མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས། ལྔ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པ
མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས། ལྔ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-06-21ལྟ་ཀློག (8159)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས།

ལྔ་བ། སྟོད་མངའ་རིས་རྒྱལ་བོ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་བོད་དུ་གདན་དྲངས་པའི་ཕྱིར་དཀའ་བ་སྤྱད་པའི་སྐོར།

                                                                               རྩོམ་པ་པོ་མི་གསལ།

  དེ་ཡང་པུར་རྒྱལ་བཙན་པོའི་གདུང་རྒྱུད་བཙན་པོ་གླང་དར་མ་ལ་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་བྱུང་། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དང་། སྐྱིད་སྡེ་ཉི་མ་མགོན་གཉིས་ཡོད་པ་ལས་སྐྱིད་སྡེ་ཉི་མ་མགོན་མངའ་རིས་སྟོད་དུ་གཤེགས་པའི་དུས་སུ་བློན་པོ་ཞིང་བ་ཚབ་རིན་ཆེན་སྡེ་དང་། ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་གཙང་བྱེ་མ་གཡུ་རུང་བར་དུ་བསྐྱལ་ནས་འབྲལ་བའི་དུས་སུ་ངུས་ཏེ་བློན་པོ་ཞིང་བ་ཚབ་ཀྱིས་ན་བཟའ་སྤྱང་ཐུལ་ཅིག་ཕུལ།

  བློན་པོ་ཅོ་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་དྲེའུ་ཞིག་ཕུལ་བས། རྒྱལ་བོའི་ཞལ་ནས་ངས་མངའ་རིས་སྟོད་དུ་རྒྱལ་སྲིད་འདྲ་བ་ཟིན་སྲིད་ན་ཁྱེད་གཉིས་ཀྱི་བུ་མོ་རེ་ང་ལ་སྦྱིན་དགོས་ཞེས་གསུངས་པས་བློན་པོ་བཉུས་ཀྱིས་ཀྱང་ཁས་བླངས་སོ།། དེ་ནས་ཡར་བྱོན་པའི་དུས་སུ་མངའ་རིས་པ་རྣམས་ཀྱིས་བོད་ནས་རྒྱལ་བོ་ཞིག་བྱོན་ཞེས་ཐོས་ནས་བསུ་བ་བྱས། རིགས་ནི་སྤྱོད་པས་ཤེས་པར་བྱེད། ཅེས་པས་རྒྱལ་བོ་ཡིན་པར་ཤེས་ནས་རྗེ་བོར་བཟུང་། ཕྱིས་དེ་སྔའི་བློན་པོ་གཉིས་ཀྱིས་ཀྱང་སྔར་ཁས་ལེན་ཞུས་དོན་བཞིན་རང་གི་བུ་མོ་རེ་བཙུན་མོ་ཕུལ། བློན་པོ་བ་ཚབ་ཀྱི་བུ་མོ་ལ་བུ་མ་བྱུང་། བློན་པོ་ཅོ་རོའི་བུ་མོ་ལ་སྲས་གསུམ་བྱུང་བས་བཀྲ་ཤིས་མགོན། དཔལ་གྱི་མགོན། ལྡེ་གཙུགམགོན་ཏེ་སྟོད་ཀྱི་མགོན་གསུམ་དུ་གྲགས།

