​ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ཁག་གཉིས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »​ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ཁག་གཉིས་པ།
​ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ཁག་གཉིས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-08-19ལྟ་ཀློག (4178)རྩོམ་ཁུངས: ངེད་དྲ་བ།པར་འདེབ།



ལོ་ཆེན་བཻ་རོ་ཙ་ནའི་རྣམ་ཐར་ཁག་གཉིས་པ།

       གཉིས་པ། གཙང་ལེགས་གྲུབ་དང་ལྷན་ཅིག་རྒྱ་གར་དུ་ཕེབས་པའི་སྐོར། 

                                                                                            རྩོམ་པ་པོ་མི་གསལ།
       སློབ་དཔོན་པདྨ་འབྱུང་གནས་ཀྱིས་མདོ་སྔགས་རྒྱུད་ལུང་མ་ལུས་མཁས་པའི་མཆོག་གྱུར་བེེཻ་རོ་ཙ་ནར་གསུངས་ཤིིིང་།བེཻ་རོས་ཀྱང་རྗེ་འབངས་རྣམས་ལ་བསྒྱུར་ནས་མཁན་སློབ་གཉིས་ཀྱིས་གདམས་པ་རྫོགས་པར་བྱས་ཚེ།  སློབ་དཔོན་པདྨར་རྒྱུ་འབྲས་ལས་འདས་པའི་ཆོས་ཡོད་ཀྱང་བོད་འབངས་རྣམས་ཀྱིས་བློར་མ་ཤོང་བར་ཡོད་པས།  རྒྱལ་པོའི་ཐུགས་ལ་བོད་འབངས་རྣམས་བསགས་ནས་ལོ་ཙཱ་སློབ་པར་རྒྱ་གར་ལ་བརྫང་རྒྱུ་འཆར་ཏེ་སློབ་དཔོན་ལ་ཞུས།  འབངས་རྣམས་ཀྱི་ཁྲོད་དུ་གན་ཇག་ཐང་ཐ་དེ་ལོ་བརྒྱད་ལ་རྒྱལ་པོའི་སྤྱན་སྔར་བོས་ཤིང་།  ལོ་དགུ་ནས་ཕྱི་ནང་གི་བློན་པོ་ལོ་གསུམ་བྱས།  བཅུ་གསུམ་ནས་རྗེའི་གསོལ་ཁ་ལོ་གསུམ་བྱས།  ལོ་བཅོ་ལྔ་ལས་མ་ལོན་པ་ཁོང་ཁྲོམ་ལས་ལངས་ཏེ།  རྗེ་ཡིས་བཀའ་སྩོལ་དང་བདག་འགྲོའོ་ཞུས།  དེའི་དུས་སུ་གཞན་ཐམས་ཅད་ཀྱིས་ཁས་ལེན་མ་ནུས་པ་དང་།  ཁོང་གིས་ཕ་མ་ཡུལ་གཞིས་གཉེན་ཉེ་ལ་སོགས་པ་ཐམས་ཅད་སྤངས་ཏེ།  མཐའི་ཡུལ་སྐད་མི་གཅིག་པ་གཅན་གཟན་འགག་འཕྲང་ལ་སོགས་པ་འཇིགས་པ་ཤིན་ཏུ་ཆེ་བར་ཁས་ལེན་པ་ཤིན་ཏུ་དཀའ་བས་དཀའ་བ་དང་པོ་དང་དུ་བླངས་སོ།།
སྐབས་དེར་མ་འཁར་ཆེན་བཟའ་གཏུམ་མོའི་བུ་གཙང་ལེགས་གྲུབ་བྱ་བ།  ཁྱེའུ་བློ་དང་ལྡན་པ་ཞིག་ཁྲོམ་ལས་ལངས་ཏེ།  རྗེའི་བཀའ་སྩོལ་ཅིག  གན་ཇག་ཐང་ཐའི་གྲོགས་བདག་གིས་བྱའོ་ཞེས་ཞུས།  གཙང་ལེགས་གྲུབ་ནི་བློ་ཚད་རྣོ་བ་རྒྱ་གར་གྱི་ཕལ་སྐད་ཤེས་པ་ཙམ་ཡོད་པས།  རྗེ་ཡང་དོན་འགྲུབ་པར་ཡིད་ཆེས་ནས་ཁྱེའུ་གཉིས་གམ་དུ་ཁྲིད་དེ།       གསེར་གྱི་པ་ཏྲ་ཟུང་འགའ་མགོ་ལ་སྦས།  གསེར་གྱི་པ་ཏྲ་དང་།  ཐུར་མ་དང་།  ལུ་གུ་རྒྱུད་འགའ་རེ་དུག་པའི་གསེབ་ཏུ་སྦས།  གསེར་གྱི་ཕྱེ་མ་བ་མེན་གྱི་ར་བ་དང་གསེར་གྱི་ཐུམ་པོ་རྟ་མཚལ་ལུ་བྱ་གདོང་ལ་བཀལ་ནས་མན་ངག་གི་ཆོས་འཚོལ་བར་བཀོལ་དོ།།  དུས་དེ་ཙ་ན།  ཨ་ཁུ་སྤ་གོར་ཧེ་འདོད་ཀྱིས།  རྒྱལ་པོ་ལ་གན་ཇག་ཐང་ཐ་རྒྱ་གར་
