བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2017-08-19ལྟ་ཀློག (7808)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ།  

                

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

    གནས་དང་གནས་མིན་ཇི་བཞིན་མཁྱེན་པའི་ཕྱིར། །ཚུལ་དང་ཚུལ་མིན་ཇི་བཞིན་ལེགས་གསུངས་པའི། །སློབ་དང་མི་སློབ་ཀུན་ལ་སློབ་གསོ་ཡི། །སྙིང་བོ་ཇི་བཞིན་སྟོན་མཛད་སྟོན་པར་འདུད། །གངས་རིའི་ལྗོངས་འདིར་གངས་ལ་ཉི་འོད་བཞིན། །ཀུན་གྱི་སེམས་ལ་ཀུན་ནས་ཕན་པ་ཡི། །རིན་ཐང་ཞལ་མེད་རིན་ཆེན་རིག་གནས་བཅུ། །ཐོག་མར་འདྲེན་མཛད་ཐོན་མིའི་བཀའ་དྲིན་དྲན། །དེ་ཕྱིར་གངས་ཅན་བོད་པའི་ཐུན་མིན་གྱི། །ངོ་མཚར་རིག་གནས་སློབ་གསོའི་སྙིང་བོ་ནི། །མ་བཅོས་ལྷག་བསམ་གཙང་མས་སྐལ་མཉམ་གྱི། །གཟུར་གནས་སྤུན་གྲོགས་རྣམས་ལ་གླེང་བར་འདོད། །ལ་ལས་འདི་ཉིད་སློབ་གསོ་མིན་འདོད་སྲིད། །འགའ་ཞིག་ནང་ཆོས་ཡིན་ཞེས་སྡང་ཡང་སྲིད། །ཆོས་དང་སློབ་གསོ་ངེས་པར་འགལ་དགོས་པ། །ཅི་ཙམ་དཔྱད་ཀྱང་བློ་ཡིས་རྙེད་མ་གྱུར། །དེ་ཕྱིར་གང་ཞིག་བསླབ་ན་རང་གཞན་ཀུན། །བདེ་བའི་ལམ་དུ་འཁྲིད་བྱེད་ཐབས་ཀྱི་མཆོག །སྔོན་བྱོན་དམ་པ་མང་བོའི་ཐུགས་ཀྱི་བཅུད། །ཐུན་མིན་སློབ་གསོར་བརྗོད་འདོད་འགོག་མ་ནུས། །དེ་ལྟར་ཚིགས་སུ་བཅད་པའི་མེ་ཏོག་གི་འཕྲེང་བ་ཆུན་པོས་མདུན་བསུས་ཏེ།སྐབས་སུ་བབས་པ་གང་གླེང་བར་བྱ་བ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་ཡིན་ལ།དེ་ཡང་ཟླུམ་གཟུགས་གོ་ལ་ཡངས་པོའི་སྒལ་སྟེང་དུ་གནས་པའི་བོད་ཅེས་པའི་མི་རིགས་འདི་ལ་དགའ་མཁན་ཧ་ཅང་མང་བ་ནི་རང་བསྟོད་མིན་གྱི་མངོན་སུམ་ཡིན་ནོ། །དེའི་རྒྱུ་མཚན་ཡང་ངས་བལྟས་ན་མི་རིགས་འདི་གནས་སའི་སྣོད་ཀྱི་འཇིག་རྟེན་ལ་ངོ་མཚར་བའི་རང་བྱུང་གི་བཀོད་པ་ཕུན་སུམ་ཚོགས་པ་དཔེར་ན།གངས་དཀར་ཏི་སེ་ལ་སོགས་པའི་བཀྲག་མདངས་མངོན་པར་མཚེར་བའི་གངས་རིའི་མུ་ཁྱུད་ཀྱིས་མཐའ་ནས་བསྐོར་ཞིང་། ཡར་ཀླུང་གཙང་བོ་དང་རྨ་འབྲུ་རྫ་གསུམ་སོགས་དྭངས་གཙང་ཆུ་ཀླུང་འབུམ་ཕྲག་མངོན་པར་རྒྱུ་བ། སྐྱེ་འགྲོ་ཡོངས་ཀྱི་ཚེ་སྲོག་ལ་ཀུན་ནས་གནོད་པའི་དུག་རྫས་སྣ་ཚོགས་མ་ལྷད་པའི་དྲི་མ་མེད་པའི་མཁའ་དབུགས་རང་ཆས་སུ་འཛོམས་པ་ཙམ་མམ། གཞན་ཡང་རབ་ཏུ་དཀར་བའི་ཆུ་འཛིན་གྱི་ཡོལ་བ། འོད་སྟོང་འབར་བའི་ཉིན་བྱེད་ཀྱི་སྣང་བ།བསིལ་ཟེར་སྤྲོ་བའི་ཟླ་ཤེལ་གྱི་ཟེགས་མ།མངོན་པར་བཀྲ་བའི་སྐར་ཚོགས་ཀྱི་དོ་ཤལ་སོགས་འཇིག་རྟེན་མེས་པོས་ཆེད་དུ་བཀོད་པ་ལྟ་བུའི་སྐྱེ་དགུ་ཡོངས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པའི་མཛེས་ལྗོངས་རང་འཁྲུངས་སུ་ཡོད་པ་ཙམ་གྱིས་མ་ཡིན་གྱི།ཡུལ་དེར་གནས་པའི་ནང་བཅུད་ཀྱི་སེམས་ཅན་གཙོ་བོ་བོད་མི་རིགས་རང་ལ་མངའ་བའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་གཞན་ཕན་གྱི་བསམ་པ་ཁྱད་པར་ཅན།རིན་ཆེན་འབུམ་ཕྲག་དུ་མས་ཀྱང་ཁུག་པར་དཀའ་བའི་ནང་བསམ་བློའི་འབྱོར་བ་ཕུན་སུམ་ཚོགས་པ།གཞན་ནས་མཐོང་དཀའ་བ་འདི་ཉིད་མངའ་བས་ལོས་ཡིན་སྙམ་མོ། །       དེ་ལས་ཀྱང་གསལ་བོ་ཤེས་དགོས་པ་ཞིག་ལ།བོད་མི་རིགས་ལ་མངའ་བའི་ཐུན་མོང་མ་ཡིན་པའི་བསམ་བློའི་འབྱོར་བ་བླ་ན་མེད་པ་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་འཁྲུངས་པ་ཞིག་མ་ཡིན་པར་ཁྱད་པར་དུ་འཕགས་པའི་སློབ་གསོ་ཞིག་གི་ལག་རྗེས་སུ་ངེས་པའི་རྒྱུ་འབྲས་ཀྱི་ཆོས་ཉིད་ཟབ་མོ་དེ་ཉིད་ཡིན་ནོ། །ངས་འདི་ལྟར་བཤད་ན་ལ་ལ་ཞིག་གིས་བོད་ལ་ཐུན་མིན་གྱི་སློབ་གསོ་ཞེས་མགོ་བོ་བཏེགས་ནས་གླེང་ཆོག་ཆོག་ཅི་ཞིག་ཡོད།ང་ཚོ་ད་ལྟའི་བར་དུ་སློབ་གསོའི་རྗེས་ལུས་དང་།དཔལ་འབྱོར་གྱི་དབུལ་བོ་ཡིན་པ་སུ་ལ་གསང་ཞེས་བསམ་ཞིང་ཟེར་བ་ནི་སྨོས་མ་དགོས་མོད།འོན་ཀྱང་ངས་བལྟས་ན་ང་ཚོས་ད་དུང་སློབ་གསོ་ཞེས་པའི་ཡིག་འབྲུ་གཉིས་པོ་དེའི་དོན་ལ་བསམ་བློ་ཞིབ་ཏུ་གཏོང་དགོས་སྙམ།གལ་ཏེ་སློབ་གསོ་ཞེས་པ་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་ངམ།བདག་རྒྱལ་གཞན་ཕན་དང་ཚེ་འདི་སྣང་གི་ལྟོ་གོས་གཏམ་གསུམ་འཕེལ་བའི་ཐབས་ལམ་ཙམ་ལ་གོ་ན་ཧ་ཅང་ཁྱབ་ཆུང་བར་སེམས་ཏེ།དེ་ཙམ་སེམས་ལྡན་ཀུན་གྱི་གཙོ་བོ་མིའི་རིགས་ཀྱི་ཁྱད་ཆོས་སུ་བསྔགས་ན་དགོས་པ་ཆུང་དྲགས་པ་མ་ཡིན་ནམ། དེས་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་ཞེས་པ་ངས་བལྟས་ན།མཐར་ཐུག་སྡུག་བསྔལ་སེལ་ཞིང་བདེ་བ་ཐོབ་པར་བྱེད་པའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པ་ཞིག་ལ་གོ་དགོས་སྙམ།རང་ཅག་བོད་མི་རིགས་ལ་དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་སློབ་གསོ་ཞིག་ཡོད་པའི་རྒྱུ་མཚན་གྱིས་མི་རིགས་གཞན་དང་རྒྱལ་ཁབ་གཞན་དག་གི་གཟུར་གནས་རྣམས་ཀྱི་བསྟོད་བསྔགས་བྱེད་པའི་ཡུལ་དུ་གྱུར་བ་ཡིན་པར་མ་ཟད།སློབ་གསོ་དེས་རང་ཅག་གི་མེས་པོ་ཚོའི་རྒྱུད་ལ་བསམ་བློའི་འབྱོར་བ་ཕུན་སུམ་ཚོགས་པ་དེ་བསྐྲུན་པ་རེད།འོན་ཀྱང་ད་ལྟ་བོད་ཅེས་པའི་ཐ་སྙད་འདི་འཇུག་ཡུལ་གྱི་ན་གཞོན་མང་བོ་ཞིག་བོད་ཅེས་པའི་མིང་གིས་བསྙད་པའི་དོན་ལ་ངོ་གནོང་དགོས་མིན་ནི་རང་ས་སོའི་སེམས་ན་གསལ་བས་ངས་འདིར་མང་དུ་བཤད་མི་དགོས་སྙམ།དེས་ན་ང་ཚོར་སེམས་ཤིག་ཡོད་ན་ད་ལྟ་བསམ་བློ་ཞིག་གཏོང་རན་རེད་སྙམ་མོ། །དེ་ཡང་སྤྱིར་སློབ་གསོ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་འགྲེལ་ཚུལ་ལ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མཁས་པ་མང་བོའི་འདོད་ཚུལ་མི་མཐུན་པ་ཤིན་ཏུ་མང་མོད།འོན་ཀྱང་རྒྱུ་མཚན་སྣ་ཚོགས་ཀྱི་དབང་གིས་རེ་ཞིག་དེ་དག་བཞག་སྟེ།དེ་རིང་ངས་འདིར་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་ཞེས་པ་དོན་དངོས་སུ་གང་ལ་བྱེད་དགོས་པ་བརྗོད་བྱའི་གཙོ་བོར་བཟུང་ནས་ཅུང་ཟད་ཙམ་ཞིག་བཤད་པར་འདོད་དོ། །དེ་ཡང་སྤྱིར་སློབ་གསོ་ཞེས་པའི་བརྡ་ཙམ་སྦྱར་ས་ལ་སློབ་གསོ་རབ་འབྲིང་ཐ་གསུམ་ཡོད་ཅེས་བཤད་ཀྱང་མི་ཆོག་པ་མེད་དམ་སྙམ་པས་གོ་རིམ་བཞིན་ཅུང་ཟད་བཤད་པར་བྱའོ། །