   བཀྲ་ཤིས་མགོན་ལ་པུ་རངསབྱིན། དཔལ་གྱི་མགོན་ལ་ཞང་ཞུང་བྱིན། ལྡེ་གཙུག་མགོན་ལ་མང་ཡུལ་བྱིན་པས་མངའ་རིས་བསྐོར་གསུམ་དུ་གྲགས། ལྷ་བཀྲ་ཤིས་མགོན་ལ་སྲས་གཉིས་བྱུས་པས་་ངའ་བདག་འཁོར་རེ་དང་སྲོང་ངེ་ཞེས་བརྗོད། མངའ་བདག་སྲོང་དེས་གི་གེ་དང་འཁོར་རེས་པུ་རངས་བཟུང་། སྲོང་ངེ་སྲས་དེ་བ་རཱ་ཛ་དང་ནཱ་ག་རཱ་ཛ་གཉིས་བྱུང་། འཁོར་རེིའི་སྲས་ལྷ་སྡེ། ལྷ་སྡེའི་སྲས་མངའ་བདག་འོད་ལྡེ་དང་། ཕོ་བྲང་ཞི་བ་འོད། ལྷ་བཙུན་པ་བྱང་ཆུབ་འོད་བཅས་གསུམ་བྱུང་། མངའ་བདག་སྲོང་ངེས་རྒྱལ་སྲིད་བསྐྱངས་པའི་དུས་སུ་ཡབ་མེས་ཀྱི་དམ་ཆོས་དབུ་བརྙེས་སྲོལ་བཏོལ་དར་ཞིང་རྒྱས་པར་མཛད་པའི་ཕྱག་བཞེས་རྣམས་གཟིགས་པས། འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཡབ་མེས་ཀྱི་སྲོལ་བསྐྱངས་པར་གོངས་ཏེ་རྒྱལ་སྲིད་དབོན་པོ་ལྷ་སྡེ་འཁོར་རེའི་སྲས་ལ་གཏད་ནས་ཡབ་སྲས་གསུམ་ག་སྟེ་བ་སྲོང་ངེ་སྲས་དེ་བ་རཱ་ཛ་དང་ནཱ་ག་རཱ་ཛ་བོད་རབ་བྱུང་གོང་སྤྱི་ལོ༼1016༽ོར་ཡེ་ཤེས་བཟང་བོ༼ལོ་ཆེན་རིན་ཆེན་བཟང་པོའི་རབ་བྱུང་གི་མཁན་པོ༽ལས་རབ་ཏུ་བྱུང་མཚན་ལྷ་བླ་མ་ཡེ་ཤེས་འོད་ཅེས་གསོལ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜིཏ་ཤྲཱི་ཨ་ཀ་ར་ཝརྨ་སོགས་པཎྜིཏ་ལྔ་སྤྱན་དྲངས་པའི་ནང་གི་ངྷརྨ་པཱ་ལ་ནས་འདུལ་བའི་བཤད་པ་དང་། ལག་ལེན་མཛད་པའི་སློབ་མའི་གཙོ་བོ་ས་དྷུ་པ་ལ། གུ་ཎ་པཱ་ལ། པྲཛྙཱ་པཱ་ལ་སྟེ་པཱ་ལ་རྣམ་གསུམ་ལ་སོགས་པསློབ་མ་མང་དུ་བྱུང་སྟེ་དེ་རྣམས་ལས་བརྒྱུད་པ་ལ་འདུལ་བ་སྟོད་འདུལ་དུ་གྲགས་པ་སོགས་ཀྱི་ཐད་མཛད་རྗེས་ཆེན་པོ་བཞག་ཡོད། ཁོང་ལ་བློན་པོ་མིག་གི་མངོནཤེས་དང་ལྡན་པས་ས་འོག་གི་གཏེར་ཐམསཅད་མཐོང་བ་ཞིག་ཡོད། ཕྱིས་རྒྱ་གར་དུ་བསྐུར་བའི་གསེར་ལིང་བ་ཆེན་པོ་དེ་ཡང་བློན་པོ་དེས་ས་འོག་ནས་བཏོན་པར་གྲགས།