དུ་འགྲོ་བ་གཅོག་པར་ཞུ་ཞུས་པས།  རྒྱལ་པོའི་ཞལ་ནས།  ངས་ལས་གང་བྱེད་ཀྱང་དད་པ་ཅན་བཙུན་པར་འཇུག་པ་དང་།  བརྩོན་འགྲུས་ཅན་ཆོས་ལ་འགྲོ་བ་མིི་གཅོག  ཁྱི་ར་བ་དང་ཉ་བཤོར་གྱི་ཁ་བསྲུངས་མི་བྱེད།  རྐུན་བྱི་དང་ལག་ངན་བྱེད་པའི་རྒྱབ་བརྟེན་དང་དཔུང་གཉེན་མི་བྱེད།  ཅེས་གསུངས་ནས་ཁབ་ཏུ་གཤེགས།  ཡང་སྦ་གོར་ཧེ་འདོད་ཀྱིས་ཚ་བོ་ལ་ཁྱོད་མ་འགྲོ་ཤི་འོངས་པས།  ཆུང་མ་ལོངས་ལ་ངེད་ཚོའི་དཔོན་གྱིས་ཞེས་སྨྲས་པར།  གན་ཇག་ཐང་ཐས་མ་ཉན།  ཧེ་འདོད་ན་རེ།  མ་འགྲོ  འབྲུ་བཏབ་ཚད་སྐྱེ་བའི་ཞིང་ལུང་མོ་ལུང་རིང་ལ་མི་ཆགས་སམ།  བུ་སྐྱེས་པའི་དོན་ཡིན་པས་ཕ་མེས་ཀྱི་ཡུལ་བསྲུངས་ཞེས་སྨྲས་པའི་ལན་དུ་བཻ་རོ་ཙ་ནས།
                                ཨ་ཁུ་ཅི་དང་ཅི་མི་གསུང།།
                                ཧེ་འདོད་ཅི་དང་ཅི་མི་གསུང།།
                               ཆུང་མ་འཁོར་བའི་འདམ་རྫབ་ཡིན།།
                               བུ་ཚ་འཁོར་བའི་བཤལ་ཐག་ཡིན།།
                               ཕ་ཚན་འཁོར་བའི་ལག་རྡོ་ཡིན།།
                              ཆབ་སྲིད་འཁོར་བའི་བཙོན་ར་ཡིན།།
                              ཨ་ཁུ་འདི་ག་ཅི་མི་གསུང་།།
                              དེ་ལ་མོས་པ་སྙིང་རེ་རྗེ།།ཞེས་མགུར་གསུངས་པས།  སྤ་གོར་ཧེ་འདོད་ཀྱིས། བུ་མ་ཟེར། ངའི་ཕུ་བོ་གན་ཇག་རྡོ་རྗེ་རྒྱལ་བོ་དང་།  ཕ་རྒན་པའི་བློ་ཆེན་འཕགས་པ་དང་སྔོན་གྱི་ཕ་མེས་བཟང་པོས་ཀྱང་།  བུ་ལ་ཁྱིམ་དང་ཚ་ཞང་རྣམས་ཀྱི་རྗེས་སུ་སྙེག  ད་ལྟ་ཡང་དེའི་རྗེས་སུ་འཛིན།  ཞེས་པའི་ལན་དུ།  
                       ཨ་ཁུ་ཅི་དང་ཅི་མི་གསུང་།།
                        སྔ་རབས་འདས་པའི་ཕ་མེས་ཀྱིས།།
                        སྐྱེས་ནས་ཁྱིམ་དང་མཁར་བརྩིགས་པས།།
                        ཤི་ནས་ཁྱིམ་མི་དབང་པས་སྒོ་རུ་འདོན།།
                        ཁྱིམ་མཁར་བརྩིགས་པ་དོན་རེ་ཆུང་།།
                        ལ་སོགས་པ་མགུར་མང་དུ་བཞེངས་པས།།
                        སྤ་གོར་ཧེ་འདོད་ཁོ་ཐག་ཆོད།།
                         ཡི་ཐང་ཆད་ནས་བུ་རང་གང་དགྱེས་མཛོད་ཅེས་བརྗོད།


    དེ་ནས་ཕ་མ་གཉེན་འདུན་དང་ལོངས་སྤྱོད་སྤངས་ཏེ། སྟག་གི་ལོ་དཔྱིད་ཟླ་ར་བའི་ལོ་སར་གྱི་ཚེས་གསུམ་ལ།།ལྷོ་ཕྱོགས་མེའི་ཐོག་ཏུ་གཟའ་ཟླ་བ་ལ་གཏད་ནས།  ཨརྱ་པ་ལོའི་གླིང་དུ་གྲོགས་པོ་ལེགས་གྲུབ་དང་གཉིས།  རྟ་མཚལ་ལུ་བྱ་གདོང་དང་གསུམ།  རྒྱ་གར་ཡུལ་བཤུལ་ཐག་རིང་ཞིང་སོ་འཕྲང་སྲུང་བ་ལ་སོགས་ཀྱི་བགྲོད་པར་དཀའ་བའི་སར་ལམ་འཚོལ་མཁན་པོ་མེད་པར་འགྲོ་བ་ཤིན་ཏུ་དཀའ་བའི་ལམ་ལ་ཆས་པས་དཀའ་བ་གཉིས་པ་དང་དུ་བླངས་སོ།།

            དེ་ནས་ཨརྱ་པ་ལོའི་གླིང་དུ་སྤགས་པ་དང་།དེར་གཟིམས་པའི་ཚེ་བཻ་རོ་ཙ་ན་ལ་མ་འོངས་སྔོན་མཐོང་གི་རྨི་ལམ་ནམ་སྟོད་དང་ནམ་ཕྱེད། གུང་ཡོལ་དང་ཐོ་རེངས་བཅས་བཞི་བྱུང་བ་དང་ལེགས་གྲུབ་ཀྱིས་དེ་ལ་འགྲེལ་བཤད་བསྐྱོན་བཞིན་ཕྱིན། ལམ་ཁ་བས་གང་ནས་ཐར་བར་མ་བྱུང་བར། བཻ་རོ་ཙ་ནས་རྟའི་མཐུར་ནས་བཟུང་སྟེ་ཁ་བ་བཤགས་ཏེ་ལམ་བཙལ། ལེགས་གྲུབ་ཀྱིས་རྟའི་མཇུག་མ་ནས་བཟུང་སྟེ་གོམ་གང་དྲུད་ནས་འཆི་བའི་ལམ་ལ་ཕྱིན།  རྒྱང་གྲགས་གཅིག་གི་ལམ་ལ་ནམ་ལངས་ནས་ས་རུབ་པའི་བར་སོང་སྟེ་དོ་ཤི་དོ་ཆད་བྱས་ནས་དཀའ་བ་གསུམ་པའོ།།

   དེ་ནས་མར་ཕྱིན་ཡང་།  བལ་ཡུལ་ཚ་བ་རོང་དུ་མི་འདུག་པའི་དབང་མེད་པར་འགྲོ་ས་མ་རྙེད་ནས་ཞག་གཅིག་བསྡད་པར། གནོད་སྦྱིན་གདུག་པ་ཅན་གཏུམ་པོ་ཞེས་བྱ་བ་མི་ཤ་རློན་པ་ཟ་བ། གདུག་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་བར་གཅོད་བྱེད་དུ་བྱུང་བར། ཞི་བའི་ངག་དང་བདེན་པའི་ཚིག་བརྗོད་པར་མ་ཉན་པས།  བདུད་ཀྱི་སྟོབས་ཀྱིས་ཟང་ཟིང་བྱུང་བ་ལས། བཻ་རོས་རྫུ་འཕྲུལ་བསྟན་ནས་གནོད་སྦྱིན་དབང་དུ་བསྡུས། དམ་ལ་བཏགས།  དེ་ལྟ་བུའི་མི་མ་ཡིན་གྱི་བར་གཅོད་ལས་ཐོན་པ་དཀའ་བ་ལས་ཐར་བ་ནི་དཀའ་བ་བཞི་པའོ།  

   བལ་ཡུལ་དུ་རྟ་དང་གསེར་ལ་ཇག་པ་བྱུང་བར་དོགས་ནས། མཚན་འགྲོས་བྱེད་པར་ཁ་བ་ཆེན་པོ་བབས། རྗེས་སྦ་བའི་ཕྱིར་རྟ་སྦངས་མ་བྲུལ་བར་སྒྲོམ་བུ་རས་ཀྱི་ཁ་རྒྱངས་ཅན་བཏགས།  བཻ་རོས་རྐང་ལག་བཞི་ལ་གཅན་གཟན་གྱི་སྡེར་མོའི་སྦར་ཁ་གོན་ནས་སྒུར་བཞིན་རྟ་ཁྲིད།  གཙང་ལེགས་གྲུབ་ཀྱིས་ཀྱང་དེ་ལྟར་བྱས་ཏེ། རྟའི་རྗེས་བསུབ་ནས་ཕྱིན། དེ་ལྟར་རྗེས་བསུབ་པར་དཀའ་བའི་ཁ་བ་ལ་རྗེས་སྦས་ནས་ཇག་པ་ལས་ཐར་པར་དཀའ་བ་ཐར་ཏེ་དཀའ་བ་ལྔ་པའོ།།

       བལ་བོ་དང་རྒྱའི་མཚམས་བྲ་ཤར་སྨུག་པོ་ནས་ཕར་ཕྱིན་ཙ་ན།  རྐང་ཕྲན་མང་པོ་དང་གཅན་གཟན་གདུག་པ་ཅན་མང་པོ་འཚོགས་པས།  མི་ཤ་དངོས་སུ་ཟར་འོངས་པའི་གསེབ་ནས་ཐོན་པར་དཀའ་བ་ལས་ཐར་ཏེ་དཀའ་བ་དྲུག་པའོ།།

   དེ་ནས་རྒྱ་གར་དུ་སླེབས་ཏེ་ཆུ་འཕྲང་དང་ཤིང་འཕྲང་བཟུར་ས་མེད་པའི་འཕྲང་ལ་འཕྲང་སྲུང་གིས་བཟུང་།  མི་གསོད་ཅིང་རྟ་དང་གསེར་འཕྲོག་ཏུ་བྱུང་བ་ལ།  བཻ་རོ་ཙ་ནས་རྫུ་འཕྲུལ་བསྟན་ཏེ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་ལྕགས་ཀྱི་སྤུ་གྲི་གཅིག་ཏུ་རྫུས་པས།  འཕྲང་སྲུང་གི་དཔོན་པོ་ཀུ་ཧ་ར་དབང་དུ་བཞེས་པ་དེས་སྨྲས་པ། ངོ་མཚར་ཆེ་བ་རྫུ་འཕྲུལ་ཅན་འདི་ཞོག  ཟླ་བོ་འདི་གསོད་ལ་གསེར་འཕྲོག་གོ་ཟེར་བར།བཻ་རོས་ལེགས་གྲུབ་མཐའི་མོན་པ་ལྕེ་ལྡུམ་ཞིག་ཏུ་སྤྲུལ་ནས་འཕྲང་སྲུང་ལ།  སྐྱེ་ཤི་གཉིས་མེད་ནམ་མཁའ་ལྟ་བུའི་སེམས།།  སྣང་གསལ་མུན་སེལ་སྤྱིར་ཡང་སྤྲུལ་པའི་སྐུ།། འཛམ་གླིང་མུན་སེལ་ཉི་མ་ཇི་བཞིན་དུ།།  དམ་ཆོས་བཙལ་ནས་ཉམས་མྱོང་བྱ་དགོས་པས།།  གསལ་ཁྱབ་ནམ་མཁའ་ལྟ་བུའི་སེམས་འདི་ལ།།  གསང་དང་མ་གསང་ཤི་དང་མ་ཤི་མེད།།  རྒྱུ་མའི་སྲོག་འདི་གཅད་ན་ཁྱེད་ལ་སྡིག་པ་འོང་།།  དེ་བས་རྒྱུ་མའི་གསེར་ཕྱེ་རྔན་པ་འདི་སྦྱིན་གྱིས།།  ལམ་རྒྱུས་ཇི་ལྟར་ཡིན་པ་བག་ཙམ་སྟོན།།  ཞེས་མགུར་བཞེངས་ནས་གསེར་ཕྱེ་ཁྱོར་གང་ཕྱིན་པས། འཕྲང་སྲུང་དགའ་ནས་ལམ་རྒྱུས་ལེགས་པར་བསྟན། བཟུར་ས་མེད་པའི་འཕྲང་སྲུང་དམ་པོ་ཐར་བར་དཀའ་བ་ལས་ཐར་ཏེ་དཀའ་བ་བདུན་པའོ།།