དང་བོ། ཚད་དམའ་བའི་སློབ་གསོའམ་ཆེས་ཐ་མར་གྱུར་པའི་སློབ་གསོ།

    ངས་ཚད་དམའ་བའི་སློབ་གསོར་འཇོག་རྒྱུ་འདི་ཉིད། ལ་ལས་ཚད་མཐོ་བའི་སློབ་གསོར་འཇོག་པའང་སྲིད་མོད།འོན་ཀྱང་ངས་བཤད་པའི་ཚད་མཐོ་དམའ་ནི་གཙོ་བོ་སློབ་གསོ་མྱོང་མཁན་དེའི་སེམས་ཇེ་བཟང་དུ་གཏོང་བའི་ནུས་པ་ཡོད་མེད་ཀྱི་སྒོ་ནས་འཇོག་གི་ཡོད་དོ། །དེས་ན་དཔལ་འབྱོར་ཙམ་ཞིག་མི་ཚེའི་སྙིང་བོར་སྨྲ་བའི་སློབ་གསོའི་རིགས་ལ་ངས་ཚད་དམའ་བའི་སློབ་གསོའམ་ཆེས་ཐ་མར་གྱུར་པའི་སློབ་གསོ་ཞེས་བརྗོད་བཞིན་ཡོད། །རྒྱུ་མཚན་ནི་དེ་ལྟ་བུའི་སློབ་གསོ་དེ་ཤ་ཞེན་རུས་ཞེན་དུ་སོང་བའི་མི་དག་གི་སེམས་ངོ་ན།ཕ་མ་བུ་ཕྲུག་གི་དུང་བ་དང་།ངོ་ཚ་ཁྲེལ་ཡོད་ཀྱི་གོས་བཟང་།གཉེན་ཉེ་གྲོགས་མཆེད་ཀྱི་མཛའ་སེམས།ཤ་རུས་གདུང་རྒྱུད་ཀྱི་ལ་རྒྱ།སྔ་ཕྱི་རྒྱུ་འབྲས་ཀྱི་འབྲེལ་བ། རང་གི་མེས་རྒྱལ་གྱི་དར་རྒུད། བགྲང་ཡས་སྐྱེ་འགྲོ་ཡི་བདེ་སྡུག་སོགས་ཡོད་ཚད་ཆེས་རིན་ཐང་ཆུང་ལ། དེ་དག་མ་ལུས་པ་རང་གི་མིག་མདུན་གྱི་ཁེ་ཕན་ཙམ་གྱི་ཆེད་དུ་མཆིལ་མའི་ཐལ་བ་བཞིན་དུ་འདོར་ཐུབ་པའི་སོ། །དེ་ལྟ་བུའི་མི་ངོ་ཚ་དང་ཁྲེལ་གཞུང་མེད་ལ་ནུས་པ་དང་ལྡན་པ་ཅི་ཙམ་ཇེ་མང་དུ་སོང་ན། དེ་ཙམ་དུ་ཆུང་ས་ནས་རང་གི་ཁོར་ཡུག་དང་། ཆེ་ས་ནས་མི་རིགས་མཐུན་སྒྲིལ། འབངས་མིའི་བདེ་སྐྱིད། འཛམ་གླིང་ཞི་བདེ། སྤྱི་ཚོགས་འཆམ་མཐུན་སོགས་ཐམས་ཅད་རྨང་ནས་གཏོར་བའི་ཉེན་ཁ་ཆེ་བས། སེམས་རྣལ་དུ་གནས་པའི་སྐྱེ་དགུ་ཡོངས་ཀྱི་འདོད་བྱ་ལ་རྒྱབ་ཀྱིས་ཕྱོགས་པས། དེས་ན་དེ་ལྟ་བུའི་མཇུག་འབྲས་སྐྱེད་བྱེད་ཀྱི་སློབ་གསོའི་རིགས་ལ་ངས་ཚད་དམའ་བའི་སློབ་གསོ་ཟེར་བཞིན་ཡོད་ལགས། ད་ལྟ་ང་ཚོའི་ཉེ་འཁོར་ན་མཐོང་རྒྱུ་དང་ཐོས་རྒྱུ། གླེང་རྒྱུ་དང་བརྗོད་རྒྱུ་ཧ་ཅང་མང་བ་ནི་ཁོར་ཡུག་ཉམས་ཆགས་དང་མཁའ་དབུགས་འབག་བཙོག  ཁ་ཟས་དུག་ཅན་དང་སྨན་རྫས་རྫུན་མ་སོགས་རེད། དེ་དག་ཆུ་རགས་ཤོར་བའི་ཆུ་ལོག་བཞིན་དུ་སྣོད་བཅུད་ཡོངས་ལ་ཁྱབ་པས། བདེ་སྐྱིད་ཀྱི་འཚོ་བ་དེ་རྨང་ནས་འཇོམས་པའི་འཇིགས་རུང་གི་གཤེད་མ་ལྟ་བུར་གྱུར་ཡོད། ངང་ཚུལ་འདི་ནི་ང་ཚོ་ཚང་མས་ཆེས་མི་འདོད་པ་ཞིག་ཡིན་པ་ནི་གོར་མ་ཆག་མོད། འོན་ཀྱང་ང་ཚོ་མི་འདོད་པ་འདི་དག་དང་གཏན་ནས་འབྲལ་མི་ཐུབ་པར་མ་ཟད། ནགས་ལ་མཆེད་པའི་མེ་ལྕེ་བཞིན་དུ་འདི་དག་གིས་མནན་ནས་ཡོང་གི་ཡོད་པ་ནི། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་གིས། །རང་གི་བདེ་བ་དགྲ་ལྟར་བཅོམ། །ཞེས་གསུངས་པ་ལྟར་སྡུག་བསྔལ་བསྐྱེད་པའི་རྒྱུ་ཚོགས་ཚང་བར་རང་གིས་བསྒྲུབས་ཟིན་པས་མི་འདོད་ཀྱང་མྱོང་རྒྱུ་ལས་མེད་དེ། དཔལ་ལྡན་ཆོས་ཀྱི་གྲགས་པས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་གཞན་ཡིན་པར་བརྗོད། །ཅེས་རྒྱུ་ཚོགས་ཚང་ན་འབྲས་བུ་འབྱུང་བ་ཆོས་ཉིད་དུ་གསུངས་པའི་ཕྱིར། དེས་ན་གལ་ཏེ་འབྲས་བུ་ཉམས་ཆགས་འདི་མི་འདོད་ན་དེའི་རྒྱུ་བཟློག་པའི་ཐབས་ལ་འབད་དགོས། འོ་ན་དེའི་རྒྱུ་གང་ཡིན་ཞེ་ན། མི་རིགས་རང་ཉིད་ཀྱི་ཀུན་སྤྱོད་ཉམས་པས་ཡིན་ལ། དེའི་རྒྱུ་ཡང་བསམ་པ་མ་བཟང་བས་ཡིན། དེ་ཡང་མཐར་གཏུགས་ན་གཙོ་བོ་བསམ་པ་དེ་ལ་གསོས་འདེབས་པའི་སློབ་གསོ་ངན་པས་བསྐྱེད་པ་ཡིན་ཏེ། ད་ལྟ་ཕལ་ཆེར་བྱིས་པ་ཚོ་སློབ་གསོ་མྱོང་བའི་འགོ་ཚུགས་པ་ནས་རྣ་ལ་བླུག་རྒྱུ་དང་སེམས་ལ་འཇོག་རྒྱུ་ཐམས་ཅད་རྒྱུ་དང་འབྱོར་བ། ཐོབ་དང་གོ་ས། མིང་དང་སྙན་གྲགས། ཁེ་དང་འགྲན་རྩོད་ལས་བསམ་བློ་དང་ཀུན་སྤྱོད་བཟང་དགོས་ཚུལ་གྱི་སློབ་གསོ་ཕལ་ཆེར་མེད་པ་ལྟ་བུར་མཐོང་བའི་ཕྱིར། འདིར་གཟུར་གནས་རྣམས་ལ་ངེས་པར་གསལ་བཤད་བྱེད་དགོས་པ་ཞིག་ལ། ང་ཚོས་དཔལ་འབྱོར་གཏན་ནས་བསྒྲུབ་མི་རུང་ཟེར་བ་མིན་གྱི། སེམས་ནང་ན་ཕྱི་དངོས་པོའི་དཔལ་འབྱོར་ཙམ་ལས་གཞན་ཅི་ཡང་མེད་པས། དེ་ཙམ་གྱི་ཆེད་དུ་ཡོད་ཚད་གཏོང་ཐུབ་པའི་བསམ་བློ་སྟེར་བའི་སློབ་གསོ་ནི་ཆེས་མ་རུང་བ་ཞིག་ཏུ་བརྗོད་བཞིན་ཡོད་ལགས། དེས་ན་འདི་རིགས་ལ་སློབ་གསོ་ཞེས་པའི་མིང་བཏགས་པ་ཙམ་ལས་དོན་གྱི་སྙིང་བོས་ཕྱུག་པའི་སློབ་གསོར་བཞག་ན་དཀའ་བར་སེམས་སོ། །

གཉིས་པ། རིམ་པ་འབྲིང་གི་རང་བཞིན་ཅན་གྱི་སློབ་གསོ།  

      ངས་འདིར་བཤད་བྱའི་རིམ་པ་འབྲིང་གི་རང་བཞིན་ཅན་གྱི་སློབ་གསོ་ཞེས་པ་ནི། མི་རང་ཉིད་ཀྱི་མི་ཚེ་དང་འབྲེལ་བའི་སློབ་གསོ་སྟེ། དེ་ཡང་ས་སྒང་ཧྲིལ་བོར་མཚན་སྙན་གྱི་འབྲུག་སྒྲ་མངོན་པར་ལྡིར་བའི་ཉེ་རབས་རྒྱ་གར་གྱི་མཁས་པ་ཆེན་པོ་ཐེ་གར་གྱིས། སློབ་གསོའི་དམིགས་ཡུལ་ནི་མི་རྣམས་ལ་ཚེ་སྲོག་གི་དབུགས་སྟོབས་དེ་ཉིད་བརྒྱུད་སྤྲོད་བྱེད་པ་ཞིག་ཏུ་འཇོག་པར་རིགས་སོ། །༼ 教育的目的因当是想人传送生命的气息༽ཞེས་གསུངས་པས་སོ། །དེས་ན་སློབ་གསོ་དེ་ཅི་ཙམ་མྱོང་ཡང་མྱོང་མཁན་དེའི་ཚེ་སྲོག་ལ་འོད་སྣང་ཅུང་ཟད་ཙམ་ཡང་འབྱིན་མི་ནུས་པ་མ་ཟད། རང་དང་གཞན་གྱི་ཚེ་སྲོག་ལ་ལྷག་པར་ཡང་གནོད་པ་སྐྱེལ་བའི་ལག་ཆ་ལྟ་བུར་སོང་བའི་སློབ་གསོའི་རིགས་ནི་བློ་དང་ལྡན་པས་བསྟོད་འོས་སུ་མ་མཆིས་ཚུལ་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། གང་ཞིག་ཅི་ཙམ་མྱོང་ན་དེ་ཙམ་དུ་རང་གཞན་ཀུན་གྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་འདོད་ཀྱི་བསམ་པ་གོང་ནས་གོང་དུ་འཕེལ་བར་བྱེད་ཅིང་། རང་ཉིད་ཚེ་འདི་ཕྱིའི་མདུན་ལམ་ལ་ལེགས་པར་བརྩོན་འདོད་ཀྱི་སྙིང་སྟོབས་བླ་ལྷག་ཏུ་བསྐྱེད་པའི་སློབ་གསོའི་རིགས་ལ་ངས་རིམ་པ་འབྲིང་གི་རང་བཞིན་ཅན་གྱི་སློབ་གསོ་ཞེས་བརྗོད་ན་མི་ཆོག་པ་མེད་དམ་སྙམ་མོ། །དེ་ཡང་སློབ་གསོ་འདིའི་རིགས་ཀྱི་ནང་དུ་སྤྱིར་རྒན་གཞོན་ཆེ་ཆུང་གི་བརྩི་བཀུར། ནང་སྒོས་ཕ་མ་བུ་ཕྲུག་གི་དུང་བ། གཉེན་ཉེ་གྲོགས་མཆེད་ཀྱི་མཛའ་བརྩེ། ངོ་ཚ་ཁྲེལ་ཡོད་ཀྱི་མི་གཞི། ཁ་ཞེ་གཉིས་མཚུངས་ཀྱི་ལྟ་སྤྱོད། ལས་འབྲས་སྤང་བླང་གི་རྣམ་དབྱེ། ཤ་རུས་གདུང་རྒྱུད་ཀྱི་ལ་རྒྱ་སོགས་གནས་ལུགས་དང་མཐུན་པར་ཇི་ལྟར་འཛུགས་སྐྲུན་བྱེད་ཚུལ་སྟོན་བཞིན་ཡོད། དེའི་ཕྱིར་འདི་ལྟ་བུའི་སློབ་གསོ་ནི་ཁོར་ཡུག་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། འཛམ་གླིང་ཞི་བདེ། འདི་ཕྱི་ཀུན་སྐྱིད་འོང་བའི་སློབ་གསོ་ཡིན་པས་མིང་དོན་མཐུན་པའི་སློབ་གསོ་ཡིན་ནོ། །དེས་ན་ལས་འབྲས་ལ་ཡིད་ཆས་ཀྱི་དད་པ་སོགས་ཡང་དག་པའི་སློབ་གསོའི་ཁ་ཕྱོགས་སྟོན་པའི་སློབ་གསོའི་རིག་གནས་ནི་ཆོས་ལུགས་ཀྱང་ཡིན་མོད། ཅི་ཙམ་སྤེལ་ཐུབ་ན་དེ་ཙམ་དུ་རྒྱལ་ཁབ་ཇེ་བརྟན་དང་། འབངས་མི་ཇེ་མཐུན་དུ་འགྲོ་བའི་ཐབས་སུ་ཤེས་ནས་ནུས་ཤུགས་གང་ཡོད་བཏོན་ནས་དར་སྤེལ་གཏོང་རིགས་ཀྱི། ཆོས་ལུགས་དད་མོས་རེད་ཅེས་ཐབས་བརྒྱ་ཇུས་སྟོང་གིས་འགོག་མི་རིགས་ཏེ། ཉེ་རབས་ཀྱི་དམངས་གཙོའི་བཅོས་སྒྱུར་བ་ཆེན་པོ་སུན་ཀྲུང་ཧྲན་གྱིས། “国民不可无宗教思想,该盖教辅政之功,政有护教之力。政以治身,教以治心,相得益彰,并行不悖。རྒྱལ་འབངས་ལ་ཆོས་ལུགས་ཀྱི་བསམ་བློ་མེད་མི་རུང་སྟེ། ཆོས་ལུགས་ཀྱིས་ཆབ་སྲིད་ལ་རམ་འདེགས་བྱེད་ནུས་ཤིང་། ཆབ་སྲིད་ཀྱིས་ཆོས་ལུགས་ལ་སྲུང་སྐྱོབ་བྱེད་ཐུབ་པས་སོ། །ཆབ་སྲིད་ཀྱིས་ལུས་ཀྱི་སྤྱོད་པ་བཅོས་ནུས་ཤིང་། ཆོས་ལུགས་ཀྱིས་སེམས་ཀྱི་ལྟ་སྟངས་བསྒྱུར་ཐུབ་པས། དེ་གཉིས་གཅིག་གྲོགས་སུ་གཅིག་འགྲོ་ཞིང་། འགལ་མེད་དུ་མཉམ་པོར་གནས་ཐུབ་པ་ཡིན་ནོ། །ཞེས་བཤད་པས་སོ། །  