འཇམ་དཔལ་རྩ་རྒྱུད་ལས།

ཁ་བ་ཅན་གྱི་རྒྱལ་ཁམས་སུ།།

རྒྱལ་བོ་འོད་ཀྱི་མཐའ་ཅན་བྱུང་།།

བློན་པོ་ནོར་གྱི་མཐའ་ཅན་བྱུང་།། ཅེས་དང་།

གངས་ཅན་དུ་ནི་རྒྱལ་བོའི་རིགས།།

ཡེ་ཤེས་འོད་ཅེས་བྱ་བ་བྱུང་།། ཅེས་ལུང་བསྟན་པ་ལྟར།

བོད་མངའ་རིས་ཀྱི་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་དམ་པའི་ཆོས་ཐེག་པའི་རིམ་པ་མཐའ་དག་གཟིགས་པའི་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་འགལ་བ་ལྟར་གཟིགས། ལག་ལེན་ཡང་འགའ་ཞིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད། འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད། མདོ་སྔགས་གཉིས་ཚ་གྲང་ལྟར་ཡ་འགལ་དུ་སོང་།

   རྒྱ་གར་ནས་པཎྜིཏར་གྲགས་པ་གསེར་འཚོལ་བ་མང་བོ་བོད་དུ་ལྷགས་ནས་ཆགས་ལམ་དང་ངན་སྔགས་མང་བོས་བོད་ཀྱི་སྐྱེ་བོ་རྣམས་བསླུས་ཏེ་རྒྱལ་བོའི་བསྟན་པ་རྣམ་པར་དག་པ་ཤིན་ཏུ་དར་དཀའ་བ་བྱུང་ནས། བོད་ཀྱི་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཆོས་ལོག་སུནའབྱིན་དགོས་པའི་བཀའ་བཅད་མཛད་ཀྱང་རྔོ་མི་ཐོགས། བོད་དུ་བསྟན་པ་རྣམ་དག་ཞིག་དར་བའི་ཕྱིར། ལོ་ཆེནརིན་ཆེན་བཟང་བོ་སོགས་བོད་ཕྲུག་རིག་པ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་བཏང་པས་གཞན་རྣམས་ཚ་བས་ཤི།

 ལོ་ཆེནརིན་ཆེན་བཟང་བོ་དང་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཀྱིས་ཆོས་མཁས་པར་མཁྱེན། མདོ་སྔགས་ཀྱི་བཀའ་བསྟན་མང་དུ་བསྒྱུར་ནས་གཏན་ལ་ཕབ། རྒྱ་གར་གྱི་མཁས་པ་ཐམས་ཅད་ཀྱི་མཛད་སྤྱོད་དང་བཞེད་པ་མདོ་སྔགས་ལ་ནང་འགལ་མེད་ཚུལ་རྒྱལ་བོའི་སྙན་དུ་གསོལ། བོད་ལ་ཕན་ཐོགས་པའི་པཎྜིཏ་གཞན་ནི་མི་འདུག་བྲི་ཀ་མ་ལ་ཤྲཱི་ལར་རྒྱལ་རིགས་ལས་ཐར་བར་གཤེགས་པ་དཔལ་མར་མེ་མཛད་ཡེ་ཤེས་བྱ་བ་ཞིག་བཞུགས། དེ་སྤྱན་དྲངས་ན་བོད་ལ་ངེས་པར་ཕན་ཐོགས་ཞེས་ཞུས་པས།རྒྱལ་བོའི་ཐེ་ཚོམ་ཡང་ཆོད། ཁྱད་པར་ཇོ་བོའི་མཚན་ཐོས་པ་ཙམ་གྱིས་མི་ཕྲོགས་པའི་དད་པ་ཤུགས་དྲག་སྐྱེས་ནས་རྒྱལ་བོའི་ཐུགས་དགོངས་ལ་ཇོ་བོ་དེ་ཅིས་ཀྱང་སྤྱན་འདྲེན་དགོས་སྙམ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་རབ་བྱུང་དང་བོའི་ཤིང་ཁྱི༼1034༽ལོར་ཡུལ་སྟག་ཚང་ཚ་བའི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་ཞེས་པས་གཙོས་འཁོར་བརྒྱ་ལྷག་ཙམ་དང་བཅས་པར་གསེར་ལིང་བ་སྲུང་བཅུ་དྲུག་གིས་སྣ་དྲངས་པའི་གསེར་མང་བོ་དང་བཅས་ཞུ་ཡིག་ཏུ།

