བོད་ཀྱི་རིག་གནས་དང་སློབ་གསོ་དར་སྤེལ་གཏོང་བའི་སྐོར་མདོ་ཙམ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »བོད་ཀྱི་རིག་གནས་དང་སློབ་གསོ་དར་སྤེལ་གཏོང་བའི་སྐོར་མདོ་ཙམ་གླེ
བོད་ཀྱི་རིག་གནས་དང་སློབ་གསོ་དར་སྤེལ་གཏོང་བའི་སྐོར་མདོ་ཙམ་གླེང་བ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2017-09-02ལྟ་ཀློག (5348)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཐུན་རྐྱེན་གཙོ་བོ་གཉིས་བརྩོན་ལེན་བྱས་ནས་བོད་ཀྱི་རིག་གནས་དང་སློབ་གསོ་དར་སྤེལ་གཏོང་བའི་སྐོར་མདོ་ཙམ་གླེང་བ།


རྩོམ་་པ་བོ་ཚེ་རིང་དོན་གྲུབ།

    བོད་ཀྱི་ཤེས་རིག་གི་སྲོག་ཤིང་ནི་ནང་བ་སངས་རྒྱས་པའི་ཆོས་ལུགས་རིན་པོ་ཆེ་འདི་ཉིད་ཡིན་ཞིང་། དེའི་རྩ་བ་ཡང་ལྟ་བ་རྟེན་འབྱུང་དང་སྤྱོད་པ་གཞན་ཕན་དུ་གསུངས་པ་ཇི་བཞིན། འགྲོ་བ་མིའི་རིགས་ལ་དར་རོ་ཅོག་གི་ཤེས་རིག་གི་རྣམ་གྲངས་གང་ཡིན་ཡང་ཕལ་ཆེ་བ་བདག་གཅེས་འཛིན་ནམ་འགྲ་འདུལ་གཉེན་སྐྱོང་གི་ཐབས་ཚུལ་འབའ་ཞིག་ཏུ་གྱུར་པ་དང་། ཤེས་རིག་གི་རྣམ་གྲངས་དེ་དག་ལ་བརྟེན་ནས་མི་ལོ་སྟོང་ཕྲག་མང་བོའི་རིང་འཚོ་གནས་ཀྱི་སྐྱོ་གདུང་མང་དུ་སྤེལ་ཞིང་། འགྲོ་བ་མིའི་སྤྱི་ཚོགས་ལ་གང་ལ་གང་འཚམས་ཀྱི་དཔལ་ཡོན་བསྐྲུན་དང་སྐྲུན་བཞིན་ཡོད་པ་དང་། ཚན་རྩལ་དང་དཔལ་འབྱོར་དར་རྒྱས་ཕྱིན་པའི་མཐུ་ཁོ་ནས་ལུས་སེམས་ཀྱི་སྐྱོ་ངལ་དྲུངས་ནས་འབྱིན་པར་རེ་བ་དེ་ཡང་མངོན་འགྱུར་མི་སྲིད་པའི་ཚུལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་རྣམས་ཀྱིས་ངོས་ཟིན་ཐོབ་ཡོད་པ་དང་། བདག་གཅེས་འཛིན་ནམ་དེ་དང་འབྲེལ་བའི་ཉོན་མོངས་པ་ལ་ཚོད་འཛིན་པའམ་དེའི་གཉེན་པོ་བསྟེན་ན་གཟོད་དེ་ཉིད་ཇེ་ཆུང་དང་ཇེ་སྲབ་ཏུ་འགྱུར་ཞིང་། དེའི་མུ་ནས་བདེ་སྐྱིད་ཀྱང་འཕེལ་བར་སྨྲ་བའི་རང་རེའི་བསྟན་པ་རིན་པོ་ཆེ་འདི་ཉིད་ནི་སེམས་ཀྱི་བདེ་སྐྱིད་སྤེལ་བའི་ཚན་རིག་ཏུ་མཁས་པ་མང་བོས་ངོས་འཛིན་པ་དང་། དེ་ཡང་ཇི་སྐད་དུ། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བདག་གཅེས་འཛིན་དང་དེ་ལས་བྱུང་བའི་རིག་གནས་ཀྱི