      དེས་ན་ཤེས་བྱའི་རྣམ་གྲངས་མང་དུ་གསོག་པ་དང་བརྩེ་མེད་འཇོན་ཐང་གཙོ་བོར་བཟུང་བའི་སློབ་གསོ་ནི་ཕུང་ཁྲོལ་ཀུན་གྱི་གཞི་མ་ཡིན་པས་དམ་པ་རྣམས་ཐུགས་དགྱེས་པའི་སློབ་གསོ་རུ་འགྱུར་མི་སྲིད་དོ། །དེའི་རིམ་པ་འབྲིང་དུ་གྱུར་བའི་སློབ་གསོ་ནི་གཙོ་བོར་མི་རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད་ལེགས་པར་སྒྱུར་བྱེད་དུ་གྱུར་པའི་བྱེད་ཐབས་རྣམས་ལ་བྱ་ཞིང་། སློབ་གསོ་འདུ་རིགས་སྙིང་ལ་ཅི་ཙམ་ཞོག་ན་དེ་ཙམ་དུ་མི་དེའི་ཀུན་སྤྱོད་ཇེ་ལེགས་དང་བསམ་པ་ཇེ་བཟང་དུ་སོང་ནས་གཞན་ལ་གནོད་འཚེ་བྱེད་པའི་སྒོ་མང་བོ་ཞིག་རང་འགགས་སུ་འགྲོ་ལ། ལྷག་པར་དུ་གཞན་སྡུག་བསྔལ་ལ་སྦྱོར་བའི་བྱ་སྤྱོད་ཀྱིས་རང་གི་བདེ་སྐྱིད་ཐོབ་པའི་ཇུས་ངན་མིན་བསྒྲུབ་པོ། །དཔེར་ན་གནའ་རབས་ཀྱི་རྒྱའི་སློབ་གསོ་བ་ཁུང་ཙི་མཆོག་གིས། “饭疏食,饮水,曲肱而忱之,乐亦在其中矣。不义而福且贵,于我如浮云。”ཟས་ངན་ངོན་དང་ཆུ་གྲང་མོ་སྤྱོད་ཅིང་། དཔུང་བ་གུག་ནས་སྔས་སུ་བྱེད་དགོས་བྱུང་ཡང་ད་དུང་དེ་ལས་སྤྲོ་སྣང་འབྱུང་ངོ། །བདེན་ལུགས་ལས་ལྡོག་སྟེ་ཐོབ་པའི་དབང་ཐང་དང་ལོངས་སྤྱོད་ནི། ང་ལ་མཚོན་ན་གཡོ་བའི་སྤྲིན་བཞིན་ནོ། །ཞེས་ཀུན་སྤྱོད་དང་དྲང་བདེན་ནོར་ནས་ཐོབ་མངའ་ཐང་དང་འབྱོར་ཕྱུག་ནི་སྨོན་པའི་ཡུལ་དུ་མི་མཛད་པ་ལྟ་བུ་དང་། ཡང་ཁུང་ཙིའི་གསུང་སྒྲོས་ལས། “子以四教,文、行、肿、信。”སྐུ་ཉིད་ཀྱིས་རྣམ་པ་བཞིའི་སྒོ་ནས་གཞན་ལ་བསླབ་སྟོན་མཛད་དེ། གཞུང་ལུགས་དང་ཀུན་སྤྱོད། བློ་དཀར་དང་ཡིད་ཆེས་བཞིའི་སྒོ་ནས་སོ། །ཞེས་གཞུང་ལུགས་དང་ཤེས་བྱའི་རྣམ་གྲངས་གསོག་པ་ཙམ་སྙིང་བོར་མི་འཛིན་ཅིང་། གང་གཤིས་རྒྱུད་ལ་སྦྱོར་བའི་མི་གཞིའི་སློབ་གསོ་གཙོ་བོར་འཛིན་དགོས་པར་གསུངས་པ་དང་། ཆིན་རྒྱལ་རབས་ཀྱི་གོང་མའི་བཀའ་བློན་རྒྱལ་གཅེས་པ་ལིན་ཙེ་ཞུས་ཀྱིས་ཀྱང་། བསམ་པ་བཟང་བོ་མེད་ན་ནི། །ས་དཔྱད་བཟང་ཡང་ཕན་པ་མེད། །༼存心不善、风水无益༽ཅེས་མི་རང་ཉིད་ཀྱི་བསམ་པ་མ་ཡག་ན་ཕྱི་ཁོར་ཡུག་གི་ས་དཔྱད་ཤིན་ཏུ་བཟང་ས་ཞིག་ནས་བསྡད་ཀྱང་ཕན་པ་མེད་པར་བཤད་པ་དང་། ཀུན་སྤྱོད་དྲང་བོར་མ་བསྲུང་ན། །དཔེ་ཆ་བཀླགས་ཀྱང་ཕན་པ་མེད། །༼行止不端,读书无益༽ཅེས་དཔེ་ཆ་མང་བོ་བཀླགས་ནས་ཤེས་བྱའི་རྣམ་གྲངས་མང་བོ་བསགས་ཀྱང་རང་གི་ཀུན་སྤྱོད་རྒྱ་ཡན་དུ་བཏང་ན་རང་གཞན་ཀུན་ལ་ཕན་མི་ཐོགས་པར་བཤད་པ་དང་། ཡང་། ང་རྒྱལ་ཁེངས་དྲེགས་རྒོད་པ་དེར། །ཤེས་རྒྱ་ཆེ་ཡང་ཕན་པ་མེད། །ཕྱུག་ཀྱང་བྱམས་བརྩེ་མེད་ན་ནི། །བསགས་པ་མང་ཡང་ཕན་པ་མེད། །གཞན་གྱི་རྒྱུ་ནོར་བཅོམ་བྱས་ནས། །སྦྱིན་པ་བཏང་ཡང་ཕན་པ་མེད། །༼心高气傲,博学无益,为富不仁,积聚无益,勃取仁财,布施无益༽ཅེས་སློབ་གསོ་དེས་མི་དེའི་སེམས་ཇེ་བཟང་དུ་མ་སོང་ན་མི་དེར་ཕན་མ་ཐོགས་པར་བཤད་པ་སོགས་ལའང་ང་ཚོས་བསམ་བློ་ཞིབ་ཏུ་གཏོང་དགོས་པ་མ་ཡིན་ནམ། 

      དེ་ཡང་སྔོན་འཇར་མན་གྱི་ན་ཙིའི་གཅིག་བསྡུས་བཙོན་ར་༼纳粹集中营༽ནས་སྟབས་ལེགས་སྟེས་དབང་གིས་ཐར་བའི་མི་ཞིག་ཨ་རིའི་སློབ་འབྲིང་ཞིག་གི་སློབ་གཙོ་རུ་གྱུར། ཁོས་ནམ་ཡིན་ཡང་ཁོ་ཚོའི་སློབ་གྲྭ་དེར་དགེ་རྒན་གསར་བ་རེ་ཡོང་རེས་ཀྱིས་དགེ་རྒན་དེར་ཡི་གེ་རེ་སྟེར་རྒྱུ་ནི་ཁོའི་བྱ་བའི་གཙོ་བོ་ལྟ་བུར་གྱུར། འོ་ན་ཡི་གེ་དེའི་ནང་དུ་ཅི་ཞིག་བྲིས་ཡོད་སྙམ་ན། འདི་ལྟར་བྲིས་འདུག་སྟེ། མཛའ་བརྩེ་ལྡན་པའི་དགེ་རྒན་ལགས། བདག་གིས་མིའི་རིགས་ཀྱིས་མཐོང་མི་འོས་པའི་གནས་ཚུལ་མང་བོ་ཞིག་དངོས་སུ་མཐོང་གི་འདུག་སྟེ། དཔེར་ན་ཆེད་མཁས་ཡོན་ཏན་ཅན་གྱི་བཟོ་སྐྲུན་པ་དག་གིས་དུག་རླངས་ཁང་བསྐྲུན་པ་དང་། ཤེས་ཡོན་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྨན་པ་རྣམས་ཀྱིས་བྱིས་པ་དུག་གིས་གསོད་པ། སྐྱེས་མ་ཐག་པའི་བྱིས་པ་རློན་ཕྲུག་སྦྱོང་བརྡར་ཐོབ་པའི་ནད་གཡོག་གིས་གསོད་པ་ལྟ་བུ། ངས་འདི་དག་མཐོང་ཐོས་སུ་གྱུར་ཚེ། ང་རང་ཐེ་ཚོམ་དུ་གྱུར་ཏེ། སློབ་གསོ་ཞེས་པ་འདི་དོན་དངོས་སུ་ཅི་ཞིག་གི་ཆེད་དུ་ཡིན་ནམ་ཞེས་འདྲི་དགོས་བྱུང་སོང་། དེས་ན་ངས་འདིར་ཁྱེད་ལ་ཞུ་བ་བྱེད་རྒྱུ་ནི། ཁྱེད་ཀྱིས་སློབ་མ་འདི་དག་མི་གཤིས་དང་ལྡན་པའི་མི་ཞིག་ཏུ་བསྐྱེད་སྲིང་གནང་རོགས། འུ་ཅག་གིས་བྱིས་པ་འདི་དག་མི་གཤིས་ལྡན་པའི་མི་རུ་འཚར་ལོངས་བྱུང་དུ་བཅུག་ན། ད་གཟོད་ཁོའི་འབྲི་ཀློག་རྩིས་གསུམ་གྱི་ཡོན་ཚད་ལ་རིན་ཐང་ཡོད་པ་ཡིན་ནོ། །ཞེས་གསུངས་ཡོད་དོ། །དེས་ན་མི་རྣམས་ལ་གདོན་འདྲེ་ལྟ་བུའི་ཆེས་ཤིན་ཏུ་ཡ་ང་ཞིང་འཇིགས་སུ་རུང་བའི་ཕྱོགས་གཅིག་དང་། འཆི་མེད་ལྷའི་བུ་ལྟ་བུའི་ཡ་རབས་ཡིད་སྨོན་འཆོར་བའི་བཟང་བོའི་ཕྱོགས་གཉིས་ཡོད་པ་ལས། ལྷན་སྐྱེས་སུ་ཡོད་པའི་གཤིས་ཀ་དེ་ཚེ་རབས་སྔོན་མའི་བག་ཆགས་དང་འབྲེལ་བ་དམ་པོ་ཡོད་པ་ཡིན་ནའང་། མི་བརྟན་ཅིང་མི་རྟག་པའི་རང་བཞིན་ཅན་གྱི་གཤིས་ཀ་འདི་ཡང་རང་བཞིན་གྱིས་མ་གྲུབ་པས། ཚེ་འདིའི་སློབ་གསོ་མྱོང་ཚུལ་ལ་བརྟེན་ནས་འགྱུར་བའང་ཆེས་ཤིན་ཏུ་མང་བོ་ཡོད་དོ། །དཔེར་ན་ཆུང་དུས་ཡ་རབས་གཤིས་བཟང་གི་ཚད་དུ་འཇོག་རྒྱུ་ལ་ལ་ཞིག་ཕྱིས་སུ་སློབ་གྲྭར་སོང་ནས་ངན་པར་གྱུར་པའང་མང་བོ་མཐོང་ལ། སྔོན་དུས་སྲིན་པོ་མི་རུ་སྐྱེས་པ་ལྟ་བུའི་མ་རབས་ངན་པ་འགའ་ཡང་སློབ་གསོ་དང་འཕྲད་པས་རང་བཞིན་འགྱུར་ཏེ་དམ་པ་མང་བོའི་བསྟོད་བསྔགས་བྱེད་པའི་གནས་སུ་གྱུར་པའང་བགྲང་ལས་འདས་པ་ཡོད་པའི་ཕྱིར་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་ཞིག་སྔོན་ཆད་བག་མེད་གྱུར་བ་དག །ཕྱིས་ནས་བག་དང་ལྡན་པར་ཉིད་གྱུར་ན། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་པའི་བསྟན་དོན་ཚད་མས་གྲུབ་ཅིང་། བོད་ཀྱི་དགེ་བཤེས་ཆེན་པོ་འབེན་གུང་རྒྱལ་གྱི་བྱུང་བ་སོགས་མང་བོས་ཀྱང་ཤེས་པའི་ཕྱིར་རོ། །དེས་ན་ང་ཚོས་སློབ་གསོ་ཞེས་པ་མིའི་ཚེ་སྲོག་ལ་དོན་སྙིང་གི་འོད་སྣང་འབྱིན་ཅིང་། སེམས་ཁོང་གི་གོ་རྟོགས་སད་བྱེད་ཅིག་ཏུ་ཨེ་ཡོང་བལྟ་དགོས་པ་ཡིན་གྱི། ཚོགས་ན་བཤད་རྒྱུ་མང་ཞིང་གྲོལ་ན་ལས་རྒྱུ་མང་བའི་འཇོན་ཐང་ཙམ་གཙོ་བོར་སྐྱེད་བྱེད་ཅིག་ལ་སློབ་གསོ་ཞེས་མིང་རྫིག་པོ་ཞིག་གསོལ་ཏེ་ཤི་འཐམ་རོ་འཐམ་བྱ་མི་རུང་སྟེ། དེ་ལྟར་བྱས་ན་སློབ་གསོ་ཅི་ཙམ་མྱོང་བ་དང་། ཤེས་ཡོན་ཅི་ཙམ་འབྱོར་བ་དེ་ཙམ་དུ་སྣོད་བཅུད་ཀུན་ལ་གནོད་འཚེ་བྱེད་པའི་གཤེད་མ་ལྟ་བུ་ཇེ་མང་དུ་འགྲོ་རྒྱུ་ལས་འོས་མེད་པས། བསམ་བློ་གཏོང་ཤེས་ན་མཆི་མ་གནམ་འཕེན་རང་གི་ངོ་ཡིན་པ་ཅིས་མི་ཤེས།   

