གཏོགས། གཉིས་ཀ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྟོན་པའི་བསྟན་བཅོས་ཡིན་པ་འདྲ་འདྲ་ཡིན། སྔོན་ཆད་ལམ་རིམ་ཁྲིད་ཆེན་བརྒྱད་དུ་གྲགས་པ་ཡོད་ལ། དེང་དུས་ལམ་རིམ་ཁྲིད་ཆེེན་བཅོ་བརྒྱད་ཅེས་དཔེ་ཆ་རྒྱ་གར་ཡོངས་འཛིན་གླིང་བླ་བྲང་ནས་གཙོ་འགན་བཞེས་ཏེ་ཕྱོགས་བསྒྲིགས་བྱས་པ་ཡོད་པ་དེའི་ནང་ན་ལམ་གཙོ་ཡང་ཡོད།
      ལམ་གཙོ་དང་བྱང་ཆུབ་ལམ་རིམ་ཆེ་བ་གཉིས་ཀྱི་བརྗོད་དོན་གྱི་རིམ་པ་བསྡུར་ན། ལམ་རིམ་ཆེ་བ་ན་མགོ་བཤེས་གཉེན་བསྟེན་ཚུལ་ནས་སྐྱེས་བུ་ཆུང་འབྲིང་གི་སྐོར་འདི་ཧ་ཅང་རྒྱས་པར་ཡོད། ལམ་གཙོ་འདིར་དེ་དག་ཤིན་ཏུ་བསྡུས་པར་བསྟན་ཡོད། ཇི་ལྟར་ཞེ་ན། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་མཚོན་ན། ལམ་གཙོའི་རྩ་ཚིག་ལས། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ།།
ཞེས་པ་འདི་ཙམ་གྱིས་བསྟན་ཏོ།། དེ་ཡང་"སྤྱིར་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དད་པ་ལ་ཐུག ཁྱད་པར་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ། མཆོག་དང་ཐུན་མོང་བའི་དངོས་གྲུབ་མ་ལུས་པའི་གཞི་རྟེན། ས་ལམ་གྱི་རིམ་པ་སྐྱེ་བ་དང་གནས་པ་དང་། འཕེལ་བ་དང་མཐར་ཕྱིན་པར་བྱེད་པའི་བྱེད་པའི་རྒྱུ་དམ་པ་ནི་བླ་མ་བཤེས་གཉེན་དམ་པ་ཚུལ་བཞིན་དུ་བསྟེན་པ་ཁོ་ན་ལ་རག་ལས་པས།"(༡༣)ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཁྲིད་ཡིག་ལམ་བཟང་གསལ་བའི་སྒྲོན་མེ་ལས་འབྱུང་བ་ལྟར།ཐོག་མར་ལམ་གྱི་རྩ་བ་བཤེས་གཉེན་བསམ་དང་སྦྱོར་བས་བསྟེན་ཚུལ་འདི་བྱུང་བ་རེད།

    དེ་ནས་ལམ་ལ་སློབ་པ་དང་ལམ་སྒོམ་པ་གང་ཡིན་ཀྱང་། ཐོག་མར་ལམ་སྤྱིའི་གྲངས་དང་གོ་རིམ་མདོར་བསྡུས་སམ་གོ་བ་རགས་པ་ཞིག་ངེས་པའི་ཕྱིར་དུ། ལམ་གཙོའི་བརྗོད་བྱ་གཙོ་བོ། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་གསུམ་རིམ་པ་བཞིན་རྩ་བའི་ཚིག རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོའི་དོན།། རྒྱལ་སྲས་དམ་རྣམས་ཀྱིས་བསྔགས་པའི་ལམ།།སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ།། ཞེས་པ་འདིས་མདོར་བསྟན་དུ་གསུངས་པ་རེད། འོན་ཀྱང་། འདིའི་ཚིག་གི་དོན་ཐོབ་ལ་དཔྱད་ན། ཚིག་རྐང་དང་པོས་ཡང་དག་པའི་ལྟ་བ་དང་ཚིག་རྐང་གསུམ་པས་ངེས་འབྱུང་གི་བསམ་པ་བསྟན་ཚུལ་ལ་སྦྱར་ན་གོ་བ་ཧ་ཅང་བདེ་བོ་ཞིག་འབྱུང་གི་རེད།