་མ་ལག་གིས་ཉེས་པའི་འཁོར་ལོ་ཟམ་མ་ཆད་པར་བསྐོར་བ་དང་། གཞན་གཅེས་འཛིན་དང་དེའི་རིག་གནས་ཀྱི་མ་ལག་གིས་ལེགས་པའི་འཁོར་ལོ་རྒྱུན་མར་བསྐོར་བ་ཡང་རྗེའི་རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པས། །ཡུན་རིང་ངལ་བ་བསྟེན་བྱས་ཀྱང་། །ཕྱི་ཕྱིར་སྐྱོན་རྣམས་བོས་པ་བཞིན། །བདག་ཏུ་ལྟ་བ་བརྟན་ཕྱིར་རོ། །ཞེས་པ་ལྟར་དང་། བདག་གཅེས་འཛིན་དང་བདག་གི་བའི་བྲན་དུ་ཁོལ་བའི་རིག་གནས་ཀྱི་ཚན་པ་མང་བོས་འདོད་ཡོན་ཇི་ལྟར་སྤེལ་ཀྱང་སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ་ཞེས་པ་ལྟར། ཕུགས་བརྟན་པའི་བདེ་སྐྱིད་ཀྱི་འབྱུང་གནས་དམ་པ་ནི་གཞན་དང་གཞན་ཕན་ཇི་ལྟར་སྤེལ་བའི་ཚན་རིག་གི་མ་ལག་ཅན་དམ་ཆོས་ཡིད་བཞིན་ནོར་བུ་འདི་ཉིད་ཡིན་པར་ཤེས་རབ་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་ངོས་ཟིན་ཞིང་བདེན་པ་དང་དུ་ལེན་པའི་སྒང་ངོ་། །

  ཟལ་མོ་སྒང་དང་དེར་འཚོ་བའི་བོད་མི་རིགས་ནི་འགྲོ་བ་མིའི་རིགས་ལ་ཉེ་བར་མཁོ་བའི་དངོས་པོ་དང་བསམ་པའི་ལོངས་སྤྱོད་གཉིས་ཀྱི་ཐོན་ཁུངས་གལ་ཆེ་བའི་ཡུལ་དུ་གྱུར་ཡོད་པ་ནི། གཅིག་ནས་གཏེར་རྫས་སྣ་ཚོགས་དང་སྨན་རྗས་སྣ་ཚོགས། ཡན་ལག་བརྒྱད་ལྡན་གྱི་ཆུ་དང་འབྲུའི་རྒྱལ་བོ་ནས་སོགས་ཀྱིས་མཚོན་པའི་དངོས་པོའི་ལོངས་སྤྱོད་ཀྱི་ཐོན་ཁུངས་དང་ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱིས་གཞི་བྱས་པའི་ཚད་མ་རིག་པ་དང་གསོ་བ་རིག་པ་སོགས་ནང་སེམས་དང་ཕྱི་ལུས་གཉིས་ཀྱི་སྡུག་བསྔལ་མཐའ་དག་དྲུངས་ནས་འབྱིན་པའི་ཤེས་རིག་གམ་བསམ་པའི་དཔལ་ཡོན་གྱི་ཐོན་་ཁུངས་ཕུན་སུམ་ཚོགས་པ་དེ་མི་འབོར་ཉུང་ཞིང་ད་ལྟའི་དུས་སུ་འཚོ་གནས་ཀྱི་ཉེན་ཁར་སླེབས་པའི་བོད་མི་རིགས་ཀྱི་རྒྱུད་ན་ཡོད་པ་ནི་འགྲོ་བ་མིའི་རིགས་སྤྱིའི་སྤྱི་ནོར་དང་། ཁྱད་པར་ཀྲུང་ཧྭ་མི་རིགས་སྤྱིའི་སྤྱི་ནོར་དུ་གྱུར་པ་ལགས་ན། ཐོན་ཁུངས་འདི་གཉིས་སྲུང་ཞིང་ཡུན་རིང་བསྲེལ་བའི་ཐབས་ལ་འབད་པ་ནི་བོད་མི་རིགས་རང་མ་ཟད། འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་དུ་ཀྲུང་ཧྭ་མི་རིགས་ཧྲིལ་གྱིས་རང་ཉིད་དང་འགྲོ་བ་མིའི་རིགས་ལ་འཁུར་འོས་ཀྱི་འོས་འགན་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད་ཅིང་། ནོར་བུའི་ནོར་ཉམས་མ་ཆོད་པར་ནམ་ཞིག་ཐོན་ཁུངས་དེ་གཉིས་བརླགས་ཚར་བའི་ཇུས་ཉེས་དང་གྱོང་གུན་གྱི་མུ་གེ་མྱོང་མཁན་བོད་མི་རིགས་ཁོ་ན་ག་ལ་ཡིན་སྙམ་མོ། །

    ལས་ཆེ་ཕྲ་གང་ཡིན་ཡང་དེ་ཉིད་ལེགས་འགྲུབ་འབྱུང་བར་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་སྟེ། བོད་ཀྱི་རིག་གནས་སློབ་གསོའི་འགལ་རྐྱེན་ངོས་འཛིན་པ་དང་མཐུན་རྐྱེན་བསྒྲུབ་ཚུལ་བཤད་པ་ལས། འགལ་རྐྱེན་གཙོ་བོ་ནི་ས་གནས་སམ་བར་མ་དོའི་གཞུང་ཕྱོགས་ཀྱི་རྩ་ཁྲིམས་ལས་རིང་དུ་འཁྱམས་པའི་མི་རིགས་སློབ་གསོ་དང་རིག་གནས་སྐྱོང་སྟངས་ཀྱིས་ག་ས་གང་དུ་ཡང་འདི་མི་རུང་དེ་མ་འགྲིག་ཟེར་བའི་ཁྲིམས་ལ་མི་རྟོན་དཔོན་ལ་རྟོན་པའི་པའི་ཉེས་སྤྱོད་རྒྱ་ཡན་དུ་སོང་བ་དང་། མི་རིགས་གནས་དང་སློབ་གསོའི་མིང་འཛིན་པའི་སློབ་གྲྭ་རེ་འགའ་ཡོད་པ་ཙམ་ལས་དེ་འཕེལ་ཞིང་གནས་པའི་སྤྱི་ཚོགས་ཁོར་ཡུག་དང་གཞུང་ཕྱོགས་ནས་མི་རིགས་སྐད་ཡིག་གི་སྤྱོད་སྒོ་འགག་པའི་ཉེས་བྱས་ཀྱིས་སྤྱི་ནོར་འཕྲོ་བརླགས་ཀྱི་ཉེན་ལ་གཏུགས་པ་དང་གཅིག  གཉིས་ནས་མི་རིགས་རིག་གནས་དང་འབྲེལ་ཞིང་ཕ་སྐད་སྤྱོད་སྒོ་འབྱེད་པའི་ལས་རིགས་སློབ་གྲྭ་དང་། དེ་དང་འབྲེལ་བའི་དཔལ་འབྱོར་ཁེ་ལས་གཉེར་སྟངས་ཉུང་ཞིང་དེའི་བགྲོད་ལམ་དོག་པས་འཚོ་གནས་ཀྱི་ཁེ་ཕན་དོན་དུ་མི་གཉེར་ཐུ་མེད་ཀྱི་རང་རིགས་ན་གཞོན་རྣམས་ཀྱིས་ཀྱང་འཚོ་གནས་དང་རིག་གནས་ཀྱི་ཞེན་ཁོག་གཉིས་ལས་འཚོ་གནས་ཀྱི་གདམ་ང་མི་བྱེད་རང་བྱེད་དུ་སོང་བས་སྐད་དང་ཡི་གེས་མཚོན་པའི་རིག་གནས་ཀྱི་རྒྱུན་འཛིན་ཉེན་ཁའི་གནས་སུ་བཅར་བ་དང་། བོད་ཀྱི་དགོན་སྡེའི་བླ་སྤྲུལ་དང་འཐུས་མི་སོགས་གནད་ཡོད་མི་སྣའམ་དོན་ཆེན་པོའི་གྲོས་ལ་དབང་བ་དག་གིས་རིག་གནས་ཀྱི་ནོར་ཉམས་མི་ཆོད་ཅིང་། མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་རིག་གནས་དར་སྤེལ་གྱི་རྒྱང་ཇུས་ལ་འགན་མི་འཁུར་བ་དང་། བརྒྱ་ལ་རང་སྐྱོང་གི་ཁེ་ལ་བརྟེན་ནས་གོ་ས་རྙེད་པའི་དཔོན་པོ་དག་གིས་རིགས་གོ་མི་ཆོད་པ་བཅས་འགལ་རྐྱེན་དུ་མའི་དབང་གིས་སྤྱི་ནོར་འཕྲོ་བརླགས་དང་སྤྱི་ནོར་བར་མ་དོ་ནས་ཉམས་དམས་སུ་འགྲོ་བཞིན་གདའོ། །

     མཐུན་རྐྱེན་སྒྲུབ་པ་ལ་གཉིས་ཏེ། རྩ་ཁྲིམ་སདང་ས་གནས་རང་སྐྱོང་གི་ཁྲིམས་སྲོལ། སྤྱི་ཚོགས་རིང་ལུགས་ཀྱི་སྙིང་བོར་གྱུར་བའི་རིན་ཐང་གི་ལྟ་བ་རྣམས་དངོས་འབབ་ཁྱབ་བརྡལ་དང་དེའི་དགོངས་པ་ལ་བརྟེན་ནས་མི་རིགས་རིག་གནས་དང་སློབ་གསོ་དར་སྤེལ་གཏོང་བའི་ཐབས་ལ་འབད་དགོས་པ་སྟེ། སྤྱི་ཁྱབ་དྲུང་ཆེན་ཞི་ཅིན་ཕིང་གིས་རྩ་ཁྲིམས་བཞིན་སྲིད་སྐྱོང་བའི་རྒྱལ་ཇུས་གཏན་འབེབས་བྱས་པ་དང་སྙིང་བོར་གྱུར་པའི་རིན་ཐང་གི་ལྟ་བར་ཡང་ཁྲིམས་སྐྱོང་དང་འདྲ་མཉམ་སོགས་གཏན་ལ་ཕབ་ཡོད་པ་ནི་ཇི་བས་ཀྱང་དགའ་འོས་པའི་དོན་ཞིག་དང་། རྩ་ཁྲིམས་བཞིན་སྲིད་སྐྱོང་བ་དང་ཁྲིམས་སྐྱོང་གི་ཁ་གཏད་ས་ནི་སྲིད་གཞུང་དང་གཞུང་ཞབས་པ་ཡིན་པ་དང་། དེའི་སྲིད་སྐྱོང་ལུགས་དེ་ངེས་པར་དུ་རྩ་ཁྲིམས་ཀྱི་གནང་བཀག་ལས་འདའ་མི་རུང་ཞིང་། སྲིད་དོན་ཆེ་ཕྲ་གང་ཡང་རྩ་ཁྲིམས་ལྟར་སྒྲུབ་ཅིང་། ཁྲིམས་ལ་རྟོན་པ་ལས་གཞུང་ཞབས་པར་མི་རྟོན་པའི་ཚུལ་གོ་དགོས་པ་ལྟར། རང་རེའི་རྩ་ཁྲིམས་སུ་གཏན་ལ་ཕབ་ཡོད་པའི་སྤྱི་དམངས་ཀྱི་ཁེ་དབང་ཆེན་པོ་དྲུག་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་ཆ་ཆེན་པོ་བརྒྱད་ཀྱི་དགོངས་པ་བཞིན་མི་རིགས་རིག་གནས་དང་སློབ་གསོའི་ལས་དོན་སྐྱོང་བར་འབད་ཅིང་། རྩ་ཁྲིམ་ས་དང་མི་རིགས་ས་ཁུངས་རང་སྐྱོང་གི་ཁྲིམས་སྲོལ། རིན་ཐང་གི་སྙིང་བོ་རྣམས་ཀྱི་གོ་བསྐོན་སློབ་གསོ་ཤུགས་ཆེན་སྤེལ་བ་དང་། དེའི་ངོས་ནས་དྲིལ་སྒྲོག་དང་བགྲོ་གླེང་སྤེལ་ཞིང་། སློབ་གྲྭ་དང་དགོན་སྡེ། རོང་འབྲོག་མང་ཚོགས་ཧྲིལ་ནས་དེ་དག་ལ་སློབ་སྦྱོང་དང་དེའི་དགོངས་པ་དངོས་འབབ་ཀྱི་འབོད་སྐུལ་དང་། མ་མཐའ་ཡང་རིག་གནས་དང་སློབ་གསོའི་ལས་དོན་ལ་རྩ་ཁྲིམས་ཀྱི་རྒྱབ་རྩ་ཡོད་པ་དང་། རྩ་ཁྲིམས་ཀྱི་དགོངས་པ་དང་ཁེ་དབང་གི་རྣམ་གྲངས་ལྟར་བར་གེགས་གང་འཕྲད་ལ་དྲི་གཏུག་གི་རྣམ་པ་ཆགས་པ་ཞིག་བྱ་རྒྱུ་དང་། མདོར་ན་སྐད་དང་ཡི་གེ  