སྙན་ངག་གི་རྩ་བ་མེ་ལོང་མའི་དཔེ་དོན་སྐྱོན་ཡོན་ཐད་ཀྱི་དོགས་དཔྱོད་ཕྲན་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »སྙན་ངག་གི་རྩ་བ་མེ་ལོང་མའི་དཔེ་དོན་སྐྱོན་ཡོན་ཐད་ཀྱི་དོགས་དཔྱོ
སྙན་ངག་གི་རྩ་བ་མེ་ལོང་མའི་དཔེ་དོན་སྐྱོན་ཡོན་ཐད་ཀྱི་དོགས་དཔྱོད་ཕྲན་བུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-06-21ལྟ་ཀློག (6255)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།སྙན་ངག་གི་རྩ་བ་མེ་ལོང་མའི་དཔེ་དོན་སྐྱོན་ཡོན་ཐད་ཀྱི་དོགས་དཔྱོད་ཕྲན་བུ།

རྩོམ་པ་བོ།   པད་དཀར་འབངས།

   རྩ་བ་མེ་ལོང་མ་ལས། ( 32 )སྦྱོར་བ་འགའ་ལ་ངག་རིག་རྣམས། ། མི་དགྱེས་པ་ཡོད་ཇི་ལྟར་ན། ། ངང་མོ་བཞིན་དུ་ཟླ་བ་དཀར། ། མཚོ་རྣམས་བཞིན་དུ་མཁའ་དྲི་མེད། ། ཁྱི་བཞིན་དཔའ་བོ་རྗེ་ལ་གུས། ། ཉི་མ་བཞིན་དུ་མེ་ཁྱེར་གསལ། ། འདི་འདྲ་སྤངས་ཏེ་མཁས་རྣམས་ཀྱིས། ། རྒྱུ་ཡང་འདིར་ནི་བསམ་པར་བྱོས། ། ཞེས་པའི་གཞུང་འདིའི་སྐབས་སུ་རྟགས་འདྲེས་པའི་དཔེ་དོན་གྱི་སྐྱོན་དང་། ཚིག་མང་ཉུང་གི་དཔེ་དོན་གྱི་སྐྱོན་དང་། དམན་ལྷག་གི་དཔེ་དོན་གྱི་སྐྱོན་གསུམ་བསྟན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེའི་འགྲེལ་བ་དབྱངས་ཅན་དགྱེས་གླུ་ལས། ཤ( 80 ) རྟགས་ཚིག་དཔེ་དམན་ལྷག་སོགས་ཀྱི་སྦྱོར་བ་འགའ་ཞིག་ལ་ནི་སྙན་ངག་རིག་པའི་མཁས་པ་མི་དགྱེས་པ་ཡོད་དེ། དེ་ཇི་ལྟར་ཡོད་ཅེ་ན། གཉིས་པ་ནི། དཔེ་ངང་མོ་བཞིན་དུ། དཔེ་ཅན་ཕོ་རྟགས་ཟླ་བ་དཀར། དཔེ་མང་ཚིག་མཚོ་རྣམས་བཞིན་དུ། དཔེ་ཅན་ནམ་མཁའ་གཅིག་པུ་དྲི་མ་མེད། དཔེ་དམན་པ་ཁྱི་བཞིན་དུ། དཔེ་ཅན་དཔའ་བོ་རྗེ་ལ་གུས། དཔེ་ལྷག་པ་ཉི་མ་བཞིན་དུ་དཔེ་ཅན་མེ་ཁྱེར་གསལ་ཞེས་པ་སྟེ། ཞེས་གསུངས་པའི་ཕྱིར།  འདོད་ན། རྩ་བར། ངང་མོ་བཞིན་དུ་ཟླ་བ་དཀར། ། ཞེས་པ་འདི་དཔེ་དོན་རྟགས་འདྲེས་པའི་སྐྱོན་གྱི་དཔེ་བརྗོད་དུ་བཞག་པ་ཡིན་པར་ཐལ།  འགྲེལ་ཚུལ་འཐད་པའི་ཕྱིར། འདོད་ན། དཔེ་ཅན་ཕོ་རྟགས་ཟླ་བའི་དཔེ་ལ་ངང་མོ་བཞག་པ་འདིར་རྟགས་འདྲེས་པའི་དཔེ་དོན་གྱི་སྐྱོན་ཡོད་པར་ཐལ། དེའི་དཔེ་བརྗོད་ཡིན་པའི་ཕྱིར། འདོད་ན། རྒྱ་དབང་ལྔ་བ་ཆེན་པོས།(113) སྐད་གཉིས་སྨྲ་བ་རྡོ་རྗེ་རྒྱལ་མཚན་དང་། ། ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ། ། འདོད་པའི་མྱོས་བུམ་ལྡན་དང་མི་ལྡན་གྱི། ། དབྱེ་བ་ཙམ་ལས་གཞན་དུ་ཐ་མི་དད། ། ཞེས་པ་འདི་དང་། བསེ་ཚང་བློ་བཟང་དཔལ་ལྡན་གྱིས། (166) རི་དྭགས་གཟུགས་ཀྱིས་མཛེས་པ་ཇི་བཞིན་དུ། ། ཨུཏྤལ་ཟུར་མིག་གཡོ་བའི་དབྱངས་ཅན་ལྷ། ། ཞེས་པ་འདི་གཉིས་ལ་རྟགས་འདྲེས་པའི་དཔེ་དོན་གྱི་སྐྱོན་ཡོད་པར་ཐལ། སྔ་མས་ཤོང་ལོ་ཙཱ་བའི་དཔེ་ལ་དབྱངས་ཅན་མ་བཞག་ཅིང་། ཕྱི་མས་དབྱངས་ཅན་མའི་དཔེ་ལ་ཟླ་བ་བཞག་པའི་ཕྱིར། རྟགས་སླ། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཟླ་བའི་དཔེ་ལ་ངང་མོ་བཞག་པ་དེ་རྟགས་འདྲེས་པའི་སྐྱོན་ཡིན་པའི་རྒྱུ་མཚན་དེའི་ཕྱིར། ཞེས་སོགས་དཔྱད། གཞན་ཡང་། མཚུངས་སྦྱོར་གྱི་དཔེ་ཡིན་ན་དཔེ་དོན་དམན་ལྷག་གི་སྐྱོན་དང་ལྡན་པ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་དཔེ་དོན་དམན་ལྷག་གཉིས་དཔེ་དོན་དུ་སྦྱར་བ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་ཡིན་པར་ཐལ། དཔེ་དོན་དམན་ལྷག་གཉིས་བྱ་བ་གཅིག་གིས་དཔེ་དོན་དུ་སྦྱར་ནས་མཚུངས་པར་སྟོན་པ་མཚུངས་སྦྱོར་གྱི་དཔེའི་གོ་དོན་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། དཔེ་ལྷག་དོན་དམན་བྱ་བ་གཅིག ། དཔེ་དོན་མཚུངས་སྟོན་མཚུངས་སྦྱོར་དཔེ། །  ཞེས་གསུངས་པའི་ཕྱིར། འདོད་ན། སྙན་པའི་རོ་འདོན་པ་ལ་མཆོག་ཏུ་གྱུར་པ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་དབྱིག་པ་ཅན་གྱི་སྙན་གཞུང་འདི་སྐྱོན་དང་བཅས་པ་ཡིན་པར་ཐལ། དཔེ་རྒྱན་སོ་གཅིག་པ་མཚུངས་སྦྱོར་གྱི་དཔེ་འདི་དཔེ་དོན་དམན་ལྷག་གི་སྐྱོན་དང་བཅས་པ་ཡིན་པའི་ཕྱིར། དེར་ཐལ། སྲིན་བུ་མེ་ཁྱེར་གྱི་དཔེ་ལ་ཉི་མ་བཞག་པ་དང་། ཕལ་བའི་མིའི་གླུ་སྐད་ཀྱི་དཔེ་ལ་གསུང་ཚངས་དབྱངས་བཀོད་པ་དཔེ་དོན་དམན་ལྷག་གི་སྐྱོན་ཡིན་པ་གང་ཞིག  མཚུངས་སྦྱོར་གྱི་སྐབས་སུ་མིའི་རྒྱལ་བོའི་དཔེ་ལ་ལྷ་རྒྱལ་བརྒྱ་བྱིན་བཞག་པ་གཉིས་འདྲ་བའི་ཕྱིར། རྟགས་དང་བོ་གྲུབ་སྟེ། རྩ་བ་ལས།(32) ཉི་མ་བཞིན་དུ་མེ་ཁྱེར་གསལ། ། འདི་འདྲ་སྤངས་ཏེ། ཞེས་དང་། ཡང་གསལ་སྣང་མཛོད་ལས།(88) ཚངས་དབྱངས་དང་མཚུངས་སྙན་འགྱུར་མགྲུན་གླུ་ལེན། ། ཞེས་པ་ལྟ་བུ་སྐྱོན་ཡིན་ནོ།། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་སླ། དེ་ལ་ཁོ་ན་རེ། དབྱངས་ཅན་ཉི་མ་འབུམ་གྱི་ཞལ་ལུང་ལས།(87) དཔེ་དོན་རྟགས་འདྲེས་མང་ཉུང་མཐོ་དམན་སྦྱར། ། སྐྱོན་ཡིན་མཁས་པས་སྦྱར་བའི་སྐྱོན་མེདའང་ཡོད། ། ཞེས་གསུངས་པས་མཁས་པས་སྦྱར་བ་ལ་སྐྱོན་མེད་པའང་ཡོད་ཟེར་ན་ཤིན་ཏུ་བདེན་མོད། གོང་གི་ཚིག་དོན་འདྲ་འགྲིག་དེ་དག་གི་སྤུ་རིས་འབྱེད་པར་ཀུ་ཤའི་རྩེ་ལྟར་ཕྲ་ཞིབ་ཀྱི་བློ་གྲོས་མེད་ན་ག་ལ་ནུས། གཞན་དུ་ན། ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། མཚུངས་སྦྱོར་གྱི་གོ་དོན་བཞག་པ་ལའང་དོགས་གནས་ཅུང་ཞིག་མཆིས་ཏེ། རྩ་བར། དཔེ་དོན་དམན་ལྷག་གི་སྐྱོན་ལ་དཔེ་ལྷག་པའི་སྐྱོན་དང་། དཔེ་དམན་པའི་སྐྱོན་གཉིས་གསུངས་པའི་ཕྱིར་རོ།།


༢༠༡༧   ༦  ༡༦  ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23485658
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།