     འོ་ན་ཡག་དག་པའི་སློབ་གསོ་ཞེས་པ་ཇི་འདྲ་ཞིག་ཡིན་དགོས་ཤེ་ན། དེ་ནི་རང་བཞིན་གྱིས་གནོད་འཚེ་བྱེད་པ་ལ་དགའ་བའི་མ་རབས་རྣམས་ཀྱང་དེའི་སྟོབས་ཀྱིས་ཡ་རབས་སྤྱོད་བཟང་ཅན་དུ་འགྱུར་བ་དང་། ཡ་རབས་རྣམས་ནི་ལྷག་པར་ཡང་ཇེ་བཟང་དུ་གཏོང་བྱེད་ཅིག་ལ་བྱ་རིགས་སོ། །དེ་ཡང་ཆུང་དུས་ནས་གོམས་གཤིས་སུ་འགྲོ་བ་ཞིག་བྱེད་ཐུབ་ན་ཤིན་ཏུ་ལེགས་ཏེ། དུས་རབས་བཅུ་དྲུག་པའི་དབྱིན་ཇིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཕུལ་དུ་བྱུང་བའི་མཚན་ཉིད་པ། བསམ་བློ་བ། རྩོམ་རིག་པ་དང་ཚན་རིག་པར་གྲགས་པའི་མཁས་པ་ཆེན་པོ་ཕེ་ཀུན་གྱིས། མི་རྣམས་ཀྱི་བསམ་བློ་ནི་ཕལ་ཆེར་རང་གི་རེ་སྨོན་ལ་རག་ལས་ཤིང་། ཁོ་ཚོའི་གཏམ་བརྗོད་ནི་རང་ཉིད་ཀྱི་ཡོན་ཚད་དང་དེ་ལས་བསྡུས་པའི་ལྟ་སྟངས་ལ་རག་ལས་མོད། འོན་ཀྱང་ཁོ་ཚོའི་བྱ་སྤྱོད་ནི་ཁོ་ཚོའི་གོམས་གཤིས་ཉིད་ལ་བསྟུན་པར་འདུག་གོ །ཞེས་དང་། ཡང་། གོམས་གཤིས་ནི་མི་ཚེ་ལ་དབང་སྒྱུར་མཁན་ཉིད་དུ་གྱུར་པ་དེ་ལྟ་ན། མི་རྣམས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་གོམས་གཤིས་བཟང་བོ་ཞིག་ཆགས་པར་འབད་པ་བྱེད་དགོས་སོ། །ཆུང་ངུའི་དུས་ནས་བྱུང་བའི་གོམས་གཤིས་དེ་ནི་ཆེས་ཤིན་ཏུ་ལེགས་པར་གོར་མ་ཆག་ལ། ང་ཚོས་དེའི་མིང་ལ་སློབ་གསོ་ཞེས་འབོད་པ་ཡིན་ཏེ། སློབ་གསོ་ཞེས་པ་དོན་དངོས་སུ་གཞོན་དུས་ནས་འགོ་བརྩམས་ཏེ་བྱུང་བའི་གོམས་གཤིས་ཤིག་ཡིན་པས་སོ། །ཞེས་བཤད་པའི་ཚིག་ཟིན་ལ་སྐྱོན་བཏོག་རྒྱུ་འགའ་ཟུང་རེ་མཆིས་པ་ལྟ་བུར་སྣང་མོད། འོན་ཀྱང་དེ་ནི་གཙོ་བོ་མ་ཡིན་གྱི། ང་ཚོས་འདི་ལས་གོ་རྒྱུ་གཙོ་བོ་ནི། ཆུང་དུས་ནས་སློབ་གསོ་ཡང་དག་པ་མྱོང་དུ་བཅུག་ནས་གོམས་གཤིས་ལེགས་པོ་ཞིག་ཆགས་པར་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་བཤད་པ་དེ་ཉིད་ཡིན་ལ། དེ་ནི་ཆེས་ཤིན་ཏུ་ནས་ཀྱང་ངོས་ལེན་བྱེད་རིགས་ཀྱི། ཀླན་ཀ་བྱེད་པའི་འོས་མེད་པས་སོ། །མདོར་ན་འདིར་ངས་བཤད་པའི་རིམ་པ་འབྲིང་གི་རང་བཞིན་ཅན་གྱི་སློབ་གསོ་ནི། སུའི་སྙིང་ལ་དམ་པོར་ཞོག་ན་ཁྲིམས་ལུགས་ཁོ་ན་དང་། འགྲིག་ལམ་འབའ་ཞིག་གིས་གཅུན་མི་དགོས་པར་མངོན་ལྐོག་མེད་པར་རང་བཞིན་གྱིས་ལས་འབྲས་དང་མི་འགལ་བར་རང་དོན་ལ་འབད་པའམ། སྲིད་འབྱོར་རིག་གསུམ་དར་བའི་ལས་ལ་བརྩོན་པར་རིགས་སོ་སྙམ་པའི་བསམ་བློ་སྐྱེད་བྱེད་ཀྱི་རིགས་སུ་གྱུར་པའི་སློབ་གསོ་དག་ལ་བྱ་ཞིང་། བོད་རང་ཉིད་ཀྱི་སྤྱིར་བཏང་གི་སྲོལ་རྒྱུན་སློབ་གསོ་ལ་ཕལ་ཆེར་འདིའི་ཁྱད་ཆོས་ཚང་བར་འདུག་གོ །

གསུམ་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ། 

     དེ་ཡང་འདིར་བཤད་པར་བྱ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་ཞེས་པ་ནི། ཚད་ཤིན་ཏུ་མཐོ་བའི་སློབ་གསོའི་རིགས་ཤིག་སྟེ། དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་དྲི་མེད་ཀྱི་ཤེས་རབ་དང་སེམས་ཅན་ཐམས་ཅད་ལ་རིས་སུ་མ་ཆད་པར་སྙོམས་པའི་སྙིང་བརྩེ་བའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་ཟུང་འབྲེལ་བྱས་ཏེ་མི་ཚེའི་སྙིང་བོ་མཐར་ཐུག་འཚོལ་བར་བྱའོ་སྙམ་པའི་བསམ་པ་སྐྱེད་པར་བྱེད་པའི་སློབ་གསོ་ཞིག་ལ་བྱའོ། །ངས་འདི་ལྟར་བཤད་ཚེ་མི་ལ་ལས་འདིས་བཤད་པ་ཐམས་ཅད་ནང་ཆོས་སུ་སོང་བས་སློབ་གསོ་ཞིག་ག་ལ་ཡིན་སྙམ་པ་འཆར་སྲིད་མོད། དེ་ལ་ཁག་མེད་དེ། དེ་ནི་ཚེ་འདིའི་ལྟོ་གོས་གཏམ་གསུམ་ཙམ་སྙིང་བོར་སྨྲ་བའི་སློབ་གསོའི་རིགས་དེ་ཉིད་རྣ་ལ་བྱང་ཞིང་སེམས་ལ་འཇགས་པས་ཡིན་ནོ། །  

     འོན་ཀྱང་བསམ་བློ་ཞིབ་མོ་ཞིག་གཏོང་ཐུབ་ན། སློབ་གསོ་ཞེས་པའི་དོན་མཐར་ཐུག་པ་དེ་ཙམ་གྱིས་ག་ལ་རྫོགས་ནུས་ཏེ། རྒྱུ་མཚན་ནི་སློབ་གསོ་ཞེས་པ་མཐར་གཏུགས་ན་ལུས་སེམས་གཉིས་ཀའི་སྡུག་བསྔལ་སེལ་བྱེད་དང་བདེ་བ་སྒྲུབ་བྱེད་ཀྱི་ཐབས་ཡང་དག་པ་ཞིག་ལ་གོ་དགོས་པའི་ཕྱིར། སེམས་ཅན་རྣམས་ཀྱི་སྡུག་བསྔལ་དེ་ལ་ཡང་ལུས་ཀྱི་སྡུག་བསྔལ་དང་སེམས་ཀྱི་སྡུག་བསྔལ་གཉིས་ཡོད་དེ། བཞི་བརྒྱ་བ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །ཞེས་གསུངས་པའི་ཕྱིར། དེ་ན་སེལ་བྱེད་ཀྱི་ཐབས་སུ་གྱུར་པའི་སློབ་གསོ་ལའང་གནས་སྐབས་ལུས་ཀྱི་སྡུག་བསྔལ་སེལ་བྱེད་ཀྱི་སློབ་གསོ་དང་། མཐར་ཐུག་སེམས་ཀྱི་སྡུག་བསྔལ་སེལ་བྱེད་ཀྱི་སློབ་གསོ་གཉིས་ཡོད་དོ། །

     ལུས་ཀྱི་སྡུག་བསྔལ་ལ་ཤིན་ཏུ་མང་ཡང་མདོར་དྲིལ་ན་སྐྱེ་དགའ་ན་འཆིའི་སྡུག་བསྔལ་རྣམས་ཀྱི་ནང་དུ་འདུས། དེ་ལས་དང་བོ་སྐྱེ་བའི་སྡུག་བསྔལ་ནི། འདུ་བྱེད་ཀྱི་ལས་ལ་སྦྱངས་ན་སྐྱེ་བ་ཞིག་མི་ལེན་ཐབས་ མེད་ཡིན་མོད།འོན་ཀྱང་སྨན་དང་ཚན་རིག་གི་ནུས་པ་ལ་བརྟེན་ནས་སྐྱེ་བའམ་བཙའ་བའི་གནས་སྐབས་ཀྱི་སྡུག་བསྔལ་དེ་ཉིད་ཅུང་ཟད་ཙམ་ཞིག་ཇེ་ཆུང་དུ་གཏོང་ཐུབ་པ་ཡིན། དེའི་ཕྱིར་རང་གཞན་གཉིས་ ཆར་ཕན་པ་སྒྲུབ་བྱེད་ཀྱི་གསོ་རིག་དང་ཚན་རིག་གི་སློབ་གསོ་ཡང་གལ་ཆེ་བའི་ཚུལ་ཤེས་དགོས་པ་ ཡིན་ནོ། ། གཉིས་པ་ན་བའི་སྡུག་བསྔལ་ནི། སྤྱིར་ང་ལྟ་བུའི་འཆང་བ་ཀུན་ལྡན་གྱི་སོ་སྐྱེས་རྣམས་ནི་ནད་ ཆགས་སོགས་ཀྱིས་དུས་རྟག་ཏུ་ན་ནས་ཡོད་མོད།འོན་ཀྱང་རང་ཅག་མ་རིག་པས་ཆེས་ཆེར་རྨོངས་པར་བྱས་པས་ན་བ་ལ་ན་བར་ངོ་མ་ཤེས་པ་ཙམ་ཡིན་ཏེ། ཀ་མ་བའི་ཞལ་ནས། དུག་གསུམ་གྱི་གཅོང་ནད་ ཆེན་པོས་ཐེབས་ནས་ནད་ཚབ་ཤིན་ཏུ་ཆེ་བ་ལ་འོ་སྐོལ་གྱིས་ན་བ་ཡེ་མ་ཤེས་ཞེས་གསུངས་པ་ལྟ་བུ་ཡིན་པའི་ཕྱིར།ཡིན་ནའང་དེ་ལྟ་བུའི་ནད་ནི་སངས་རྒྱས་ཁོ་ནས་སེལ་ཚུལ་མཁྱེན་གྱི།གཞན་རིལ་བུ་ཟ་བ་དང་གཤག་བཅོས་སོགས་ཀྱིས་བཅོས་ཐབས་ནི་མེད་དོ། །དེ་ན་འུ་ཅག་ཀུན་ལ་ཡོངས་སུ་གྲགས་པའི་ནད་ནི།གཙོ་བོ་འབྱུང་བཞིའི་འདུ་བ་འཁྲུགས་པ་ལས་བྱུང་བའི་ནད་རྣམས་ཡིན་ལ།དེ་ལ་ནད་དེ་འབྱུང་བྱེད་ཀྱི་རྩ་བའི་རྒྱུ་ནི་རང་རྒྱུད་ལ་ཡོད་པའི་དུག་གསུམ་སོགས་ཉོན་མོངས་པ་རྣམས་དང་དེས་བསྐྱེད་པའི་ལས་རྣམས་ཡིན་ནོ། །འཕྲལ་གྱི་རྐྱེན་ནི་ཟས་དང་སྤྱོད་ལམ་ནམ་ཟླའི་དྲོ་གྲང་སོགས་ཡིན་པས།དེ་ལ་རང་ལུས་སྲུང་སྐྱོབ་བྱེད་པའི་ཆ་རྐྱེན་ཟས་གོས་གནས་མལ་སོགས་དགོས་ལ།དེ་ཡང་མ་འབད་ན་དེ་དག་སྒྲུབ་བྱེད་ཀྱི་གཞི་མེད་པས་རྒྱུ་འབྱོར་འཚོལ་དགོས།དེས་ན་འདིར་ངེས་པར་ཤེས་དགོས་པ་ཞིག་ལ་རྒྱུ་འབྱོར་འཚོལ་བ་ནི་རང་ལུས་སྲུང་ཆེད་ཡིན་པས།རྒྱུ་འབྱོར་གྱི་ཆེད་དུ་རང་ལུས་གཏོང་བ་ནི་གཙོ་ཕལ་གོ་ལྡོག་པས་ཆེས་རྨོངས་པའི་རྟགས་སོ། །དགོས་པ་དེའི་ཕྱིར་གནས་སྐབས་སུ་ལུགས་དང་མཐུན་པར་རྒྱུ་འབྱོར་འཚོལ་དགོས་ལ།དེའི་ཕྱིར་དེ་དག་ཇི་ལྟར་སྒྲུབ་ཚུལ་སྟོན་པའི་གཞུང་ལུགས་དང་སློབ་གསོ་མེད་དུ་མི་རུང་བར་མ་ཟད།ན་བ་མི་འབྱུང་བར་བྱེད་པའི་སྔོན་འགོག་གི་ཐབས་སྟོན་པའི་འཕྲོད་བསྟེན་དང་དེའི་སྐོར་གྱི་རྒྱུན་ཤེས་སོགས་ཀྱི་སློབ་གསོ་ཡང་མེད་ཐབས་མེད་ལ།ནད་བྱུང་བ་བསལ་བའི་སྨན་སོགས་ཀྱི་སྐོར་ཡང་དགོས་ཚུལ་ཤེས་སླའོ། །གསུམ་པ་རྒ་བའི་སྡུག་བསྔལ་ནི།སྤྱིར་རྒ་བ་ཙམ་ནི་མཐོ་བ་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ནས་དམའ་བ་སྦྲང་བོའི་བར་གྱི་ལུས་ཅན་སུ་ཡིན་ཡང་གཡོལ་མི་ཐུབ་མོད།འོན་ཀྱང་འབྱུང་བཞི་ལས་གྲུབ་པའི་ལུས་ཕུང་ལ་དགོས་ངེས་ཀྱི་ཆ་རྐྱེན་སྒྲུབ་བྱེད་ཀྱི་ཟས་གོས་རྒྱུ་འབྱོར་དང་འཕྲོད་བསྟེན་སོགས་ཀྱིས་མ་ལོངས་པས་རྒ་བའི་དུས་ལ་མ་སླེབས་པར་རྒས་སྔ་དྲགས་ན་དེ་དག་ཡོད་ཚེ་ཕན་པས་དེའི་ཆེད་དུ་རྒྱུ་འབྱོར་བསྒྲུབ་དགོས་སོ། །བཞི་བ་འཆི་བའི་སྡུག་བསྔལ་ནི།སྤྱིར་ལས་ཉོན་གྱི་དབང་གིས་སྐྱེ་བ་མ་སྤངས་ན་འཆི་བ་ཆོས་ཉིད་ཡིན་ཏེ།སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པ་ལྟར་སྔོན་གྱི་ལས་ཀྱིས་ཇི་ལྟར་འཕངས་པའི་ཚེ་ཐམས་ཅད་ཟད་ནས་ཤི་བ་ཡིན་ན་དུས་ལ་བབས་ནས་ཤི་བ་ཡིན། དེ་ནི་འཆི་རྒྱུ་ཞིག་འཆི་བ་ཡིན་པས་ཡ་མཚར་རྒྱུ་ཆེར་མེད་མོད། འོན་ཀྱང་འཆི་རྐྱེན་སྣ་ཚོགས་པ་ཞིག་ཡོད་པ་ལས་ཡོ་བྱད་མེད་ནས་འཆི་བ་ལྟ་བུ་བསོད་ནམས་ཟད་དེ་འཆི་བ་ནི་དཔལ་འབྱོར་དང་འབྲེལ་བ་དམ་པོ་ཡོད་པས་དཔལ་འབྱོར་ཡོད་ན་གནས་སྐབས་དེ་ལྟ་བུའི་སྡུག་བསྔལ་ལས་ནི་སྐྱོབ་ཐུབ་པ་ཡིན་ནོ། །ད་དུང་ལས་ཀྱིས་འཕངས་པའི་ཚེ་མ་ཟད་ཀྱང་ཡ་ང་བ་མ་སྤངས་པས་འཆི་བའི་སྡུག་བསྔལ་དཔེར་ན། ཁ་ཟས་ཚོད་མི་ཟིན་པར་ཟ་བ་དང་།མི་འཕྲོད་པ་ཟ་བ་དང་།སྔ་མ་མ་ཞི་བར་ཟ་བ་དང་།མ་ཞི་བ་ལྟོར་བསགས་པ་འབྱིན་པར་མི་བྱེད་པ་དང་།སྨིན་པ་བསྒགས་པ་དང་།སྨན་སོ་སོར་མི་བསྟེན་པ་དང་།གོམས་པ་དང་མ་གོམས་པ་མི་ཤེས་པ་དང་།དུས་མ་ཡིན་པར་འགྲོ་བ་དང་།མི་ཚངས་པ་སྤྱོད་པར་ཐལ་དྲག་པས་འཆི་བ་སོགས་ནི།ལ་ལ་སྨན་དང་སྨན་པས་བཅོས་དགོས་ཤིང་།ལ་ལ་འཇིག་རྟེན་གྱི་འགྲོ་ལུགས་འདུག་སྟངས་ལ་མ་མཁས་པས་བསྐྱེད་པ་ཡིན་པས་འཇིག་རྟེན་འདིར་ཡང་དག་པའི་འཚོ་བ་ཇི་ལྟར་རོལ་ཚུལ་སོགས་ཀྱི་སློབ་གསོ་ཡང་གལ་ཆེ་བ་ཡིན་ནོ། །

