གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་ཆེད་དེབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། » གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་ཆེད་དེབ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2017-07-02ལྟ་ཀློག (6070)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ལབ་རྩེའི་རིག་གནས།

སྔོན་འགྲོ་སྙིང་གི་རི་མོ། 
 ༢༠༡༧ལོའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་དཔྱད་རྩོམ་གྱི་འགོ་བརྗོད་དུ།

   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ད་ལོའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་དཔྱད་རྩོམ་ལབ་རྩེའི་རིག་གནས་འདི་དཔར་ལ་ཉེ་སྐབས་འགོ་བརྗོད་འབྲི་བའི་ཁུར་དེ་སླར་ཡང་ང་ལ་བབས་སོང་། འདི་ནི་མཐོ་འབྲིང་སློབ་མ་སྐོར་ཞིག་གིས་རང་གི་མཐར་ཕྱིན་འབྲས་རྟགས་སུ་བྲིས་པའི་དཔྱད་རྩོམ་ཡིན་པས། ཁྱེད་ཅག་མཁས་དབང་རྣམ་པར་གཟིགས་མོའི་སྤྲོ་བ་ཅི་ཡང་འབུལ་མི་ནུས་མོད། འོན་ཀྱང་མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བཤད་ན་འདི་ནི་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཤིག་ཡིན་པས། ང་ཚོར་མཚོན་ན་འདི་ནི་རང་གི་འཇོན་ཚོད་ཀྱིས་ཕུལ་བའི་ལེགས་སྐྱེས་ཆེས་བཟང་ཤོས་དེ་ཡིན། 

   སྤྱིར་བཏང་དེབ་འདི་ལ་ངེད་སློབ་གླིང་གི་བཤེས་གཉེན་རྣམ་པས་འགོ་བརྗོད་ཅིག་འབྲི་འོས་པ་ལྟ་བུར་ཡོད་མོད། འོན་ཀྱང་ང་རང་སློབ་མ་འདི་དག་ལ་ཆ་རྒྱུས་ཆེས་ཆེ་ཤོས་དེ་ཡིན་པར་མ་ཟད། དཔྱད་རྩོམ་འདིའི་འགོ་མཇུག་བར་གསུམ་དུ་ཁ་འདུག་མ་ཐུབ་པར་བཀོད་པ་འགྲིག་མིན་སྣ་ཚོགས་བཞག་པ་ཡིནཔས། ད་རེས་འགོ་བརྗོད་འདི་ཡང་ངའི་ཁུར་དུ་བབས་སོང་། 

   ཁོ་ཚོའི་ལབ་རྩེའི་རིག་གནས་ཞེས་པའི་དཔྱད་རྩོམ་འདི་ལ་མཚོན་ན་ལོ་ཕྱེད་སྔོན་ནས་བཟུང་ངེད་ཅག་དགེ་སློབ་ཚང་མས་མཉམ་དུ་འཕྱར་བ་གྲུ་འདེགས་ཀྱིས་ལབ་རྩེའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་འཆར་གཞི་བཟོས་པ་ཞིག་ཡིན། ངས་ཐོག་མར་འཆར་གཞི་འདི་ཁོ་ཚོར་བཤད་དུས་ང་ལ་མཚོན་ན་འདི་ནི་ཉེན་མཆོངས་ཤིག་ཡིན་པའི་སྣང་བ་སྐྱེས་མྱོང་། རྒྱུ་མཚན་ནི་སློབ་བུ་འདི་དག་ནི་གཅིག་ནས་ན་ཚོད་གཞོན་པ་དང་གཉིས་སུ་སློབ་སྦྱོང་གི་ཆུ་ཚད་ཞན་པ། གསུམ་དུ་ཞིབ་འཇུག་གི་དུས་ཡུན་ཧ་ཅང་ཐུང་བ། བཞི་ན་ད་སྔ་བོད་ཡུལ་དུ་འདིའི་སྐོར་གྱི་རིག་གནས་དར་རྒྱས་ཆེ་ན་ཡང་ཞིབ་འཇུག་གི་གོམ་པ་ཧ་ཅང་དལ་བས་དཔྱད་གཞིར་འོས་པའི་རྒྱུ་ཆ་ཤིན་ཏུ་དཀོན་པ་སོགས་དཀའ་ངལ་མང་བོར་གདོང་ཐུག་བརྒྱབས་ཡོད། 

   འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་སློབ་བུ་འདི་དག་གིས་ངའི་བཀོད་སྒྲིག་ལྟར་དགུན་གནང་གི་དུས་ཡུན་ཐུང་ཐུང་དེ་བེད་སྤྱད་ནས་ལབ་རྩེ་དང་འབྲེལ་བའི་རིགགནས་མང་བོ་ཞིག་སྡུད་སྒྲིག་བྱས་འདུག ཁོ་ཚོས་རང་རང་ས་གནས་ཀྱི་བླ་ཆེན་དཔོན་ཆེན་དག་གི་རྣམ་ཐར་དང་། ས་གནས་ལོ་རྒྱུས་སྣ་ཚོགས། དེ་བཞིན་རྒྱུས་ཡོད་མང་བོའི་ངག་སྒྲོས་བཅར་འདྲི་བྱེད་པ་སོགས་མདོར་ན་རིན་ཐང་བྲལ་བའི་རྒྱུ་ཆ་མང་བོ་ཞིག་འཐུས་ནས་ཡོང་འདུག་པས། ཁོ་ཚོའི་དཔྱད་རྩོམ་རེ་རེ་ཡང་རིན་ཆེན་ནོར་བུས་གཏམས་པའི་བང་མཛོད་ཅིག་དང་འདྲ་ལ། དེབ་ཆུང་འདི་ལ་ཡང་ནམ་ཞིག་རྒྱ་མཚོའི་ཕ་རོལ་གྱི་མི་དེ་དག་གིས་ང་ཚོའི་བོད་ཡུལ་དུ་ལྟ་བའི་རྒྱང་མཐོང་ཞིག་གི་ནུས་པ་རྫོགས་ཡོད་པར་སེམས། 

    ངས་ཐོག་མར་ཁོ་ཚོའི་རྩོམ་ཡིག་དག་ལས་མང་ཤོས་ལ་རེ་རེ་བཞིན་བལྟས་རྗེས་སླར་ཡང་བསམ་འཆར་དང་བཅས་ཕྱིར་བྱིན་པ་ཡིན་ལ། རྗེས་སུ་ཡང་བསྐྱར་རེ་རེ་བཞིན་བལྟས་རྗེས་འབྲི་སྟངས་དང་ས་བཅད་དགར་སྟངས་སོགས་ལ་རང་ཉིད་ཀྱི་ལྟ་ཚུལ་ལྷུག་བརྗོད་བྱས་པ་ཡིན། ཁོ་ཚོས་ཀྱང་རྡོ་སེང་གེའི་ཁ་ནས་གསེར་ལེན་པ་བཞིན་ངའི་ངག་ནས་ཅི་ཞིག་ལོན་སོང་བ་ལྟར་དགའ་བ་དང་བཅས་རང་རང་གི་རྩོམ་ཡིག་ལ་བསྐྱར་བཅོས་ཡང་བཅོས་བྱས་སོང་། ཁ་རྒྱུན་དུའང་རྩོམ་ནི་བྲིས་ནས་ཐོན་པ་མིན་གྱི་བཅོས་ནས་ཐོན་པ་ཡིན་ཞེས་པ་ཅིས་མ་བདེན། དང་ཐོག་བཟོ་ལྟ་ཅི་ཡང་མེད་པའི་རྩོམ་ཡིག་རེ་རེ་བཞིན་ཁོ་ཚོས་ཡང་བཅོས་བསྐྱར་བཅོས་བྱས་པས་མཐར་ཀློག་རིན་ཡོད་པའི་དཔྱད་རྩོམ་རེ་རེ་གྲུབ་སོང་། 