    དེ་ནས་རྒྱས་པར་བཤད་པ་ལ། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས་། ཡང་དག་པའི་ལྟ་བ་གསུམ་ཡོད། ངེས་འབྱུང་གི་བསམ་པ་འཆད་པ་ལ། ཚེ་འདིའི་སྣང་ཤས་ལྡོག་པའི་ཐབས་བཤད་པ། ཕྱི་མའི་སྣང་ཤས་ལྡོག་པའི་ཐབས་བཤད་པ་གཉིས་ཡོད་པ། རྩ་བའི་ཚིག་ལས་། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ།། ཞེས་ཤོ་ལོ་ཀ་གཅིག་བྱུང་།དལ་འབྱོར་རྙེད་དཀའ་ཡིན་ན། རྒྱུ་དཔེ་ངོ་བོ་གསུམ་གྱི་སྒོ་ནས་རྙེད་དཀའ་ཚུལ། འཆི་བ་མི་རྟག་པ་ཡིན་ན། རྩ་བ་གསུམ། རྒྱུ་མཚན་དགུས་ཐག་བཅད་པ་གསུམ་ཡོད་པ། དེ་ནས་ལས་འབྲས། སྡུག་བདེན་གྱི་ཉེས་དམིགས། ཀུན་འབྱུང་གི་འཇུག་རིམ་སོགས་སྐྱེས་བུ་ཆུང་འབྲིང་གི་ལམ་གྱི་བགྲོད་རིམ་ཆ་ཚང་བར་རྗེ་ཙོང་ཁ་ཆེན་པོས་ལམ་རིམ་ན་གསུངས་ཡོད་པ་དེ་ལྟར་ཡིན་པས། ད་དེ་བཤད་མི་དགོས་པ་རེད། ཚང་མས་མཁྱེན་གསལ་ལྟར་རེད།

༡. ངེས་འབྱུང་གི་བསམ་པ་བཤད་པ།

     ངས་འདི་ནས་ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་གཉིས་ཀྱི་གོ་རིམ། བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་ངེས་འབྱུང་གི་བསམ་པ་སྔོན་དུ་འགྲོ་དགོས་ཚུལ་ཉུང་ཙམ་བཤད།
སྤྱིར་སངས་རྒྱས་ཀྱིས་ཆོས་ཕུང་ཅི་སྙེད་ཅིག་གསུངས་པ་ཡོད་དོ་ཅོག་གི་དགོངས་པ་ནི་གདུལ་བྱ་རྣམས་སངས་རྒྱས་ཐོབ་པའི་ཐབས་འབའ་ཞིག་ཏུ་གསུངས་ཤིང་། དེ་འཐོབ་པ་ལ་རྒྱུ་ཐབས་ཤེས་གཉིས་ལ་བསླབ་དགོས། ཐབས་ཤེས་དེ་གཉིས་ཀྱི་གཙོ་བོའམ་ཕུལ་དུ་བྱུང་བ་ནི་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་གཉིས་ཡིན། དེ་གཉིས་ལམ་གཙོ་འདིའི་བརྗོད་བྱ་གཙོ་བོ་ཡིན། དེ་ལས་གཞན་ཡང་གཙོ་བོ་ཞིག་ཡོད་པ་ནི་ངེས་འབྱུང་གི་བསམ་པ་ཡིན། རྒྱུ་མཚན་ནི་ངེས་འབྱུང་གི་བསམ་པ་བཅོས་མིན་ཞིག་རྒྱུད་ལ་མ་སྐྱེས་ན། བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་གཉིས་རྒྱུད་ལ་སྐྱེ་ཐབས་མེད་པས་ཡིན། མདོར་ན་སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་སྦྱངས་པ་སྔོན་དུ་མ་སོང་ན། སྐྱེས་བུ་ཆེན་པོའི་ལམ་རྒྱུད་ལ་སྐྱེ་ཐབས་མེད་པའི་དོན་རེད།
རྒྱུ་མཚན་དེའི་ཕྱིར། རྩ་བ་ལས། བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ།། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ།། ཞེས་གསུངས། 