    སྤྱིར་སེམས་ཀྱི་སྡུག་བསྔལ་སེལ་བ་དང་གཏན་གྱི་བདེ་བ་བསྒྲུབ་རྒྱུ་ནི་དལ་འབྱོར་ལ་སྙིང་བོ་ལེན་རྒྱུའི་གཙོ་བོ་ཡིན་མོད།འོན་ཀྱང་གཏན་གྱི་བདེ་བ་ནི་ཚེ་གཅིག་གི་ཡུན་ལ་འཁྱོངས་པ་ཆེས་ཤིན་ཏུ་དཀའ་བས་སྐྱེ་བ་མང་བོ་བརྒྱུད་དགོས་པས་དལ་འབྱོར་གྱི་ཨང་ག་མ་འཁྲུགས་པ་ཞིག་དགོས་ཞེས་གསུངས་པ་ལྟར་མི་ལུས་རིན་པོ་ཆེ་འདི་ལའང་གཅེས་སྤྲས་ཆེན་པོ་བྱེད་དགོས་ཏེ།འདི་ལ་བརྟེན་ནས་གཏན་གྱི་བདེ་བ་བསྒྲུབ་དགོས་པའི་ཕྱིར་ཏེ།སྤྱོད་འཇུག་ལས།དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཕྲན་ཚེགས་ཆེད་དུ་གནོད་མི་བྱ། །ཞེས་དང་།ཡང་།མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་གསུངས་པའི་ཕྱིར།དེ་ན་དགོས་པ་དེ་ལྟ་བུའི་ཆེད་དུ་དྲང་བདེན་གྱི་ཆབ་སྲིད་དང་རིག་གནས་ཀྱི་སློབ་གསོ་ཡང་ཤིན་ཏུ་གལ་ཆེ་བས་བཏང་སྙོམས་སུ་འཇོག་མི་རུང་ཚུལ་ཡང་ཤེས་པར་བྱའོ། །གཉིས་པ་མཐར་ཐུག་སེམས་ཀྱི་སྡུག་བསྔལ་སེལ་བ་དང་དེའི་བདེ་བ་སྒྲུབ་བྱེད་དུ་གྱུར་བའི་ཐབས་ཤེས་ཟུང་འབྲེལ་གྱི་སློབ་གསོ་ནི།ད་ལྟ་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་ཞེས་བརྗོད་ཆོག་ཆོག་རེད་སྙམ།ངས་འདིར་ད་ལྟ་ཞེས་པའི་ཚིག་སྦྱར་བ་ནི།སྔོན་གྱི་དུས་སུ་རྒྱ་དཀར་ནག་གི་ཡུལ་དུའང་དེ་ལྟ་བུའི་སློབ་གསོ་བྱུང་མྱོང་བ་ཤེས་པའི་ཆེད་དུ་ཡིན།དེ་ཡང་ངེས་པར་གནས་ལུགས་རྟོགས་པའི་ཤེས་རབ་དང་ཐབས་བརྩེ་བ་སྙིང་རྗེ་ཆེན་པོ་བྱུང་ཆུབ་ཀྱི་སེམས་གཉིས་ཟུང་འབྲེལ་དུ་བྱེད་དགོས་ཀྱི།དེ་གཉིས་ལས་གང་རུང་ཞིག་མ་ཚང་ན་གཤོག་ཡ་ཆད་པའི་བྱ་བཞིན་དུ་མཐར་ཐུག་གི་དོན་དུ་གཉེར་བྱའི་བདེ་ཆེན་གྱི་མཁའ་དབྱིངས་དེར་བདེ་བླག་ཏུ་འཕུར་མི་ནུས་པའི་ཕྱིར་རོ། །དེར་མ་ཟད་ཆོས་ལ་དད་མི་དད་གང་ལྟར་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་སྣོད་བཅུད་ཀུན་ལ་ཕན་པའི་རིན་ཐང་ཤེས་དགོས་པའི་ཕྱིར།འོ་ན་དེ་ལ་རིན་ཐང་ཅི་ཞིག་ཡོད་ཅེ་ན།དེ་ཡང་ཐོག་མར་ད་སྐབས་ང་ཚོ་གནས་སའི་སྤྱི་ཚོགས་འདི་ཇི་འདྲ་ཞིག་ཏུ་གྱུར་ཡོད་པ་ཤེས་དགོས།གནའ་སྔ་མོ་ཡིན་ན་འཛམ་གླིང་ཤར་ནུབ་ཕར་ཟད།ས་ཆ་གཅིག་གི་ལུང་ཁུག་ཕན་ཚུན་གྱི་གནས་ཚུལ་ཡང་མགྱོགས་པོར་གོ་དཀའ་ལ།གཅིག་ལ་གཅིག་ངོ་ཐུག་ནས་གཏམ་གླེང་བྱེད་པ་དེ་བས་ཀྱང་དཀའོ། །འོན་ཀྱང་ད་སྐབས་ཚན་རིག་ལག་རྩལ་གོང་ནས་གོང་དུ་འཕེལ་བའི་གོམ་འགྲོས་དང་བསྟུན་ནས་ཆ་འཕྲིན་དང་འགྲིམ་འགྲུལ་སོགས་སྟབས་ཇེ་བདེར་སོང་སྟེ་ས་སྒང་ཧྲུལ་བོ་འདི་སྡེ་བ་གཅིག་ལྟ་བུར་གྱུར་ཡོད།དེའི་ཕྱིར་འཛམ་གླིང་ཤར་ནུབ་ཀྱི་མི་མང་བོ་དུས་གཅིག་ལ་གནས་གཅིག་ཏུ་ལྷན་འཛོམས་བྱུང་བའི་གོ་སྐབས་ཀྱང་སྔར་ལས་ལྷག་པར་ཇེ་མང་དུ་སོང་ཡོད་པ་ནི་མངོན་སུམ་ཡིན།

     སྤྱིར་བཏང་བཤད་ན་དེ་ནི་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་སྟོབས་ལས་བྱུང་བའི་ དགེ་མཚན་ཞིག་ཏུ་བརྩི་ཆོག་པས་དགའ་བར་རིགས་མོད།འོན་ཀྱང་རང་རང་སོ་སོའི་ཡུལ་སྲོལ་དང་གོམས་གཤིས།རིག་གནས་ཆོས་ལུགས་སོགས་མི་འདྲ་བའི་དབང་གིས།སྐད་ཆ་བཤད་སྟངས།འཚོ་བ་རོལ་སྟངས།ཡིད་ལ་དྲན་ཚུལ།ལྟ་བ་འཛིན་ཚུལ་སོགས་ཤིན་ཏུ་མི་མཐུན་པ་མང་བོ་ཡོད།དེར་མ་ཟད་ད་ལྟའི་སེམས་ཅན་འདི་དག་ཐམས་ཅད་ཀྱང་ཆགས་སྡང་གི་འགྱུར་བག་ཧ་ཅང་རྒོད།ང་རྒྱལ་དང་ཁེངས་དྲེགས་དགུང་ལས་མཐོ།ཕྲག་དོག་དང་འགྲན་སེམས་རླུང་ལྟར་ལྡང་།སྒེར་སེམས་དང་རང་མཐོང་སྙིང་ལ་ཉལ་བས།གལ་ཏེ་ཕན་ཚུན་བར་ལ་ཅུང་ཟད་འགལ་བ་རེ་བྱུང་ནའང་བཟོད་སྒོམ་བྱེད་པ་ཧ་ཅང་ཉུང་བར་སྣང་ལ།གལ་ཏེ་ཁོང་ཁྲོའི་བཀོད་འདོམས་ལ་ཉན་པའི་དབང་དུ་སོང་ན་ནི་ཤིན་ཏུ་ཉེན་ཁ་ཆེ་སྟེ།སྣོད་བཅུད་ཀུན་རྩ་གཏོར་བྱེད་པ་ལས་ཅི་ཞིག་ཡོད།དེ་ན་གནས་སྟངས་འདི་འདྲ་ཞིག་གི་འོག་ནས་བྱམས་སྙིང་རྗེ་བྱང་ ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་བསམ་པ་བཟང་བོ་ལ་བསྐུལ་བའི་སློབ་གསོ་ཟབ་མོ་ཞིག་མེད་ན་ནི།ཁོར་ཡུག་སྲུང་སྐྱོབ།མི་རིགས་མཐུན་སྒྲིལ།རྒྱལ་ཁབ་བདེ་འཇགས།འཛམ་གླིང་ཞི་བདེ།སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་སྙན་གླུ་ཇི་ལྟར་གྱེར་ཀྱང་།བཤད་པ་བཞིན་འགྲུབ་རྒྱུ་ཕར་ཟད།ད་དུང་ང་ཚོ་ཚང་མ་དུས་བཀག་འབར་འདེལ་རུམ་དུ་བཅུག་ནས་ཉལ་བ་བཞིན་སྐྱེ་འགྲོ་མང་བོའི་སྲོག་ལ་རྒོལ་བའི་ཉེན་ཁ་དང་དུས་རྟག་ཏུ་འགྲོགས་ནས་ཡོད་པ་སུ་ལ་གསང་།