   ལབ་རྩེའི་རིག་གནས་ནི་བོད་ཀྱི་རི་ཆུའི་རིག་གནས་ཡིན་ལ། བོད་ཀྱི་རི་ཆུའི་རིག་གནས་ནི་བོད་ཀྱི་རི་ཆུའི་བདག་པོ་ཡིན། ང་ཚོས་རང་ས་རང་ཡུལ་གྱི་ལྕགས་རི་ལྟ་བུའི་རིག་གནས་འདི་དག་རེ་རེ་བཞིན་སྲུང་སྐྱོབ་དང་དར་སྤེལ་བཏང་སྟེ། རང་གི་ཡབ་མེས་ཀྱི་ལོ་རྒྱུས་གསལ་བའི་གསེར་གྱི་མེ་ལོང་རེ་རེ་བརྡུང་དགོས། བོད་མི་རིགས་དེ་ཇི་ལྟ་བུ་ཞིག་རེད་དམ་ཞེ་ན་ང་ཚོའི་ཡབ་མེས་ཀྱི་ཤུལ་བཞག་རིག་གནས་དང་གོམས་སྲོལ་འདི་དག་ལས་ཤེས་དགོས་ལ། ཞིབ་འཇུག་པ་དག་གིས་ཀྱང་སྒེའུ་ཁུང་འདི་བརྒྱུད་ནས་ད་གཟོད་བོད་མི་རིགས་ངོ་ཤེས་པར་འགྱུར་ངེས། དེ་བས་དེབ་འདི་ནི་མཐོ་འབྲིང་སློབ་མ་འགའ་ཞིག་གིས་འཛམ་གླིང་གི་བོད་རིག་ཞིབ་འཇུག་པ་རྣམས་ལ་བོད་མི་རིགས་ངོ་སྤྲོད་བྱེད་སྟངས་ཁྱད་པར་བ་ཞིག་ཡིན། 

   ང་ཚོའི་ན་གཞོན་མང་བོ་ཞིག་གིས་རང་ཉིད་ངོ་ཤེས་ཀྱིན་མི་འདུག ཐ་ན་མང་བོ་ཞིག་གིས་གཞན་གྱི་ཁ་ནས་ད་གཟོད་རང་ཉིད་འཚོལ་བཞིན་འདུག དཔེར་ན་རྒྱ་མི་ཚོས་བོད་ལ་གདེང་འཇོག་དང་སྐྱོན་བརྗོད་ཅི་བྱས་པ་དང་། ཕྱི་གླིང་བས་བོད་ལ་གདེང་འཇོག་དང་སྐྱོན་བརྗོད་ཅི་བྱས་པ། དེ་བཞིན་གཞན་གྱིས་ལེགས་པར་བཤད་ན་ལེགས་པར་འདོད་ཅིང་། གཞན་ཡང་མི་ལེགས་པར་བཤད་ན་ཡོད་ཚད་མི་བཟང་བར་བསམ་ནས་འགྲོ་མཁན་ཡང་མང་བོ་ཡོད། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་གཞན་གྱི་མིག་ཟུང་སྤྱད་ནས་རང་གི་མི་རིགས་ལ་ལྟ་བས། ཁོ་ཚོའི་མིག་ལམ་དུ་རང་གི་ཕ་མེས་ཡང་མེས་ཀྱི་བླ་ན་མེད་པའི་དཔལ་ཡོན་ཅུང་ཟད་ཙམ་ཡང་སྣང་གི་མེད། དེ་བས་ང་ཚོས་འདི་ནས་རང་གི་མི་རིགས་ཀྱི་རི་ཆུའི་རིག་གནས་ལས་ཡབ་མེས་ཀྱི་བློ་གྲོས་དང་སྙིང་སྟོབས། མི་རིགས་ཀྱི་གོམས་གཤིས་དང་དད་མོས། ད་དུང་ལོ་རྒྱུས་དང་ངག་རྒྱུན་གྱི་འོ་སྤྲི་མངར་མོ་སྐྱོགས་གང་གཅུས་ཡོད་པས། བོད་མི་རིགས་ཀྱི་ངོ་གདོང་དེ་བོད་མི་རིགས་ཀྱི་གོམས་སྲོལ་སོགས་ཡུལ་ཆོས་རིག་གནས་འདི་ལས་འཚོལ་དགོས་ཀྱི། ཕྱི་གླིང་བ་ག་གེ་མོའི་དཔྱད་བརྗོད་དང་། གསར་བརྗེ་བ་ག་གེ་མོའི་ཐལ་དྲགས་པའི་སྤྱི་སྡོམ་ལས་དུས་ནམ་ཡང་མཐོང་མི་ཐུབ། དེ་བས་ངས་ཀྱི་འདི་ནས་སློབ་མ་ཚོས་རང་རང་གི་སྦྱངས་འབྲས་མཚོན་པའི་དཔྱད་རྩོམ་འདི་ལྟ་བུ་ཞིག་བྲིས་པ་འདིས་བོད་མི་རིགས་ལ་སྲི་ཞུ་ཟླ་མེད་པ་ཞིག་ཞུས་ཡོད་པས། འདིར་ཁོ་ཚོ་ལ་ཡང་བཀའ་དྲིན་ཆེ་ཞུ།