   ངེས་འབྱུང་གི་བསམ་པ་སྐྱེ་དགོས་ན་སྲིད་པ་འཁོར་བའི་ཉེས་དམིགས་ཤེས་དགོས་པ་དང་། དེ་ཡང་སྡུག་བདེན་གྱི་ངོ་བོ་ངོས་ཟིན་དགོས་ཀྱི་ཡོད། སྡུག་བདེན་ནམ་སྡུག་བསྔལ་གྱི་ངོ་བོ་ངོས་མ་ཟིན་ན། དེ་ལས་ཐར་འདོད་ཀྱི་བློ་མི་སྐྱེ་བ་དང་། སྡུག་བསྔལ་གསུམ་དང་དྲུག་དང་བརྒྱད་ལ་སོགས་པས་མནར་ཚུལ་ཤེས་ན། སྡུག་བསྔལ་བསྐྱེད་པའི་རྒྱུ་ཀུན་འབྱུང་བདེན་པ་སྤོང་ཚུལ་ལ་འབད་པར་འགྱུར་རོ། །

   སྡུག་བསྔལ་མེད་ན་ངེས་འབྱུང་མེད་དེ། ངེས་འབྱུང་ནི་སྡུག་བསྔལ་ལས་ཐར་འདོད་ཀྱི་བསམ་པ་ཡིན། དེའི་རྒྱུ་མཚན་གྱིས་སྤྱོད་འཇུག་ལས། སྡུག་བསྔལ་མེད་པར་ངེས་འབྱུང་མེད།། དེ་བས་སེམས་ཁྱོད་བརྟན་པར་མནོས།། ཞེས་དང་། གཞན་ཡང་། སྡུག་བསྔལ་ཡོན་ཏན་ནི།། སྐྱོ་བས་དྲེགས་པ་སེལ་བར་བྱེད།། འཁོར་བ་བ་ལ་སྙིང་རྗེ་སྐྱེ།། སྡིག་ལ་འཛེམ་ཞིང་དགེ་ལ་དགའ།།(༡༤) ཞེས་རང་ལ་སྡུག་བསྔལ་བྱུང་བ་མི་བཟོད་པ་བཞིན་གཞན་ལ་སྡུག་བསྔལ་དང་ཆག་སྒོ་བར་ཆད་བྱུང་བ། ནད་ཀྱིས་གདུང་བ་མཐོང་ན་དེ་ཡང་སྙིང་རྗེ་བསམ་པ། དེ་དག་སྡུག་བསྔལ་ལས་ཐར་ན་ཇི་མ་རུང་སྙམ་པ། དེ་དག་སྡུག་བསྔལ་ལས་ཐར་བར་གྱུར་ཅིག་སྙམ་པ་སོགས་སྐྱེ། དེར་མ་ཟད། རང་ཉིད་སྡུག་བསྔལ་ལ་མི་འདོད་པ་སྐྱེས་ཏེ་དེ་ལས་ཐར་འདོད་སྐྱེ། སྡུག་བསྔལ་ལས་ཐར་བ་ལ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤོངས་པ་ལ་འབད་དགོས་པ་རེད།