    སྤྱིར་ཡང་ཞིབ་ཏུ་བསམ་ན་བརྩེ་སེམས་མེད་ཚེ་ཆེས་འཇིགས་སུ་རུང་བ་ཞིག་ཡིན་ཏེ།ང་ཚོ་ཐོག་མར་སྐྱེ་བའི་དུས་སུ་གལ་ཏེ་ཕ་མ་གཉེན་ཉེའི་བརྩེ་སེམས་ལས་བྱུང་བའི་གཉོར་སྐྱོང་མེད་ན་ཆེས་ཤིན་ཏུ་སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །བར་གྱི་ན་ཚོད་དར་བའི་སྐབས་སུ་རང་མགོ་ཐོན་ཙམ་ཡོད་པས་གཞན་གྱི་བྱམས་བརྩེ་ལ་རེ་དགོས་དོན་མ་མཆིས་སྙམ་པ་འཆར་སྲིད་མོད།དེ་ནི་དོན་དངོས་ལ་ཞིབ་དཔྱོད་མ་སོང་བའི་བློ་གྲོས་ཤིན་ཏུ་རྩིང་བའི་རྟགས་སུ་ཤེས་པར་ནུས་ཏེ།གལ་ཏེ་ཁྱོད་ལ་བྱམས་དང་སྙིང་རྗེའི་དྲི་ཙམ་ཡང་མི་བྲོ་ན་ནི།ཁྱོད་ཀྱི་ཁྱིམ་ནས་སྤྲོ་སྐྱིད་ཀྱི་དགོད་སྒྲ་ཐོས་དཀའ་ལ།ཁྱོད་ཀྱི་ངོ་ནས་དགའ་སྤྲོའི་འཛུམ་མདངས་མཐོང་དཀའ་བར་མ་ཟད།ཁྱོད་ལ་བློས་ཐུབ་ཀྱི་གྲོགས་པོ་དང་ཡིད་ཆེས་ཀྱི་ལས་གྲོགས་སོགས་གང་ཡང་འོངས་མི་སྲིད་ལ།རྟག་པར་ལྷ་མ་ཡིན་ལྟར་ཁོང་ཁྲོ་དང་སྐྱོ་གདུང་གི་མུན་ནག་ཏུ་སྙིང་རྩ་ལ་འབུ་སྲིན་བརྒྱ་སྟོང་གིས་བར་མེད་དུ་རྨུག་གི་ཡོད་པ་བཞིན་འདུག་དགོས་པས་ཤེས་པ་རྣལ་དུ་གནས་པ་སུ་ཞིག་དེ་ཉིད་འདོད།དེ་ལྟར་བློ་ཁ་ནང་དུ་བསྐོར་ནས་ཞིབ་འདང་བརྒྱབ་ན།བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཟང་བོའི་དགེ་མཚན་ཤེས་ནུས་མོད་ཀྱང་།དེ་ལ་བློ་སྦྱངས་ནས་གོམས་པ་མ་སོང་ན་ནི།ཀུན་མཁྱེན་འཇིགས་མེད་དབང་བོས།བདག་ནི་ཐོགས་མེད་དུས་ཉིད་ནས། །མི་བཟད་སྐྱོན་ལ་གོམས་པ་ཡིས། །སེམས་ཀྱི་སྦྲང་མ་འདོད་ཡོན་གྱི། །མི་གཙང་དྲི་ལ་ཅི་ཡང་འཁོར། །ཞེས་གསུངས་པ་ལྟར་འཁོར་བ་ཐོགས་མེད་ནས་གོམས་པའི་བག་ཆགས་ངན་པའི་དབང་གིས་རང་ཤུགས་ཀྱིས་ཆགས་སྡང་སོགས་ཉོན་མོངས་པ་མངོན་དུ་གྱུར་ནས་བྱམས་སྙིང་རྗེ་སོགས་སེམས་བཟང་བོ་སྐྱེ་བའི་སྒོ་འགོག་པས།དེ་ལ་གོམས་པ་འགྲོ་རྒྱུ་ཤིན་ཏུ་གལ་ཆེ།དེ་ན་བོད་རང་ལ་བློ་ལྡན་རྣམས་དེ་ལ་སྐུལ་བའི་སློབ་གསོའི་གཞུང་ཤིན་ཏུ་རྒྱ་ཆེ་བ་ཡོད་ཀྱང་།རྨོངས་པ་བདག་ལྟ་བུས་ཇི་བཞིན་བརྗོད་པའི་རྔོ་ག་ལ་ཐོགས་མོད།འོན་ཀྱང་ཤིན་ཏུ་གལ་ཆེ་བར་མཐོང་ནས་མི་ནུས་ཀྱང་ལྷག་བསམ་དག་པས་ཅུང་ཟད་ཙམ་ཞིག་བཤད་ཁུལ་བྱས་ན།དེ་ཡང་སེམས་ཅན་གཞན་ལ་བྱམས་དང་སྙིང་རྗེ་སྐྱེ་མི་སྐྱེ་ནི་གཙོ་བོ་དེ་བསྐྱེད་དགོས་མི་དགོས་ཀྱི་རྒྱུ་མཚན་ཤེས་མ་ཤེས་ལ་འབྲེལ་བ་དམ་པོ་ཡོད་པས་དེ་བསྐྱེད་པའི་སློབ་གསོ་སྔོན་བྱོན་དམ་པ་རྣམས་ཀྱི་ལུགས་བཞིན་དུ་བཤད་པ་ལ།

    དང་བོ་སེམས་ཅན་ཐམས་ཅད་མར་ཤེས་དགོས་པའི་སློབ་གསོ་ནི། དེ་ཡང་དང་བོ་མར་ཤེས་པ་གལ་ཆེ།ཅིའི་ཕྱིར་དེ་དག་ལ་བསམ་པ་དེ་ལྟ་བུ་བསྐྱེད་དགོས་པ་ཡིན་ཞེ་ན།དེ་དག་སྔར་རང་ལ་དྲིན་ཤིན་ཏུ་ཆེ་ལ་ད་ལྟ་དེ་དག་གིས་སྡུག་བསྔལ་མྱོང་བཞིན་ཡོད་པས་དེ་དག་གི་སྡུག་བསྔལ་སེལ་བའི་ཁུར་རང་གི་ཕྲག་ཏུ་བབ་འདུག་པའི་ཕྱིར།དྲིན་ཇི་ལྟར་ཆེ་ཞེ་ན།དེ་དག་ཐམས་ཅད་ཀྱིས་སྔར་རང་གི་མ་བྱས་མྱོང་བའི་ཕྱིར།སྔར་ཞེས་པ་སྐྱེ་བ་སྔ་མ་ལ་གོ་རྒྱུ་ལས་མེད་པས་སྐྱེ་བ་སྔ་མ་ཡོད་པ་སུས་ཤེས་ཤེ་ན། ཚེ་རབས་སྔ་མ་དྲན་ མཁན་མང་བོ་ཡོད་པ་དང་།སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་ནས་གསུངས་པའི་ལུང་དང་།དབུ་ཚད་ཀྱི་གཞུང་བརྒྱ་ཕྲག་དུ་མར་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་ངོ་མཚར་བ་བགྲང་ལས་འདས་པ་དེ་དག་ལ་ཞིབ་ཏུ་སྦྱངས་ན་ཤེས་ནུས་པའི་སོ། །དེ་ན་རང་གི་སྐྱེ་བ་ལ་ཐོག་མ་མེད་པས་སྐྱེ་བ་འདི་མ་བླངས་བྱ་བ་དང་།གནས་འདིར་མ་སྐྱེས་ཟེར་བ་དཀའ་བའི་ཚོད་དུ་སོང་བས་དགྲ་གཉེན་བར་མའི་འགྲོ་བ་འདི་དག་ཐམས་ཅད་སྔར་བདག་གི་མ་བྱས་མྱོང་བ་ལ་ཐེ་ཚོམ་མེད་དོ་སྙམ་དུ་ཤེས་པར་བྱའོ། །འདིའི་སྐོར་ལ་བཤད་པར་བྱ་བ་ཤིན་ཏུ་མང་ཡང་ཡི་གེ་མང་བས་འཇིགས་ནས་མ་བཤད་དོ། །

    གཉིས་པ་དྲིན་དྲན་པ་བསྒོམ་དགོས་པའི་སློབ་གསོ་ནི།དེ་ལྟར་རིག་པས་དཔྱད་ན་མར་གྱུར་པ་བདེན་མོད།དྲིན་ཆེ་ཚུལ་ཇི་ལྟར་ཡིན་ཞེ་ན།དྲིན་དྲན་པ་ལ་བློ་སྦྱོང་དགོས།དེ་ཡང་ཐོག་མར་ཚེ་འདིའི་མའི་དྲིན་དྲན་དགོས་པས་དེ་ཅུང་ཟད་བཤད་ན།བདག་གི་མ་འདིས་བདག་ཟླ་བ་བཅུའི་བར་དུ་མངལ་དུ་བཟུང་།རང་གི་བདེ་སྡུག་ཚ་གྲང་བཀྲེས་སྐོམ་ཐམས་ཅད་ཁྱད་དུ་བསད།ཐབས་ཅི་ཡོད་ཀྱིས་བུ་ལ་གནོད་པ་མི་འབྱུང་བར་བྱས་ནས་དལ་འབྱོར་གྱི་ལུས་རྟེན་འདི་བྱིན་པ་ཡིན་པས་དང་བོར་དྲིན་ཆེ།བཙའ་བ་ན་མ་རང་གི་ཤ་རུས་འཇིག་འགྲོ་བ་ལྟ་བུའི་སྡུག་བསྔལ་མྱོང་བཞིན་བཙའ་ལ།བཙས་ནས་ཀྱང་འཇམ་པའི་སྟན་ལ་བཞག བརྩེ་བའི་སེམས་ཀྱིས་བསྐྱངས།བྱམས་པའི་མིག་གིས་བལྟས།དགའ་བའི་འཛུམ་གྱིས་བསུས།སྙན་པའི་མིང་ནས་བོས།མངར་བའི་ནུ་ཞོ་བླུད།སོར་བཅུའི་རྩེ་ལ་གཡེངས།ཤའི་དྲོད་ལ་བཅར།མེ་ཆུ་དགྲ་ཇག་གཡང་ས་སོགས་ཀྱི་འཇིགས་པ་མཐའ་དག་ལས་བསྐྱབས།བུ་ན་བ་ལས་རང་ན་བ་དང་བུ་ཤི་བ་ལས་རང་ཤི་བ་སྙིང་ཐག་པ་ནས་འདེམས་པ་སོགས་ཀྱི་སྒོ་ནས་བསྐྱངས་པས་བར་དུ་དྲིན་ཆེ།ཅུང་ཟད་ནར་སོན་ནའང་ཐ་ན་བཟའ་བ་ཟ་ལུགས།སྐད་ཆ་བཤད་ལུགས་ལ་སོགས་པ་འཇིག་རྟེན་པའི་བྱ་བ་རྣམས་ཀྱང་རང་གིས་གང་ཤེས་སློབ་པ་དང་།རང་ལ་ཅི་ཡོད་གཞན་ལ་བཏང་ནས་སློབ་ཏུ་བཅུག  སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་ནས་ཤ་ཐང་ཐང་དུ་འབད་པས་བཙལ་བའི་རྒྱུ་ནོར་གང་ཡོད་རང་གིས་སྤྱད་མི་ཕོད་པ་མཐའ་དག་ཀྱང་ཕངས་པ་མེད་པར་བུ་ལ་བྱིན་ནས།རང་ཉིད་སྒྲེན་མོ་ལག་སྟོང་དུ་འགྲོ་དགོས་ཀྱང་ཐམས་ཅད་བུ་ལ་འཕྲོད་སོང་སྙམ་དུ་དགའ་བར་བྱེད་པས་མཐའ་མར་དྲིན་ཆེ་བས།ཤེས་པ་རང་བཞིན་དུ་གནས་ཤིང་མི་གཤིས་ཡོད་པ་ཞིག་ཡིན་ན་ནི་དྲིན་ལན་མི་དྲན་པ་ཞིག་ག་ལ་སྲིད།དེ་བས་བསམ་པ་དེ་རང་གི་གཉེན་དང་གྲོགས་པོ།དེ་ནས་བར་མ་དང་དགྲ་བོ་སོགས་ལའང་སྙོམས་པོར་སྦྱང་ན་ནམ་ཞིག་མྱོང་བ་ཐོན་པར་འགྱུར་བས་སྲོ་ཤི་དགོས་དོན་མི་འདུག་སྙམ་མོ། །

     གསུམ་པ་དྲིན་གཟོ་ལ་བློ་སྦྱོང་དགོས་པའི་སློབ་གསོ་ནི།དེ་ལྟར་བསམ་བློ་བཏང་ཚེ་དངོས་ནས་དྲིན་ཆེ་བ་སེམས་ལ་བབ་བྱུང་ཞེས་མིག་ཆུ་ཅུང་ཟད་རེའི་འགྲོ་སོང་གཏོང་བ་ཙམ་ལས་དྲིན་ལན་འཇལ་བློ་མ་སྐྱེས་ན་ནི་དྲིན་དྲན་པ་ལ་དགོས་པ་ཆེན་པོ་མེད་པས།དེའི་རྗེས་སུ་དྲིན་གཟོ་བ་ལ་བློ་སྦྱོང་དགོས།དེ་ཡང་འགའ་ཞིག་གི་སེམས་ལ་འདི་ལྟར་འཆར་སྲིད་དེ།སྔར་དེ་དག་བདག་གི་མར་གྱུར་པ་བདེན་མོད།འོན་ཀྱང་ད་ལྟ་སྐྱེ་བ་བརྗེས་ཚར་བས་ང་ཚོ་ཕན་ཚུན་ངོ་ཡང་མི་ཤེས་པས་དེའི་དྲིན་ལན་འཇལ་མི་དགོས་ཤིང་།གལ་ཏེ་འཇལ་དགོས་ནའང་གཉེན་དུ་གྱུར་པ་རྣམས་ལ་འཇལ་བས་ཆོག་གི་དགྲར་སོང་བ་རྣམས་ཀྱིས་ང་ལ་གནོད་པ་བྱེད་པས་ཇི་ལྟར་འཇལ་ཞེ་ན།དེ་ནི་བསམ་ཚུལ་ཆེས་མི་འཐད་པ་ཞིག་ཡིན་ཏེ།སྐྱེ་འཆི་འཕོས་པས་ངོ་མི་ཤེས་པའི་རྒྱུ་མཚན་གྱིས་དྲིན་ལན་འཇལ་མི་དགོས་ན།ཚེ་འདིར་ཡང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ངོ་མ་ཐུག་པར་ཡུན་རིང་སོང་བའི་མ་དང་སླར་ཡང་མཇལ་སྐབས་རེ་ཞིག་ངོ་མ་ཤེས་ཀྱང་།རྟགས་དང་རྒྱུ་མཚན་གསལ་བར་བཤད་པས་ངོ་ཤེས་ནའང་ཁ་ཡ་བྱེད་མི་རིགས་པར་འགྱུར་རོ། །དེ་ལྟར་འདོད་དོ་ཞེ་ན་ནི་དེ་ལས་ཁྲེལ་མེད་ཅིག་མི་སྲིད།དེ་ནི་གནས་ལུགས་བཤད་སའི་ཡུལ་མིན་ལ་སྨྱོན་པ་དང་ལྷན་ཅིག་ཏུ་ནི་ཤེས་པ་རང་བཞིན་དུ་གནས་པ་སུ་ཞིག་རྩོད།ད་ལྟ་བདག་ལ་མི་དགའ་བའི་འགྲོ་བ་འདི་རྣམས་ཀྱིས་ཀྱང་སྔར་རང་ལ་ཕན་ཐོགས་མྱོང་བ་ནི་སྔར་བཤད་པ་ལྟར་ཡིན་པས་ཐེ་ཚོམ་མེད་ལ།ད་ལྟ་རེ་ཞིག་གནོད་པ་བྱེད་པའི་དགྲ་ལྟ་བུར་སྣང་ཡང་སྔར་གྱི་དྲིན་ལན་བརྗེད་མི་རུང་ཞིང་འདི་ལྟར་བསམ་པར་བྱ་སྟེ་མ་རྒན་སེམས་ཅན་འདི་དག་ཉོན་མོངས་པའི་གདོན་གྱིས་རྒྱུད་དཀྲུགས་ནས་སྨྱོ།ཚུལ་དང་ཚུལ་མིན་གྱི་བླང་དོར་འབྱེད་པའི་བློ་གྲོས་ཀྱི་མིག་ནི་ལོང་།དམ་པའི་ཆོས་ཀྱི་འཁར་བ་དང་ནི་བྲལ།དགེ་བའི་བཤེས་གཉེན་གྱི་དམིགས་བུས་ནི་བོར།ཉི་མ་རེ་རེ་བཞིན་སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་ནི་མནར་ཞིང་མཆིས་ན།བདག་གིས་དྲིན་ཅན་འདི་དག་མི་སྐྱོབ་པར་ཡལ་བར་འདོར་བ་ག་ལ་རིགས་སྙམ་དུ་དྲིན་ལན་འཇལ་བར་ཐག་གཅད་པར་བྱའོ། །འོ་ན་དྲིན་ལན་ཇི་ལྟར་འཇལ་ཞེ་ན།རྗེ་བདག་ཉིད་ཆེན་པོས།ཐོག་མར་ཟང་ཟིང་སྦྱིན་པས་སེམས་ཅན་རྣམས། །འཁོར་དུ་བསྡུས་ནས་ཞེས་གསུངས་པ་ལྟར་སེམས་ཅན་རང་རང་གི་གནས་ཚུལ་དང་དགོས་མཁོ་ལྟར་རྒྱུ་འབྱོར་ཟས་གོས་གནས་མལ་སོགས་རང་ལའང་ཡོད་ན་དེ་དག་གི་སྒོ་ནས་རོགས་རམ་ནུས་ཚོད་ཅིག་བྱེད་དགོས་མོད།འོན་ཀྱང་གཙོ་བོ་ནི།ཆོས་ཀྱིས་ཚིམ་བྱེད་ཤོག །ཅེས་གསུངས་པ་ལྟར་སེམས་ཀྱི་སྡུག་བསྔལ་སེལ་བྱེད་ཀྱི་ཐབས་བླ་ན་མེད་པ་དམ་པའི་ཆོས་བསྟན་ནས་དྲིན་ལན་འཇལ་དགོས་ཏེ།རྒྱུ་མཚན་འཇིག་རྟེན་གྱི་ཕུན་ཚོགས་ནི་སྔར་ཡང་ཁོ་རང་རྣམས་ཀྱིས་ཇི་སྙེད་ཅིག་ཐོབ་མྱོང་ཡང་མ་ཕན་པའི་ཁར་སྡུག་བསྔལ་དུ་སོང་།དེའི་རྒྱུ་མཚན་ཡང་སྡུག་བསྔལ་བསྐྱེད་པའི་རྩ་བ་སེམས་གཏིང་གི་ཉོན་མོངས་པ་ལ་ཐུག་པ་མ་ཤེས་པས་ལན་པ་ཡིན་པས།ད་ནི་སེམས་ཀྱི་ཉོན་མོངས་སྤོང་བྱེད་དམ་པའི་ཆོས་བསྟན་ནས་དེ་དག་གི་དྲིན་ལན་འཇལ་བར་བྱའོ་སྙམ་དུ་སེམས་འདུལ་བའི་སློབ་གསོ་བྱས་ནས་ཕན་འདོགས་པར་བྱའོ། །