   མཇུག་ཏུ་བླ་སྐར་དོན་བཞི་ཞེས་པའི་འཛིན་གྲྭ་འདིའི་སློབ་བུ་རྣམས་ས་གར་སོང་ས་ནས་དོན་འགྲུབ་ཅིང་ཡུལ་གར་བསྡད་ས་ནས་ཁ་ལས་དགེ་བའི་སྨོན་འདུན་དང་བཅས་མཐར་ཕྱིན་སྐྱེལ་མའི་ཚུལ་དུ་དགེ་མིང་འཛིན་པ་གྱི་ལིང་འཇིགས་མེད་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་ཀྱི་རང་སྤྱིལ་དཔེ་མང་བརྩིགས་པའི་གྱང་རྩ་ནས་བྲིས།


ལོ་ཟླས་བསྙལ་བའི་བརྩེ་བ།

   ལོ་ཟླས་བསྙལ་བའི་བརྩེ་བ་ཞེས་པའི་ལྷུག་རྩོམ་དེབ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་ཉི་ཤུ་བའི་འཛིན་གྲྭ་གཉིས་པ་སྟེ་བླ་སྐར་དོན་བཞི་ཚང་གི་སློབ་མ་ཚོའི་ལྷུག་རྩོམ་ཕྱོགས་བསྒྲིགས་བྱས་པ་ཞིག་རེད། ཁོ་ཚོས་ཉིན་འགའི་སྔོན་ལ་ལྷུག་རྩོམ་དེབ་འདིའི་མ་ཡིག་ཁྱེར་ཡོང་སྟེ་འདི་ལ་འགོ་བརྗོད་ཅིག་ཕྲིས་ཟེར། ངས་བསམ་བློ་ཞིག་བཏང་བ་ན་འཛིན་གྲྭ་འདི་དང་ང་ཚོའི་བར་དུ་དགའ་སྐྱོའི་གཏམ་རྒྱུད་སྣ་ཚོགས་ཤིག་ཡོད་པས། ཁོ་ཚོས་རང་ཉིད་ཀྱི་འཚོ་བ་དང་འདས་དོན་ལ་ཕྱིར་དྲན་བྱས་པའི་དེབ་འདི་ལ་འགོ་བརྗོད་ཅིག་བྲིས་ཀྱང་མི་ཆོག་པ་མི་འདུག ངས་ལོ་འདི་དག་གི་རིང་ལ་འཛིན་གྲྭ་འདི་ལ་བོད་ཡིག་དཔེ་ཁྲིད་ཀྱི་ཁུར་བཟུང་ཞིང་། དེའི་རིང་ལ་ཁོ་ཚོར་སྒྲིག་ལམ་སོགས་གང་ཅིའི་ཐད་ནས་ཅུང་ནན་མོ་བྱས་ཏེ་གཟའ་མཇུག་དང་གཟའ་ཉི་མར་ཡང་སྐྱོར་སྦྱོང་དང་ལས་བྱ་འབྲི་དགོས་པ་སོགས་ཆད་པ་གང་འཚམ་བཅད་པ་ཡིན། འོན་ཀྱང་ཁོ་ཚོས་ང་ལ་མི་འདོད་པའི་རྣམ་འགྱུར་ཅུང་ཟད་ཙམ་ཡང་བསྟན་མ་མྱོང་བར་མ་ཟད། ད་དུང་ངའི་གཟུགས་པོ་ཅུང་མ་བདེ་བ་སོགས་ལ་ཡང་ཁོ་ཚོས་ཧ་ཅང་སེམས་ཁྲལ་ཆེན་པོས་ང་ལ་བཅའ་བ་རིམ་གྲོ་མཚན་ཐོག་ཏུ་བཏོན་པ་སོགས་ང་ལའང་སེམས་འགུལ་ཟབ་མོ་ཐེབས་སུ་བཅུག་མྱོང་། 