   དེས་ན་ངེས་འབྱུང་སྐྱེ་བའི་ཐབས་ལ་སྡུག་བསྔལ་དང་ཀུན་འབྱུང་གི་སྒོ་ནས་བསམ་པ་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་གཉིས་ཡོད་པ་ལས་ལམ་གཙོ་འདིར་སྡུག་ཀུན་གཉིས་ཀྱི་སྒོ་ནས་གསུངས་ཡོད་པ། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས།། ཀུན་ནས་འཆིང་ཕྱིར། ། ཞེས་གསུངས་ཡོད་པས་ཤེས་ཞེས་དགེ་བཤེས་རྣམ་པས་གསུང་གིན་འདུག་དེ་ཡང་། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ་དང་། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་ཚུལ་ནི། ལམ་རིམ་བསྡུས་དོན་ལས། སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན།། ཐར་བ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང་།། ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམ་ན།། འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས།། སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང་།། འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས།། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་མཛད།། ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱངས་འཚལ་ལོ།། ཞེས་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་སྙན་མོའི་ཚིག་གི་དབྱངས་སུ་དྲངས་ཏེ་གསུངས་ཡོད་པ་དེ་བཞིན་རེད།
དེ་ལྟར་ན། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཐོག་མར་ངེས་འབྱུང་བཙལ་དགོས་པ་དང་། དེ་ཡང་བདེན་བཞི་ལ་བསླབ་ཏེ་ངེས་པ་རྙེད་དགོས་པ། བདེན་བཞི་ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་དུ་ལམ་རིམ་ཆེ་ཆུང་ལས་གསུངས་པའི་རྒྱུ་མཚན་དེ་ལྟར་ཡིན་པ་ཤེས་དགོས།
ལམ་རིམ་ཆེན་མོ་ལས། འབྲིང་དང་ཐུན་མོང་བ་འཁོར་བ་མཐའ་དག་ལ་ཞེན་པ་ལོག་པའི་བསམ་པ་བསྐྱེད་ནས་དེ་ལ་བརྟེན་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སྐྱེས་བུ་ཆེན་པོར་འཁྲིད་པས་འབྲིང་གི་བསམ་པ་སྦྱངས་དགོས་ཏེ། (༡༥) ཞེས་གསུངས་ཡོད་པ་དེ་ཡིན། ངེས་འབྱུང་བསམ་པ་དེ་ཙམ་གྱིས་ཆོག་པར་བྱ།

༢. བྱང་ཆུབ་ཀྱི་སེམས་བཤད་པ།

     བྱང་ཆུབ་ཀྱི་སེམས་དེ་ཡོད་མེད་ཀྱིས་ཐེག་པ་ཆེན་པོ་པ་ཡིན་མིན་དང་། བྱང་ཆུབ་ཀྱི་སེམས་དེས་ཟིན་མ་ཟིན་གྱིས་ཐེག་པ་ཆེན་པོའི་ཆོས་སུ་འགྲོ་མི་འགྲོ་ཐག་གཅོད་པ་ཞིག་ཡིན་པས། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཡིན་པ་དང་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གི གང་ཟག་རང་ཉིད་ཐེག་པ་ཆེན་པོར་ཚུད་པ་ཞིག་གལ་ཆེ། ཞེས་ལམ་རིམ་ཆེན་མོ་(༡༦)། དང་། སྤྱོད་འཇུག་(༡༧)ལས་གསུངས་པ་ནང་བཞིན་རེད།
སེམས་སྐྱེད་ཚུལ་འདི་ལ་ལམ་སྒྲོན་ལྟར་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་ཚུལ་དང་སྤྱོད་འཇུག་ལས་གསུངས་པ་ལྟར་བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་གཉིས་ཡོད། ལམ་གཙོ་ལས། ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།། བདག་འཛིན་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།། སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།། གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།། ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད།། ཅེས་གཉིས་ཀ་ལྟར་སེམས་བསྐྱེད་ཚུལ་གསུངས། དེ་ལྟར་གཞན་དོན་དོན་གཉེར་གྱི་བློ་སྦྱངས་ཏེ་གཞན་དོན་སྒྲུབ་པ་ལ། གདུལ་བྱའི་བསམ་པ་དང་ཁམས་དང་། མོས་པ་སྣ་ཚོགས་ཤེས་དགོས་པ་དང་། ཤེས་པ་ཙམ་དུ་མ་ཟད། གདུལ་བྱ་གང་ལ་གང་འཚམ་གྱི་ཆོས་བསྟན་ཏེ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དུ་འཁྲིད་པ་དགོས་ན། ཐོག་མར་རང་ཉིད་ཐམས་ཅད་ཤེས་པ་ཞིག་ཏུ་འགྱུར་དགོས་ཕྱིར། སེམས་བསྐྱེད་པ་ཙམ་ཞིག་མ་ཡིན་པར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་ཕྱིན་དྲུག་གི་སྤྱོད་པ་ཉམས་སུ་བླངས་ཏེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་འཐོབ་པའི་ཆེད་དུ་ཡིན་པ་ཤེས་རྒྱུ་འདི་ཧ་ཅང་གནད་དམ་པ་ཞིག་རེད།

      མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་སོགས་ཀྱིས་མནར་ཚུལ་ལ་བསམ་པའི་བློ་ཤུགས་དྲག་པོ་དེས་དྲངས། མར་གྱུར། དྲིན་དྲན། དྲིན་བཟོ་སོགས་གཉེན་གྱི་མཆོག་ཏུ་ཤར་ཏེ་ཐབས་བསྐྱེད་ཚུལ་དེ་བྱང་ཆུབ་སེམས་དཔའ་དབང་བོ་རྟུལ་བོའི་དབང་དུ་བྱས་པ་དང་། གནས་སྐབས་དང་མཐར་ཐུག་གི་འདོད་དོན་མ་ལུས་པ་གཞན་ལ་བརྟེན་ནས་ཡོང་གི་ཡོད་པ་དང་རང་ཉིད་གཅེས་འཛིན་རྒུད་པ་ཀུན་འབྱུང་བའི་སྒོ་ཡིན་པ་དང་གཞན་གཅེས་འཛིན་ཡོན་ཏན་ཀུན་འབྱུང་བའི་སྒོ་ཡིན་པ་ཤེས་ནས་བདག་གཞན་མཉམ་བརྗེའི་སྒོ་ནས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་དབང་དུ་བྱས་པ་གཉིས་ཡོད། ལམ་གཙོ་འདིར་དེ་གཉིས་ཀ་ཡོད་པས་དེ་གཉིས་ཀ་ཟུང་དུ་འབྲེལ་ནས་ཉམས་ལེན་ཐུབ་ན་ཧ་ཅང་བཟང་གི་རེད།

    ལམ་གཙོའི་གཞུང་འདི་ལས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་མ་གསུངས་པ་ནི་ངེས་འབྱུང་གི་བསམ་པ་བསྐྱེད་པའི་ཚུལ་དེས་རིགས་འགྲེ་སྦྱར་ན་ཤེས་ཐུབ་པས་ཡིན། ཞེས་དགེ་རྒན་བཀའ་དྲིན་ཅན་(ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བླ་བྲང་གི་རྗེ་དགེ་འདུན་རྒྱ་མཚོ་ཚང་གི་ཞལ་སྔ་ནས) ཁོང་གིས་ཞལ་ལས་གསུངས་པ་ཐོས། ད་རྒྱས་པར་བཤད་པའི་དུས་ཚོད་ཀྱི་ཁོམ་ལོང་མེད་པས་དེ་ཙམ་གྱིས་ཆོག་པར་བྱ།