ཁྱེད་ཀྱི་ཐུགས་རྗེའི་ཕྱོགས་རིས་མི་མངའ་ཞིང་།།

སངས་རྒྱས་བསྟན་ལ་ཐུགས་ནི་སེམས་བྱེད་ན།།

ཁ་བ་ཅན་འདིར་སྔོན་ཆད་ཕུན་ཚོགས་ཀྱང་།།

དེང་སང་དུས་ན་སེམས་ཅན་བསོད་ནམས་ཉམས།།

དེ་ཡི་སྟོབས་ཀྱིས་བོད་ཀྱི་རྒྱལ་བོ་ང་།། 

མྱ་ངན་ཐང་ལ་ཚད་པས་གདུང་བ་ན།།

ཆུ་ཡི་འདུ་བྱེད་ཡིད་ལ་བྱེད་པ་ལྟར།།

ཉིན་དང་མཚན་དུ་མགོན་པོ་ཁྱེད་བསམ་ན།།

བདག་ལ་ཐུགས་ཀྱི་བརྩེ་བར་མཛད་དུ་གསོལ།། ཞེས་བྲིས་ནས་བསྐུར།

རྒྱ་གར་དུ་ཇོ་བོ་རྗེ་གདན་འདྲེན་དུ་བཏང་པས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་ཀཡང་ལམ་བར་གྱི་དཀའ་ངལ་ལ་མ་འཛེམས་པར་བྲི་ཀ་མ་ལ་ཤྲཱི་ལར་ཕེབས། ཕྱག་བྲིས་དང་གསེར་ལིང་བ་དེ་རྣམས་ཇོ་བོ་རྗེའི་ཕྱག་ཏུ་ཕུལ་ནས་བོད་དུ་བྱོན་པའི་ཞུ་བ་ཕུལ་བས། ཇོ་བོའི་ཞལ་ནས་ང་བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན་ཏེ། ཡང་ན་གསེར་འདོད་ནས་འགྲོ་བ་ཡིན་ཏེ།