   ལོ་འགའི་སྔོན་ལ་ཁོ་ཚོས་མིག་ཟུང་རིག་རིག་གིས་ངའི་གདོང་ལ་བལྟས་ཏེ་ཅི་ཞིག་འཐོབ་འདོད་ཀྱི་རེ་བ་བཅངས་ཡོང་དུས། ང་ལའང་ཧ་ཅང་ཐེག་དཀའ་བའི་འགན་འཁྲི་ལྗིད་མོ་ཞིག་གིས་རང་ཉིད་ཡོངས་སུ་མནན་ཡོད་པའི་ཚོར་བ་བྱུང་ལ། དུས་མཚུངས་སུ་རང་ནུས་ཅི་ལྕོགས་ཀྱིས་ཁོ་ཚོར་སློབ་ཁྲིད་བྱས་པ་ཡིན། དེ་རིང་ཁོ་ཚོ་རེ་རེ་བཞིན་བརྩོན་འགྲུས་ཀྱི་རྒོད་པོ་རྣམ་དཔྱོད་ཀྱི་གཤོག་རྩལ་རྒྱས་ཏེ་ཡངས་པའི་རྒྱལ་ཁམས་འགྲིམས་རན་དུས། ངས་ཀྱང་འདི་ནས་ང་ཚོའི་འདས་དོན་རེ་གཉིས་ལ་ཕྱིར་དྲན་རེ་བྱེད་བཞིན་ཁོ་ཚོའི་མི་ཚེའི་མདུན་ལམ་ལ་འོད་སྟོང་འཚེར་བའི་སྨོན་འདུན་ཞུ། ལོ་ཟླས་བསྙལ་བའི་བརྩེ་བ་འདིར་སློབ་བུ་འདི་དག་གིས་རྨ་འགྲམ་འདི་ནས་ཤེས་རིག་གི་བདུད་རྩི་མཉམ་དུ་འཐུང་བའི་ལོ་ཟླ་དག་ཟིན་ཐོར་བཀོད་ཡོད་ལ། ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་བརྗེད་དཀའ་བའི་དོན་དག་མང་བོར་ཕྱིར་དྲན་བྱས་འདུག དེའི་ཁྲོད་དུ་ང་ཡང་བརྗོད་བྱ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་ངས་ཁོ་ཚོར་གཟབ་ནན་དང་ཆད་པ་ཡང་ལྗི་སྣ་ཚོགས་བཅད་མྱོང་བས། ཁོ་ཚོའི་སེམས་སུ་ཅུང་བརྗེད་དཀའ་བའི་མི་ཞིག་ཏུ་གྱུར་ཡོད་པ་འདྲ། ཁོ་ཚོས་ང་ལ་ལྷག་བསམ་ཆེ་ཚུལ་སོགས་ངའི་སྐོར་མང་བོ་ཞིག་བྲིས་འདུག་མོད། དེ་ནི་སློབ་མ་ཚོས་ང་ལ་བཅངས་པའི་རེ་བ་ཞིག་ཡིན་པ་ལས་ངའི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ག་ལ་ཡིན། དེ་བས་ཁྱེད་ཅག་ཀློག་མཁན་རྣམ་པས་འདིའི་སྐོར་ནས་ཁོ་ཚོའི་བསྟོད་བསྔགས་ལ་ཉན་མི་རུང་། སྤྱིར་བཏང་ངས་རྩོམ་ཡིག་འདི་དག་ཕྱིར་འཐེན་ན་བསམ་མོད། འོན་ཀྱང་ཁོ་ཚོའི་རྩོམ་སྒྲིག་པ་རྣམས་ཟི་ལིང་ལ་ཆས་ཟིན་པས་ད་ནི་མི་བསྐྱུར་ཐབས་མེད་དུ་གྱུར། 