༣. ཡང་དག་པའི་ལྟ་བ་བཤད་པ།

       སྤྱིར་ན་ལྟ་བ་འདི་བཤད་རྒྱུ་ཧ་ཅང་དཀའ་མོ་རེད། ལྷག་ཏུ་གྲུབ་མཐའ་ལ་བློ་མ་སྦྱངས་པ། གཞུང་བཀའ་པོད་ལྔའམ་དབུ་མ་ལ་མ་སྦྱངས་པ་དག་ལ་བཤད་ན་ཟབ་མོ་བསྒྲགས་པའི་ཉེས་པའང་ཡོད་པ་རེད། དེང་རབས་ཀྱི་མི་དག་ལ་ཤེས་རབ་ཆུང་། བསོད་ནམས་དམན། གཞུང་ལུགས་ལ་སྦྱངས་པ་མེད། བརྩོན་འགྲུས་དང་སྡུག་རུས་མི་ཐུབ། ད་རུང་རང་གིས་ཅི་ཡང་མི་ཤེས་ཀྱང་གཞན་ལ་ཁ་གཏོང་བར་ཧ་ཅང་དགའ་མཁན་མང་། དེ་ནི་དབུ་མའི་ལྟ་བ་མི་བཤད་པའི་རྒྱུ་མཚན་གཅིག་ཡིན། གཉིས་ནས་ཟབ་སྦྱོང་འཛིབ་གྲྭ་འཛིབ་གྲྭ་བསྡུས་པ་འདི་ལྟ་བུ་དུས་ཡུན་ཐུང་ངུ་ཞིག་ལ་ཉན་ཁུལ་བྱས་པས་ཕན་ཐོགས་མེད། རྒྱུ་མཚན་གཞན་གྱིས་རྩ་འཛུགས་བྱས། འགྲིག་ལམ་གྱིས་དེད་དེ་ཡོངས་པ་མ་གཏོགས་བསམ་པ་ཀུན་སློང་མེད། འདུན་པ་དོན་གཉེར་མེད། ཆོས་ལ་ངེས་སེམས་མེད་ན་བཤད་པས་ཀྱང་ཕན་མི་ཐོགས། ལངྐར་གཤེགས་པའི་མདོ་ན། ང་ཡི་ཆོས་ཚུལ་རྣམ་གཉིས་ཏེ།། བསྟན་པ་དང་ནི་གྲུབ་མཐའོ།། བྱིས་པ་རྣམས་ལ་བསྟན་པ་བཤད།། རྣལ་འབྱོར་པ་ལ་གྲུབ་མཐའོ།།ཞེས་གསུངས་པ་ལྟར།

    ལྟ་གྲུབ་ནི་ཐུན་མོང་ལམ་སྦྱངས་སྔོན་དུ་སོང་བའམ་གདུལ་བྱ་དབང་རྣོན་ལ་ཆེད་དུ་གསུང་བ་མ་གཏོགས། གང་ཡིན་ཡིན་ལ་གྲུབ་མཐའ་བཤད། གང་ཡིན་ཡིན་ལ་ལྟ་སྒོམ་བཤད་པ་དེ་ལྟ་བུ་ཞིག་ཡིན་ཚོད་མ་རེད། གལ་ཏེ་བཤད་པའི་དབང་དུ་བྱས་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་རྩ་བ་ལས། འོག་མ་འོག་མའི་ལྟ་བ་གོང་མའི་སྟེགས།། གསུངས་པ་ལྟར། གྲུབ་མཐའི་ལྟ་བ་གཅིག་གྲོགས་གཅིག་ཏུ་འཁྱེར་ཤེས་པ་ཞིག་དགོས། ལྷག་པར་དབུ་སེམས་ཀྱི་ལྟ་བའི་གནད་འགག་ཅིག་ཡོད་པ་རེད། དེ་ཤེས་དགོས། དེ་ནས་དབུ་མ་ཐལ་རང་གཉིས་ཀྱིས་རང་རྒྱུད་ཀྱི་རྟགས་ཁས་ལེན་མི་ལེན་གྱི་གནད་འགག རང་ངོས་ནས་གྲུབ་པའི་ཚུལ་གསུམ་གྲུབ་མ་གྲུབ་པའི་ཞིབ་ཕྲ་དེ་ཤེས་དགོས། དེ་ཤེས་ན་ད་གཟོད། སྟོང་བ་རྟེན་འབྱུང་དང་རྟེན་འབྱུང་སྟོང་བའི་དོན་དུ་འགྲོ་ཚུལ། ལམ་གཙོ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་གྱུར་དུ།། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན།། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།། ཟེར་བ་ལྟ་བུའི་གོ་བ་ཆགས་འོང་། མདོར་ན། སྣང་བ་ཧྲེང་ཧྲེང་བོ་དེ། སོ་སྐྱེས་ལ་སྣང་བའི་རྫ་བུམ་སོགས་ཡོད་དོ་ཅོག་འགགས་དགོས་པ་ལྟ་བུར་ཡོད་དོ།། ད་དེ་ཧ་ཅང་དཀའ་མོ་རེད། རྗེ་སྣར་ཐང་བ་ལྟ་བུ་ཀུན་རྫོབ་གོང་བ་ལ་འཇོག་ཐུབ་པ་ཞིག་དགོས་ཀྱི་ཡོད།