     བཞི་བ་ཡིད་འོང་གི་བྱམས་པ་ལ་སློབ་ཚུལ་གྱི་སློབ་གསོ་ནི།དེ་ལྟར་ཐག་བཅད་ནས་སེམས་ཅན་གྱི་དོན་བསྒྲུབ་པའི་འགོ་རྩོམ་པ་ལ་བྱམས་པ་གལ་ཆེ་བས་ཡིད་འོང་གི་བྱམས་པ་ལ་བློ་སྦྱོང་བའི་སློབ་གསོ་ལག་ལེན་བྱེད་དགོས་ཏེ།དེ་ཡང་མ་རྒན་འགྲོ་བ་འདི་དག་གནས་སྐབས་དང་མཐར་ཐུག་གི་བདེ་བས་འཕོངས་ཚུལ་ཞིབ་ཏུ་བསམ་ནས་བདེ་བ་ལ་འགོད་འདོད་ཀྱི་བློ་ཤུགས་དྲག་པོ་བསྐྱེད་དེ་འདི་དག་བདེ་བ་དང་ལྡན་ན་ཅི་མ་རུང་།བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བསྒོམ་པ་ལྟ་བུ་ཡིན་ནོ། །དེ་ལྟར་བྱམས་པ་བསྒོམ་ན་རང་གཅེས་འཛིན་གྱི་བསམ་བློའི་ཤུགས་ཇེ་ཆུང་དུ་འགྲོ་ལ།དེར་མ་ཟད་དེ་ལྟར་བསྒོམས་པའི་ཕན་ཡོན་ནི་རྗེ་བདག་ཉིད་ཆེན་པོས།མདའ་ཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །ཞེས་སྔོན་སྟོན་པ་མཉམ་མེད་ཐུབ་པའི་དབང་བོས་ཀྱང་བྱམས་པའི་སྟོབས་ཀྱིས་བདུད་སྡེ་བཅོམ་པ་ཡིན་པས་ལྷད་མ་འདྲེས་པའི་བྱམས་པ་བསྒོམ་ཐུབ་ན་རང་གཞན་བསྲུང་བ་ལ་འདི་ལས་མཆོག་ཏུ་གྱུར་པ་མེད་པར་གསུངས་སོ། །

      ལྔ་བ་སྙིང་རྗེ་བསྒོམ་དགོས་པའི་སློབ་གསོ་ནི།སྡུག་བསྔལ་གསུམ་གྱིས་མནར་བའི་སེམས་ཅན་ལ་དམིགས་ནས་མི་བཟོད་པའི་བློ་ཤུགས་དྲག་པོ་སྐྱེས་ཏེ་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་།སྡུག་བསྔལ་དང་བྲལ་བར་གྱུར་ཅིག་སྙམ་པ་ལྟ་བུ་ཡིན།དེ་ལྟར་གཞན་གྱི་སྡུག་བསྔལ་ལ་སེམས་འཁུར་བྱེད་པའི་མི་ཇེ་མང་དུ་སོང་ན།སྤྱིར་གཞན་ཕུང་ལ་སྦྱོར་བའི་གནད་དོན་ཇེ་ཉུང་དང་སྤྱི་ཚོགས་ཡོངས་ཀྱི་བདེ་སྐྱིད་ཇེ་ཆེར་འགྲོ་བ་སྨོས་མ་དགོས་ལ།ལྷག་པར་བྱམས་སྙིང་རྗེའི་སྐོར་གྱི་སློབ་གསོ་འདི་ཁྱབ་བརྡལ་དུ་གཏོང་ཐུབ་ན།ད་སྐབས་ང་ཚོས་མཐོང་རྒྱུ་དང་ཐོས་རྒྱུ་ཤིན་ཏུ་མང་བའི་སྤྱི་ཚོགས་ཀྱི་གནད་དོན་ཤིན་ཏུ་ཚབས་ཆེ་ཞིང་འཇིགས་སུ་རུང་བ་དཔེར་ན་བྱིས་པ་བརྐུས་ནས་ཁ་ཟས་བྱེད་པ།དར་མ་བཤས་ནས་དོན་ལྔ་བཙོང་བ།རྒན་པར་བརྡུང་ཞིང་མུ་གེར་གསོད་པ་སོགས་སྐྱུག་བྲོ་ཞིང་ཡ་ང་བའི་སྣང་ཚུལ་འདི་རིགས་ཀྱང་ཇེ་ཉུང་དང་།ཡང་ན་མེད་པར་གཏོང་ཐུབ་པ་ལའང་རེ་བ་གཏན་མི་སྲིད་པ་ཞིག་མ་རེད་སྙམ།

     དྲུག་པ་ལྷག་བསམ་སྒོམ་ཚུལ་གྱི་སློབ་གསོ།སྤྱིར་ལྷག་བསམ་ཡང་བྱམས་པ་དང་སྙིང་རྗེ་ཡིན་ཟེར་ཆོག་ཀྱང་།བཞི་བ་ཡིད་འོང་གི་བྱམས་པ་དང་ལྔ་བ་སྙིང་རྗེ་ཞེས་པའི་གནས་སྐབས་ཀྱི་བྱམས་པ་དང་སྙིང་རྗེ་ལས་ཤུགས་ཆེ་རུ་ཕྱིན་པའི་བསམ་པ་ཞིག་སྟེ།འདི་ནི་སྤྱིར་བཏང་གི་མི་ཐ་མལ་བ་ཕར་ཟད།ཐ་ན་ཉན་རང་འཕགས་པའི་རྒྱུད་ལའང་སྐྱེས་མེད་པའི་བརྩེ་སེམས་ཁྱད་པར་བ་ཞིག་སྟེ།མཉམ་མེད་ཙོང་ཁ་བ་ཆེན་པོས།བདེ་བ་དང་འཕྲད་ན་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་སྙིང་རྗེས་མི་ཆོག་གི་སེམས་ཅན་ཐམས་ཅད་དགོས་ཞེས་གསུངས་པའི་ཕྱིར།དེས་ན་སྤྱིར་རང་གི་བུ་ལ་བརྩེ་བའི་བྱམས་པ་དང་སྙིང་རྗེ་ནི་སོ་སྐྱེ་ལའང་ཡོད་ཀྱང་ཤུགས་མི་ཆེ།བཅོས་མ་མ་ཡིན་པར་སྙིང་ཐག་པ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ན་ཅི་མ་རུང་།ལྡན་པར་གྱུར་ཅིག སྡུག་བསྔལ་དང་བྲལ་ན་ཅི་མ་རུང་།འབྲལ་བར་གྱུར་ཅིག་སྙམ་པའི་བྱམས་སྙིང་རྗེ་ཆེན་པོ་ཡང་ཉན་རང་འཕགས་པའི་རྒྱུད་ལ་ཡོད་ཅེས་བཤད་ཆོག་མོད།འོན་ཀྱང་སྙིང་ཐག་པ་ནས་གཞན་དོན་ཁུར་དུ་འཁྱེར་བའི་བསམ་པ་ཤུགས་དྲག་ལ་རྒྱ་ཆེ་བ་ནི་སྐྱེས་བུ་ཆེན་པོ་ཁོ་ན་ལ་ཡོད་པ་ཞིག་གོ །དེས་ན་ལྷག་བསམ་ཞེས་པའི་ལྷག་ཚུལ་ཡང་།འདིའི་སྐབས་སུ་བདག་གིས་བྱའོ་སྙམ་དུ་སྙིང་ཐག་པ་ནས་གཞན་དོན་ཁུར་དུ་འཁྱེར་བའི་བློ་ཁྱད་པར་ཅན།ཉན་རང་གི་རྒྱུད་ཀྱི་བྱམས་སྙིང་རྗེ་ཆེན་པོ་དེ་དག་ལས་ཀྱང་ཆེས་ལྷག་པར་གྱུར་པའི་བསམ་པ་མངའ་བ་དེ་ལ་བྱའོ། །

      བདུན་པ་སེམས་བསྐྱེད་ཀྱི་སློབ་གསོ་གལ་ཆེ་ཚུལ་ནི།གལ་ཏེ་མི་ལ་ལས་འདི་སྐད་དུ།སྙིང་ཐག་པ་ནས་གཞན་དོན་ཁུར་དུ་འཁྱེར་བའི་བསམ་པ་དེ་ཡོད་པས་ཆོག་གི་ངེས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་དོན་ཅི་ལ་ཡོད་སྙམ་པ་འཆར་སྲིད་ལ་ཟེར་ཡང་སྲིད་མོད།འོན་ཀྱང་རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་དུ།སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་ཐེག་ཆེན་གཙོ་བོའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ཞིག་ལ་ཐེག་པ་ཆེན་པོའི་སེམས་བསྐྱེད་འཇོག་དགོས་པར་གསུངས་པས་ཐེག་པ་ཆེན་པོའི་སེམས་བསྐྱེད་ལ་ནི་སེམས་ཅན་གྱི་དོན་ལ་སེམས་པ་དང་སངས་རྒྱས་ཐོབ་འདོད་གཉིས་ཚོགས་ངེས་པར་ཚང་དགོས་པ་ཡིན་ནོ། །དེའི་རྒྱུ་མཚན་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པ་ལ་ཐོག་མའི་ཆ་རྐྱེན་རང་ལ་དོན་དེ་སྒྲུབ་པའི་ནུས་པ་ཡོད་དགོས།གལ་ཏེ་ནུས་པ་མེད་ན་ནི་བསམ་པ་བཟང་བོ་ཙམ་བཟུང་བ་མ་གཏོགས་དགོས་པ་མི་འགྲུབ་པས་སོ། །དེ་ཡང་ནུས་པ་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཉིད་ཡིན་ཏེ།སྐུ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་དཔེར་ན་སྐུའི་འོད་ཟེར་རེ་རེས་ཀྱང་སེམས་ཅན་གྲངས་མེད་པ་རྣམ་གྲོལ་ལ་འགོད་པའི་ནུས་པ་དང་ལྡན་པ་ལྟ་བུ།གསུང་ལ་ཡོན་ཏན་བརྗོད་ཀྱིས་མི་ལོངས་པ་གསུང་དབྱངས་ཡན་ལག་དྲུག་ཅུ་ལྡན་ལ།གསུང་གི་ཡན་ལག་རེ་རེས་ཀྱང་སྐྱེ་དགུ་དཔག་ཏུ་མེད་པའི་ཡིད་ཀྱི་རེ་བ་ཡོངས་སུ་སྐོང་བའི་ལན་འདེབས་པ་སོགས་ཀྱི་ནུས་པ་དང་།ཐུགས་ལ་ཡོན་ཏན་བསམ་ཀྱིས་མི་ཁྱབ་པ་མཁྱེན་བརྩེ་ནུས་པ་དཔག་པར་དཀའ་བ་སོགས་ལྟ་བུ་ནི་སངས་རྒྱས་ཉིད་ལས་གཞན་སུ་ཞིག་ལ་ཡོད།དེས་ན་སྙིང་ཐག་པ་ནས་གཞན་དོན་མཐར་ཐུག་པ་ཞིག་བསྒྲུབ་འདོད་ན་སངས་རྒྱས་ཀྱི་གོ་འཕང་ངེས་པར་དོན་དུ་མི་གཉེར་ཐབས་མེད་ཡིན་པའང་ཤེས་པར་བྱའོ། །