རིག་གནས་དང་སློབ་གསོ་གང་ཡང་རྩ་ཁྲིམས་ཀྱི་གྲིབ་བསིལ་འོག་ནས་འབད་པས་སྐྱོང་བ་ནི་མཐུན་རྐྱེན་དང་བོར་འདོད་པ་དང་། གཉིས་ནས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོ་དང་མི་རིགས་ཁེ་ལས་ཟུང་དུ་འབྲེལ་བའི་ཐབས་ལ་འབད་པ་དང་། ཁྱད་པར་དུ་རྒྱལ་ཁབ་དང་སྲིད་གཞུང་གིས་ད་ལྟའི་དུས་སུ་ལས་རིགས་སློབ་གྲྭ་ཆེ་འབྲིང་ཅི་རིགས་འཛུགས་པར་སྲིད་ཇུས་རབས་དང་རིམ་པ་དར་སྤེལ་གཏོང་བའི་གོ་སྐབས་དང་སྦྲགས་ནས། ས་གནས་དང་ཡུལ་གྲུ་སོ་སོ་རུ་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཡུལ་དུས་དང་མཐུན་པའི་ལས་རིགས་སློབ་གྲྭ་གང་མང་བཙུགས་ནས་རིག་གནས་དང་འཚོ་གནས་གཉིས་ཟུང་དུ་འབྲེལ་བའི་ལམ་འཚོལ་བ་དང་། ཁྱད་པར་དུ་སྔར་ཡོད་ཞིང་ལས་འབྲོག་ལས་སྲ་བརྟན་ཐོག་དེ་དང་འབྲེལ་བའི་ཁེ་ལས་དང་བཟོ་ལས་ཅི་རིགས་རིམ་པར་སྤེལ་བའི་ཐབས་ལ་འབད་པ་ལས། ཞིང་ལས་དང་འབྲོག་ལས་དོར་ཏེ་ལམ་ཡན་གར་བ་ཞིག་ལེགས་ཞེས་པ་ནི་བོད་ཀྱི་རིག་གནས་དང་འཚོ་གནས་ཀྱི་དཔལ་འབྱོར་རྨང་གཞི་ཡལ་བར་འདོར་བའམ་རྨེག་མེད་དུ་འཇོམས་པ་འབའ་ཞིག་ཡིན་པས། གནད་ཀྱི་དོན་པོ་ངོས་ཟིན་ཐོག་དེ་ཉིད་སྲ་བརྟན་དང་ཁེ་ལས་བཟོ་ལས་ཅན་དུ་གཏོང་བ་སོགས་ནི་རིག་གནས་དང་མི་རིགས་སློབ་གསོ་གནས་པའི་དཔལ་འབྱོར་རྨང་གཞི་དང་། གཞན་རྗེས་སུ་འཛིན་པའི་རིག་གནས་ལ་གཉིས་ཏེ་བཟོ་དང་གསོ་བ་རིག་པའོ་ཞེས་གསུངས་པ་ཇི་བཞིན། ལག་ཤེས་བཟོ་ལས་དང་བྲིས་འབུར་རི་མོའི་རིགས། གསོ་རིག་གི་བསྟན་པ་དང་འབྲེལ་བའི་སྨན་བཅོས་ཞབས་ཞུའི་རིགས་དང་སྨན་རྫས་ཀྱི་ཐོན་སྐྱེད་ཐོན་ལས་སྤེལ་བ་སོགས་ནི་དཔལ་འབྱོར་གྱི་མཐུན་རྐྱེན་མེད་དུ་མི་རུང་བར་ངེས་པས། བོད་མི་རིགས་ཀྱི་དུངས་ཞེན་ཆེ་བའི་དཔྱོད་ལྡན་རྣམས་ཀས་བོད་ཀྱི་རིག་གནས་དང་སློབ་གསོ་དར་སྤེལ་གཏོང་བ་ལ་མེད་དུ་མི་རུང་བའི་མཐུན་རྐྱེན་གཉིས་ཁ་ཡོད་ལག་ཡོད་ཀྱིས་བརྩོན་ལེན་བྱས་ཏེ། མེས་རྒྱལ་དང་མི་རིགས་དར་རྒྱས་ཀྱི་དོན་ཆེན་ལ་ཞལ་ཁ་མཐུན་པའི་རེ་བ་དང་བཅས་ཟླ་ཚེས་བཟང་བོ་ལ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504155
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།