    དེ་མིན་ན་ཁྱོད་ཚོས་ལྟོས་དང་། དཔེར་ན། དབུ་མ་རང་རྒྱུད་པ་ལེགས་ལྡན་གྱི་ལུགས་ལ། ཐེགས་ཆེན་གྱི་གྲུབ་མཐའ་སྨྲ་བ་སློབ་དཔོན་ཐོགས་མེད་ལྟ་བུས། སེམས་ཙམ་པའི་གྲུབ་མཐའ་བཤད་པ་དེ་མདོ་གང་གི་དགོངས་པ་ཡིན། སེམས་ཙམ་པས་ཕྱི་དོན་བཀག་པ་དེ་མདོ་གང་གི་དོན་ཡིན་ནམ། དེས་ན་ལྟ་བ་འཆད་རྒྱུ་དེ་ཧ་ཅང་དཀའ་མོ་རེད། འོན་ཀྱང་། མཁས་པ་མཁས་པའི་དྲུང་ན་མཛེས།། ཟེར་བ་ལྟར། རྗེ་ཙོང་ཁ་ཆེན་པོའི་དྲང་ངེས་ལེགས་བཤད་སྙིང་བོ་ལས། གལ་ཏེ་རྣལ་འབྱོར་སྤྱོད་པ་བའི་མཚན་ཉིད་གསུམ་གྱི་འཇོག་་ལུགས་མདོ་འདིའི་དོན་མིན་ན་མདོ་གང་གིའང་དོན་མིན་པར་བཞེད་དམ་སྙམ་ན། ཞེས་པ་ནས། མདོ་དེ་དག་ལས་ཅིག་ཅར་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནུས་པའི་གདུལ་བྱ་ལ་བཤད་པ་དང་སྔ་མ་གཉིས་ཀ་ཡོད་པས་ཆ་ཕྱེ་ནས་མདོའི་དོན་དུ་འཇོག་གོ (༡༩)ཞེས་ཆ་ཕྱེ་ནས་འཇོག་དགོས་པར་གསུངས་ཡོད་པ་དེ་ལྟར་རེད། ད་རུང་འཕྲོས་ཏེ་བཤད་ན།  ནང་བསྟན་གྱི་རྩ་བ་སྙིང་རྗེ་ནི་འཛམ་གླིང་ཞི་བདེའི་ལམ་ཡིན་ཚུལ།

དབུ་མའི་ལྟ་བ་རྟེན་འབྱུང་ཚན་རིག་དང་འབྲེལ་བ་ཡོད་པ་བཅས་ཀྱི་སྟེང་ནས་བཤད་ཆོག་མོད། དུས་ཚོད་འགོར་སོང་ཟིག ད་བཤད་པ་མཚམས་འཇོག ཚང་མ་ལ་བཀའ་དྲིན་ཆེ། སྐུ་ཚེ་བརྟན།


ཟུར་མཆན།

(༡) བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས། ༢༠༡༣ལོའི་ཟླ་༨པར་པར་ཐེངས་གསུམ་པ། ཤོག་གྲངས༢༧༦།
(༢) བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས། ༢༠༡༣ལོའི་ཟླ་༨པར་པར་ཐེངས་གསུམ་པ། ཤོག་གྲངས༢༧༧ན། 