   རྔ་མོའི་གདོན་བགེགས་འཕྲང་ཆེན་པོའི་འཕྲང་ལྔ་ལ་ཕྱིན་ནས་བརྡ་སྤྲད་པར་དཀའ་བའི་འཕྲང་སྲུང་མང་པོ་དང་ཕྲད།  འོད་མའི་རལ་གྲི་སྐེ་ལ་བརྒྱབ་ཀྱང་པ་ཏྲ་མགོ་དང་སྐེ་ལ་དཀྲིས་པས་མ་ཆོད།  དེར་ཞི་བས་བརྡ་བཀྲལ།  རྔན་པ་བྱིན་པས་མ་ཉན་པར།  ཡང་འོད་མའི་རལ་གྲི་རྒྱག་ཏུ་བྱུང་བ་ལ་བཻ་རོས་རྫུ་འཕྲུལ་གྱིས་ཐར་བར་དཀའ་བ་ལས་ཐར་ཏེ་དཀའ་བ་བརྒྱད་པའོ།།

      དེ་ནས་ཆུ་འཕྲང་ཤིང་གི་བུང་བའི་སར།  རྟ་མཚལ་ལུ་བྱ་གདོང་དེས་བཻ་རོ་དང་ལེགས་གྲུབ་གཉིས་ལ་བལྟ་བཞིན་མཆི་མ་ཕྱུང་ནས་ཤི། ཁོང་གཉིས་ལའང་མཆི་མ་ཕྱུང་ནས་བཤུམས། རྟ་རོའི་དྲི་མ་ལ་ཅེ་སྤྱང་དང་གཅན་གཟན་ཀང་ཀ་མཆུ་རིངས་མང་པོ་འདུས་ཏེ་རྟ་རོ་བཟོས། མི་ཡང་གསོད་དུ་བྱུང་བ་གསེར་ས་ལ་སྦས་ཏེ་བྲོས། དེ་ལྟ་བུའི་སྲོག་ཐར་བར་དཀའ་བ་ལས་སྲོག་ཐར་ཏེ་དཀའ་བ་དགུ་པའོ།།

           ས་ག་དྷ་འཇིགས་པའི་འཕྲང་ཆེན་པོ་བཟུར་བ་མེད་པ་ལ་མི་འགྲོ་བའི་དབང་མེད་པར་ཕྱིན་ནས་བརྡ་སྤྲད་པར་དཀའ་བའི་འཕྲང་སྲུང་དང་ཕྲད།  གསེར་ཡོང་བ་ཟེར་བཞིན་བརྡུངས། གོ་ལག་རྣམས་བཤུས་པར་གསེར་མེད་སྟབས་ཉྭ་སུལ་ཚོ་དཀྲོལ་ནས་གསེར་འཚོལ་དུ་བྱུང་། དེ་ལྟར་ཟླ་བ་ཕྱེད་དུ་དོ་ཤི་དོ་ཆད་བྱས་པས་དཀའ་བ་བཅུ་པའོ།།

   དེ་ནས་གསེར་བཏོན་ཏེ་ཀྲི་ཤའི་ཡུལ་དུ་ཕྱིན། ཡང་བསྐྱར་གསེར་ས་ལ་སྦས་ཏེ་གྲོང་དུ་རྒྱགས་འཚོལ་ཞིང་ལམ་དྲི་རུ་ཕྱིན་པས། མཐའི་ཡུལ་རྟོག་གིས་མི་བྱུང་ངོ་ཟེར་ནས་བརྡུངས་བཏགས་བྱས། སྦྲུལ་དང་སྦལ་བའི་དོང་དུ་ཞག་བདུན་བསྐྱུར། དེ་ཞག་གཅིག་ལ་ཤི་བའི་རྒྱུ་ཡིན་པར་ཞག་བདུན་ལ་མ་ཤི་བས་ངོ་མཚར་ཆེ་ཟེར་ནས་བཏོན། སྦལ་བའི་དོང་དུ་མ་ཤི་བས་ཤིན་ཏུ་ཐར་བར་དཀའ་བ་ལས་ཐར་བས་དཀའ་བ་བཅུ་གཅིག་པའོ།། 