     འོན་ཀྱང་སེམས་ཅན་རྣམས་ཀྱི་རྒྱུད་ཉོན་མོངས་པའི་དྲི་མ་དག་གིས་ཡོངས་སུ་བསྒྲིབས་པས་འཚང་རྒྱ་ག་ལ་ཐུབ་སྙམ་ན། དཔལ་ལྡན་ཆོས་ཀྱི་གྲགས་པས། སེམས་ཀྱི་རང་ཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པ་ལྟར་དྲི་མ་ནི་གློ་བུར་བ་འབྲལ་རུང་ཞིག་དང་། སེམས་ཀྱི་རང་བཞིན་ལ་དྲི་མ་ཞུགས་མེད་པས་སེམས་ཅན་སུ་ཡིན་ཡང་ཐབས་ཤེས་ཡང་དག་པ་ཟུང་དུ་འབྲེལ་བའི་ཉམས་ལེན་ལ་བརྟེན་ནས་འབད་ནུས་ན་ངེས་པར་འཚང་རྒྱ་བར་འགྱུར་བ་ཡིན་ཏེ། དེ་དག་གི་རྒྱུད་ལ་འཚང་རྒྱ་རུང་གི་རིགས་གནས་པའི་ཕྱིར་ཏེ། རྗེ་བཙུན་བྱམས་པ་མགོན་པོས་རྒྱུད་བླ་མར། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་བོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བུར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་དཔེ་དགུའི་སྒོ་ནས་གློ་བུར་གྱི་དྲི་མས་བསྒྲིབས་ཀྱང་སྤྱིར་འཚང་རྒྱ་རུང་གི་ཁམས་ཡོད་པར་བསྟན་པ་སོགས་ཀྱིས་ཤེས་པའི་ཕྱིར། འདིའི་སྐོར་ལ་ད་དུང་བཤད་འདོད་པ་ཤིན་ཏུ་མང་ཡང་ཡི་གེ་མངས་པས་འཇིགས་ནས་རེ་ཞིག་དེ་ཙམ་ལས་མ་བྲིས་སོ། །

     དཔྱད་པ་ཞིབ་མོ་ལ་མི་དགའ་བ་ལ་ལས་ཆོས་ལུགས་ཐམས་ཅད་ཀྱིས་གཞན་ལ་བསམ་པ་བཟང་བོ་འཛིན་དགོས་པར་བསྐུལ་མ་གཏོང་གི་ཡོད་པས་ཕལ་ཆེར་ཚང་མ་གཅིག་འདྲ་རེད་ཅེས་བརྗོད་ཆོག་པ་ཡིན་ཟེར་མོད། འོན་ཀྱང་སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་མི་འདྲ་བ་སྣ་ཚོགས་པའི་དབང་གིས་ཆོས་ལུགས་ཐམས་ཅད་ཡང་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་ཕན་པའི་ནུས་པ་རེ་ཡོད་པ་ནི་གོར་མ་ཆག་པས་ཀུན་ལ་གུས་པར་འོས་ཀྱང་ཐམས་ཅད་གཅིག་མཚུངས་མིན་ཏེ། དཔེར་ན་འདིར་བཤད་པ་སྐབས་སུ་བབས་པའི་བྱམས་སྙིང་རྗེ་སོགས་བསམ་པ་བཟང་བོས་ཕན་གདགས་བྱའི་ཡུལ་ངོས་འཛིན་ཚུལ་ལྟ་བུའི་ཆ་ནས་བཤད་ན། ཁ་ཆེའི་ཆོས་ལུགས་ཀྱིས་ཁོ་ཚོས་ཆོས་ལ་དད་པ་བྱེད་མཁན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་དགོས་པར་བཤད་པས་སྤྱིར་བཏང་གི་མི་ལས་བསམ་པ་རྒྱ་ཆེ་ཡང་། དེ་ལས་གཞན་ལ་སྙིང་རྗེ་བསྐྱེད་མི་དགོས་པར་འདོད་པས་ད་དུང་ཤིན་ཏུ་ཁྱབ་ཆུང་ངོ་། །ཡེ་ཤུའི་ཆོས་ལུགས་ཀྱིས་ནི་འགྲོ་བ་མིའི་རིགས་ཡོངས་རྫོགས་ལ་ཕན་འདོགས་དགོས་པར་བཤད་པས་སྔ་མ་ལས་ཁྱབ་ཆེ་ཡང་། མི་ལས་གཞན་པ་དེ་འདྲའི་སེམས་ཅན་མང་བོ་ཞིག་ལ་སྙིང་རྗེའི་བསམ་པས་མ་ཁེབས་པས་ད་དུང་ཁྱབ་ཆུང་བར་སེམས་སོ། །འོ་ན་སངས་རྒྱས་པ་རྣམས་ཀྱིས་ཕན་གདགས་སའི་ཡུལ་ཇི་ལྟར་ངོས་འཛིན་ཞེ་ན། སེམས་བསྐྱེད་ཀྱི་ཡུལ་གསུངས་པ་ན་རྒྱལ་བའི་ཡུམ་ལས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པས། འདི་སྙམ་དུ་བདག་གིས་སེམས་ཅན་ཅི་ཙམ་སེམས་ཅན་དུ་བསྡུ་བས་བསྡུས་པ་སྒོ་ང་ལས་སྐྱེས་པའམ་མངལ་ལས་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ནམ། སེམས་ཅན་གྱི་ཁམས་ཅི་ཙམ་སེམས་ཅན་དུ་གདགས་པས་བཏགས་པ་དེ་དག་ཐམས་ཅད་ཕུང་བོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ། །ཞེས་ཁམས་གསུམ་གྱི་འགྲོ་བ་རིགས་དྲུག་མ་ལུས་པ་ཐམས་ཅད་མྱང་འདས་ལ་འགོད་འདོད་ཀྱི་བསམ་པས་སེམས་བསྐྱེད་དགོས་པར་གསུངས་པའང་ཤིན་ཏུ་ནས་ཀྱང་རྒྱ་ཆེ་བས་སོ། །
       དེས་ན་གོང་དུ་བཤད་པ་འདི་དག་ནི། ཤེས་ཡོན་དང་འཇོན་ཐང་ཙམ་གཙོ་བོར་བཟུང་ནས་སེམས་ལ་དོ་སྣང་མ་བྱས་ན་འཇིག་རྟེན་འདིར་དཀའ་ལས་དང་སྡུག་བསྔལ་མང་བོ་ཞིག་བསྐྱེད་འོངས་པས་གཞན་དོན་ལ་སེམས་ཁུར་བྱེད་པའི་བསམ་པ་བཟང་བོ་ལ་སློབ་པ་ཤིན་ཏུ་གལ་ཆེ་བས་དེ་ཡོད་ན་ད་གཟོད་སེམས་ཅན་ཀུན་ལ་སྐྱིད་ཅིག་འོངས་པར་ཆ་རྐྱེན་གལ་ཆེན་ཞིག་ཚང་བ་ཡིན་པས་སེམས་བཟང་བོའི་སློབ་གསོ་འདི་ཤིན་ཏུ་གལ་ཆེའོ་ཞེས་གདམས་པའི་བོད་ཀྱི་ཐན་མོང་མ་ཡིན་པའི་སློབ་གསོ་བྱེད་སྟངས་ཤིག་ཡིན་ནོ། །འོ་ན་དེ་ལྟར་བསམ་པ་བཟང་ཙམ་གྱིས་ཆོག་གམ་ཞེ་ན། དེ་ནི་མི་ཆོག་སྟེ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་བ་ཆེན་པོས། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅོད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །ཅེས་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་དང་། ཤིང་རྟ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་ཀྱི་རྩ་བ་ཤེས་རབ་ཡིན། །དེ་ལྟར་གཉིས་ཀ་བསྒྲུབ་པའི་ཕྱིར། །ཤེས་རབ་ཡོངས་སུ་གཟུང་བར་བྱ། །ཆོས་དོན་འདོད་དང་ཐར་བ་ཡི། །འབྱུང་གནས་ཆེན་པོ་རིག་པ་ཡིན། །དེ་ལྟར་དང་བོ་གུས་པ་ཡིས། །ཤེས་རབ་ཡུམ་ཆེན་གཟུང་བར་བྱ། །ཞེས་དང་སྟོན་པ་མཉམ་མེད་ཐུབ་དབང་རིན་པོ་ཆེས་ཀྱང་། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པའི་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པ་སོགས་ལུང་རིགས་ཤིན་ཏུ་མང་བོ་ལ་བརྟེན་ནས། བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་ལ་ཤེས་རབ་ཧ་ཅང་གལ་ཆེ་ཚུལ་ཡང་བཤད་རྒྱུ་མང་ངོ་། །དེས་ན་ཇི་སྐད་དུ། བརྩོན་འགྲུས་གཅིག་པུ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ། །ཅེས་གསུངས་པ་ལྟར་སེམས་བཟང་བོ་དང་མི་ལྡོག་པའི་བརྩོན་འགྲུས་ལ་ཚུལ་དང་ཚུལ་མིན་གྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་ཀྱི་གྲོགས་དང་བཅས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པ་ཡིན་ཏེ། འཇིག་རྟེན་འདིའི་དབང་དུ་བྱས་ན། སེམས་བཟང་བོ་དང་ཤེས་རབ་ཟུང་དུ་འབྲེལ་བ་དེས་ངེས་དོན་གྱི་འཛམ་གླིང་ཞི་བདེ། སྣོད་བཅུད་ཀྱི་སྤྱི་ཚོགས་འཆམ་མཐུན། མཛའ་མཐུན་གྱི་ཁྱིམ་གཞིའི་བདེ་སྐྱིད་སོགས་བདེ་བླག་ཏུ་བསྐྲུན་ཐུབ་ལ། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ནའང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་དེ་ཉིད་ལ་རག་ལས་པ་ཁོ་ནའོ། །
       མདོར་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་འདི་ནི། མིའི་རིགས་ཀྱི་སློབ་གསོ་དང་མི་ཚེའི་གནད་དོན་མཐར་ཐུག་ཐག་གཅོད་བྱེད་པའི་རིག་གནས་ཐམས་ཅད་ཀྱི་ནང་ནས་ཀྱང་རིན་ཐང་གཞལ་དུ་མེད་པའི་རིག་གནས་དང་སློབ་གསོ་ཞིག་རེད་ཅེས་མགྲིན་པ་བསལ་ནས་བཤད་ཆོག་ཆོག་རེད་སྙམ་མོ། །དེས་ན་ང་ཚོས་འདིར་ངེས་པར་ཤེས་དགོས་པ་ཞིག་ལ། བོད་མི་རིགས་འདིའི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་འགྲོ་དགོས་ན། རིག་གནས་གསར་རྙིང་མང་བོ་ལ་སྦྱང་དགོས་ཤིང་། སྲིད་འབྱོར་སོགས་ལའང་ངེས་པར་འབད་དགོས་མོད། འོན་ཀྱང་གོང་དུ་བཤད་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་སློབ་གསོ་དེ་ཉིད་ཡོངས་སུ་དོར་ནས་གཞན་རྗེས་སྙེག་པ་འབའ་ཞིག་ལ་འབད་ན་ནམ་ཡིན་ཡང་གཞན་གྱི་རྗེས་འདེད་པ་ལས་སྔོན་ལ་ཐོན་མི་སྲིད་ཅིང་། ཞི་བདེ་དང་འཆམ་མཐུན་སོགས་ཀྱི་ཁ་གཡང་དེ་ཡང་ནམ་ཡིན་ཡང་ཁ་གཡང་ཙམ་དུ་འགྱུར་བས། བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་སློབ་གསོ་དེ་ཉིད་སྲོག་ཏུ་བཟུང་སྟེ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ལེགས་ཆ་གང་ཡོད་ཚུར་བླངས་ནས་ཟུར་བརྒྱན་ན་རང་གཞན་ཀུན་ཕན་ཞིག་ལོས་འོངས་སྙམ་མོ། །
སྨྲས་པ། 
 གནས་ལུགས་རིག་བྱེད་རིག་གནས་རིན་ཆེན་ཏེ། །
 བསླབ་ན་ཀུན་བདེ་བསྐྱེད་པ་སློབ་གསོའི་མཆོག །
 བསམ་པ་བཟང་བོའི་གངས་ལ་ཤེས་རབ་འོད། །
 ཀུན་ནས་འཁྱུད་འདི་བོད་ཀྱི་སློབ་གསོ་ཉིད། །
 ཐབས་ཤེས་ཟུང་ལྡན་ཐུན་མིན་སློབ་གསོ་ཉིད། །
 སྲོག་ཏུ་བཟུང་སྟེ་གཞན་གྱི་གང་ལེགས་ཆ། །
 ལེན་ལ་དཔའ་ཞིང་ཚན་རིག་རིག་གནས་ཀུན། །
 འགལ་མེད་སྤེལ་བའི་སློབ་གསོའི་མན་ངག་གཅེས། །
 སུ་དང་གང་ལའང་དགག་ཚིག་མདའ་མ་འཕངས། །
 མ་བརྟག་ཡོད་ཚད་བཀུར་བའི་གུས་པའང་ཞན། །
 རང་གཞན་འཕུང་བྱེད་རིག་སྟོང་ལྷད་མ་ཞུགས། །
 རང་གི་ལྟ་ཚུལ་རང་བཞིན་ངག་གིས་བཤད། །
 འོན་ཀྱང་སྐྱེས་སྦྱངས་རིག་པའི་རྩལ་ཞན་པས། །
 མ་རྟོགས་ལོག་རྟོག་ཐེ་ཚོམ་དྲི་མ་ཡིས། །
 གལ་ཏེ་ནོངས་ན་གཟུར་གནས་མཁས་ལ་བཤགས། །
 དགེ་ཚོགས་ཅི་མཆིས་བསྟན་འགྲོའི་དོན་ལ་བསྔོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23526119
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།