(༣)བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས། ༢༠༡༣ལོའི་ཟླ་༨པར་པར་ཐེངས་གསུམ་པ། ཤོག་གྲངས༢༨༠ན།
(༤) ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ་པོད་བཅུ་གཉིས་པ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས། ༢༠༠༩ལོར་པར་བསྐྲུན་བྱས།༽ ཤོགས་གྲངས། ༢༦༩ན།
(༥) རྗེའི་རྣམ་ཐར་ཆེན་མོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༡ལོའི་ཟླ༡༡པར་དཔར་དུ་བསྐྲུན་པ། ཤོག་གྲངས། ༢༦༢
(༦) མདོ་སྨད་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༢ལོའི་ཟླ་༣ པར་དཔར་དུ་བསྐྲུན་པ། ཤོག་གྲངས། ༧༧༤བ།
(༧) བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༢ལོའི་ཟླ་༡༢པར་དཔར་དུ་བསྐྲུན་པ། ཤོག་གྲངས། ༢༡༢བ།
(༨) ཡོངས་འཛིན་རིག་མཛོད་དང་བཙན་པོ་མགར་གྱི་དྲ་ངོས་ལས། ཚ་ཁོ་ངག་དབང་གྲགས་པའི་མཛད་རྣམ།
(༩) བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༢ལོའི་ཟླ་༡༢པར་དཔར་དུ་བསྐྲུན་པ། ཤོག་གྲངས། ༢༠༩ན།
(༡༠) རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་ལས་རྣམ་ཐར་དད་པའི་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས། ༢༠༡༥ལོར་དཔར་དུ་བསྐྲུན། ཤོག་གྲངས། ༡༢༦བ།
(༡༡) རྗེའི་རྣམ་ཐར་ཆེན་མོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༡ལོའི་ཟླ༡༡པར་དཔར་དུ་བསྐྲུན་པ། ཤོག་གྲངས། ༢༠༢བ།
(༡༢) རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་ལས་རྣམ་ཐར་དད་པའི་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས། ༢༠༡༥ལོར་དཔར་དུ་བསྐྲུན། ཤོག་གྲངས། ༡༠༧ན།
(༡༣)གངས་ཅན་ཁྱད་ནོར་དཔེ་ཚོགས་བཅུ་གསུམ་པ། ཤོག་གྲངས་༡༥༨ན། གསལ།
(༡༣) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས། ༢༠༡༡ལོར་པར་བསྐྲུན་བྱས། ཤོག་གྲངས༡༣ན།གསལ།
(༡༥)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་པར་ཐེངས་གསུམ་པ། ཤོག་གྲངས། ༢༠༦བ།
(༡༦) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་པར་ཐེངས་གསུམ་པ། ཤོག་གྲངས། ༢༨༤བ།
(༡༧) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ལོར་པར་ཐེངས་བཅུ་པ། ཤོག་གྲངས། ༡༥ན།
(༡༨) རྗེའི་གསུང་འབུམ་ཕ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོར་པར་ཐེངས་དང་པོ།ཤོག་གྲངས༤༢༥ན། །
(༡༩) རྗེའི་གསུང་འབུམ་ཕ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ལོར་པར་ཐེངས་དང་པོ།ཤོག་གྲངས༤༣༦ན། །

      དགེ་བསྙེན་བློ་གྲོས་རྒྱལ་མཚན་གྱིས་སྒྲ་ཕབ་ཡི་གེར་བཀོད་པ་ལ་ཅུང་ཙམ་འབྲི་སྣོན་དང་ལུང་ཁུངས་གསལ་བོར་བསྣན་ཏེ་༧སྐུ་ཕྱོགས་ཨོའུ་རྒྱ་སྤྲུལ་མིང་བས་འབའ་རྫོང་བོད་གསང་སྔགས་རིག་གནས་བྱང་ཆུབ་གླིང་དུ་བཅོས་པའོ།།

སྤྱི་ལོ༢༠༡༧་ལོའི་ཟླ༧་པའི་ཚེས༧་ཉིན།

མཚོ་སྔོན་ཞིང་ཆེན་བོད་རྒྱུད་ནང་བསྟན་སློབ་གླིང་གི་ཚོམས་ཆེན།

མཚོ་སྔོན་ཞིང་ཆེན་བོད་རྒྱུད་ནང་བསྟན་སློབ་གླིང་།

གསར་འགོད་པ་རལ་གྲི་ཅན་གྱིས་མཁོ་སྤྲོད་བྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ༧སྐུ་ཕྱོགས་ཨོའུ་རྒྱ་ཚང་གི་ལམ་གཙོ་རྣམ་གསུམ་གྱི་འཆད་ཁྲིད་གནད་བསྡུས་ཤིག   སྤེལ་མཁན།: ཆོས་སྐྱབས་རྒྱལ། སྤེལ་དུས:2017/9/22
ཡག་གི
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23503070
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།