   དེ་ནས་གསེར་བཏོན་ཏེ་རྒྱ་གར་པྲ་སུ་ཏའི་ཡུལ་དུ་ཕྱིན། སྟག་དང་དོམ་དང་། སྦྲུལ་གདུག་པ་ཅན་གྱི་ཡུལ་དུ་སོང་ནས་དོ་ཤི་དོ་ཆད་ངང་བྷི་བྷི་རའི་ཚལ་དུ་སླེབས། གསེར་སྦས་ནས་རྒྱལ་པོའི་གཙང་ཁང་དུ་ཟས་འཚོལ་བར་ཕྱིན་པས། ཞག་དྲུག་དུ་རྒྱལ་པོས་ཆད་པ་བཅད་དེ་དོང་དུ་བཅུག  ཁ་ཟས་མ་བྱིན་པར་སྣ་ཞོམ་སྟེ་དེའུ་ཤི དུག་སྦྲུལ་དང་།  སྟག་དང་། དོམ་དང་། རྒྱལ་པོའི་ཆད་པ་ལས་ཐར་ཏེ་དཀའ་བ་བཅུ་གཉིས་པའོ།། 

   མ་ག་དྷའི་ཡུལ་དུ་སླེབས། དེར་མུ་ཟིའི་དུག་མཚོ་བརྒལ་དགོས་བྱུང་། གཞན་སྒྲོལ་མཁན་མེད་པར་རས་དང་དབྱུག་པ་ལ་གྲུ་བྱས་ཏེ་དོ་ཤི་དོ་ཆད་བྱས་ནས་ཕྱིན། ཕར་བརྒལ་པར་དཀའ་བ་ལས་བརྒལ་བ་སྟེ་དཀའ་བ་བཅུ་གསུམ་པའོ།།  

   ཨ་བ་དྷུ་ཏིའི་གླིང་དུ་ཕྱིན། མཐའི་མོན་པ་འཇིགས་སུ་རུང་བ་མང་པོས་དབྱུག་པ་མ་ཆག་བར་དུ་བརྡུངས། དོ་ཤི་དོ་ཆད་བྱས་ཏེ་ཐར་པར་དཀའ་བ་ལས་ཐར་བས་དཀའ་བ་བཅུ་བཞི་པའོ།། 

   རྒྱ་གར་ཨརྱ་པ་ལོའི་གླིང་དུ་ཕྱིན་པར། བསེ་འབག་དང་ལྕགས་འབག  སྦྲུལ་འབག་མང་པོས་སྡིགས་ཏེ་མཐོང་བ་ཙམ་གྱིས་དངངས་ཤིང་འཆི་བ་ལྟ་བུ་ལས་ཐར། ཀྲི་ལི་ཀྲ་ནའི་ཡུལ་དུ་ཕྱིན། དུག་སྦྲུལ་མང་པོས་ལུས་ལ་འཁྲིལ་ཞིང་ལྡག་སྟེ་ཤིན་ཏུ་སྡུག་བསྔལ་ཉམ་ཐག་ལས་མ་ཤི། འབག་དང་དུག་སྦྲུལ་སོགས་ཐར་པར་དཀའ་བ་ལས་ཐར་ཏེ་དཀའ་བ་བཅོ་ལྔ་པའོ།།

           དེ་ནས་ཨེ་དྷ་ཀོ་ཤའི་ཡུལ་དུ་ཕྱིན།  དེར་བརྡ་འཕྲོད་པར་དཀའ་བའི་བུད་མེད་མང་པོས་ཟས་ལ་དུག་སྦྱར་ནས་བྱིན། དུག་ནད་ཀྱིས་ཟླ་བ་ཕྱེད་དུ་དོ་ཤི་དོ་ཆད་བྱས་པས་ཐར་པར་དཀའ་བ་ལས་ཐར་ཏེ་དཀའ་བ་བཅུ་དྲུག་པའོ།།

རྩོམ་ཡིག་ཕབ་བཤུ་བ།  ནག་ཙན་དན། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527744
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།