    ངས་འདི་ནས་ཁོ་ཚོར་ཡང་བསྐྱར་བཤད་འདོད་པ་ནི་ང་ཚོ་དགེ་རྒན་ཚང་མ་དུས་ནང་ཡང་ཁྱོད་ཚོར་ཧ་ཅང་དགའ། ཁྱོད་ཚོ་ནི་ད་གཟོད་ངེད་ཅག་གནས་འདི་ནས་ཡོད་ཚད་བློས་བཏང་སྟེ་སྡོད་པའི་གནས་ལུགས་ཡིན་ལ། མ་ཡུམ་སློབ་གླིང་གི་གཟི་བརྗིད་དང་ང་རྒྱལ་ཡང་ཡིན། ངས་རང་ཉིད་ཀྱི་ཉམས་མྱོང་ལ་སྦྱར་ནས་བཤད་ན། འུ་ཅག་གི་སློབ་གླིང་འདིར་སློབ་མ་ལ་ཤ་མི་ཚ་མཁན་དང་སློབ་མ་ལ་མི་དགའ་བའི་དགེ་རྒན་ཞིག་ཕལ་ཆེར་མེད། དེ་བས་སློབ་གླིང་འདི་དང་དགེ་རྒན་འདི་དག་ནི་དུས་ནམ་ཡང་ཁྱོདཚོའི་རྒྱབ་རི་ཡིན་ལ། ཁྱོད་ཚོ་ནི་ང་ཚོས་རང་ཉིད་ཀྱིས་བློས་བཏང་བའི་ལོ་ཟླ་དང་ལང་ཚོ་ཡོད་ཚད་ཀྱི་སྐྱིན་ཚབ་ཡིན། དེ་བས་འུ་ཅག་གི་བརྩེ་བ་ནི་ལྷད་མེད་རྣམ་དག་ཡིན། 

    མཐར་ལོ་ཟླས་བསྙལ་བའི་བརྩེ་བ་འདི་ཁྱོད་ཚོས་ཚེ་གང་བོར་འཐུང་འདོད་པའི་བདུད་རྩི་སྨན་མཆོག་དེ་ཡིན་པས། ཁྲེལ་དང་ཕྱི་ཐག་གི་ལག་ཟུང་བསྲིངས་ཏེ་བརྩེ་བ་འདིའི་དྭངས་གཙང་ལ་སྲུང་སྐྱོབ་བྱེད་རོགས།

     ཞེས་དགེ་མིང་འཛིན་པ་གྱི་ལིང་འཇིགས་མེད་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གླིང་སྟོད་ཀྱི་རང་སྤྱིལ་དཔེ་མང་བརྩིགས་པའི་གྱང་རྩ་ནས་བྲིས། ༢༠༡༧/༥/༣༠


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkdr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་ཆེད་དེབ།   སྤེལ་མཁན།: ཚོང་དཔོན་ནོར་བཟང་། སྤེལ་དུས:2017/7/2
ཉེ་རབས་དཔེ་ཆ་འདི་འདྲ་ཡག་པོ་ཞིག་དཀོན་མོ་འདུག
   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་ཆེད་དེབ།   སྤེལ་མཁན།: གློ་ནག སྤེལ་དུས:2017/7/2
དཔྱད་རྩོམ་གྱི་ཁ་ཕྱོགས་ཡག་པོ་འདུག
   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཐར་ཕྱིན་ཆེད་དེབ།   སྤེལ་མཁན།: ཁམས་བློ་གྲོས། སྤེལ་དུས:2017/7/2
དཔེ་ཡག་པོ་རེད། ད་དུང་མུ་མཐུད་དུ
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23506869
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།