   ང་ལ་གསེར་གྱི་དགོས་པ་མེད། ཡང་ན་རང་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་ཡིན་ཏེ་དེ་ཡང་ང་ལ་མེད་པས་ང་མི་འགྲོ་གསུངས་ནས་གསེར་རྣམས་ཚུར་ལ་གཏད། ལོ་ཙཱ་བས་ཆོས་གོས་ཀྱི་གྲྭ་ནས་བཟུང་སྟེ་བཤུམས་པས་ཀྱང་ཞལ་བཞེས་མ་གནང་། དེའི་རིང་ལ་ལོ་ཙཱ་བའི་འཁོར་ཡང་ཕལ་ཆེར་ཚད་པས་ཤི། གསེར་སིལ་མ་ཐམས་ཅད་ཀྱང་བརླག ཇོ་བོའི་ཞལ་ནས་ཁྱེད་བོད་རྣམས་སྙིང་རེ་རྗེ་གསུངས། དེ་ནས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་ཚུར་བོད་དུ་ལོག་ནས་གསེར་ལིང་བ་དེ་རྒྱལ་བོ་ལ་ཕུལ། ཇོ་བོ་སྤྱན་འདྲེན་མི་ཐུབ་པའི་སྐོར་རྒྱལ་བོའི་སྙན་དུ་གསོལ། དེའི་དུས་སུ་རྒྱ་བརྩོན་སེང་ལ་ནག་ཚོ་ལོ་ཙཱ་བས་ཆོས་མངོན་པའི་བཀའ་ཁྲིད་ཞུས་པས་རྒྱ་བརྩོན་སེང་གིས་ང་སླར་ཡང་རྒྱ་གར་དུ་ལོག་ནས་ཇོ་བོ་རྗེ་ལས་གདམས་པ་ཞུར་འགྲོ་དགོས་པས་ལོང་མེད་གསུངས། དེ་ནས་རྒྱ་བརྩོན་སེང་འཁོར་ལྔ་དྲུག་ཙམ་དང་བཅས་རྒྱ་གར་དུ་བྱོན། སྐབས་དེར་གར་ལོག་དང་གུ་གེ་གཉིས་མ་འཆམ་པར་འཁྲུགས་པ་བྱུང་སྟབས་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་གཅུང་བོར་སྤྲད་ཟིན་ཀྱང་ཕྱི་བའི་ཆོས་ལུགས་ཀྱི་ལྟ་སྤྱོད་ཀྱིས་ནང་བའི་ཆོས་ལུགས་ལ་འགོག་རྐྱེན་ཡོང་བར་ཐུགས་ཀྱིས་མ་བཟོད་པར་ཁོང་སྐུ་ངོ་མས་སྣེ་འཁྲིད་དེ་གར་ལོག་དང་འཐབ་པས་ཕམ་སྟེ་གར་ལོག་གི་རྒྱལ་བོའི་བསྟན་པ་ལ་བྱ་བ་བྱེད་པའི་ཆོས་རྒྱལ་དུ་ཤེས་ནས་ཆོས་བློས་མི་གཏོང་ན། ངས་ཁྱོད་ཀྱི་སྲོག་མི་གཏོང་ཅེས་བཤད་ནས་སྐུ་ལས་དར་གྱིས་བཅུན་ནས་བསྡམས་བཙོན་དུ་བཅུག བྱང་ཆུབ་འོད་ཀྱིས་ཁུ་བོ་བཙོན་ནས་འདོན་པའི་ཐབས་སུ་ཕེབས་པ་དང་གར་ལོག་གི་རྒྱལ་བོས་ཁྱེད་རང་ངའི་འོག་ཏུ་ཞུགས། ཡང་ན་གསེར་རྒྱལ་བོ་དང་མཉམ་པ་ཁྱེར་ལ་ཤོག རྒྱལ་བོ་བཏང་གི་ཟེེར་བ། གསེར་གཏོད་པ་འདམ་ནས་ལྷ་བཙུན་བྱང་ཆུབ་འོོད་ཀྱིས་མངའ་རིས་ཁུལ་དུ་གསེར་མང་དུ་བསྒྲུབས། དབུས་གཙང་གི་རབ་ཏུ་བྱུང་བ་རྣམས་ལ་ཡང་ཤམ་ཐབས་ཀྱི་ཁྲལ་བླངས། བོད་ཁམས་གླིང་དགུའི་འབངས་ལ་གསེར་གྱི་ཁྲལ་མོ་ཆེ་ཐེངས་གསུམ་བསྡུས། ཕྱག་རྫས་ཡོད་དགུ་གསེར་དུ་བསྒྱུར་ཏེ་གསེར་ཕལ་ཆེར་འཛོམ། དེ་དག་འཁྱེར་ཏེ་རྒྱལ་བོ་བསླུས་པས་དབུའི་ཆ་ཙམ་ཞིག་མ་འཛོམ་པས་ཁོས་མ་ཉན། དེ་ནས་ཐབས་གཞན་མ་བྱུང་བར་རྒྱལ་བོ་གང་དུ་བཅུག་པའི་བཙོན་གྱི་སྒོ་དྲུང་དུ་བྱོན། ཁུ་བོ་ཡེ་ཤེས་འོད་ཅེས་བོས་ཏེ། བཀའ་དྲིན་ཆེན་པོ། སྔོན་གྱི་ལས་ཐོག་ཏུ་བབ་པ་ཡིན་པས། ངས་ཁོ་ལ་དམག་རྒྱབ་ནས་བཟློག་ན་ནི་སྐྱེ་བོ་ཚན་པོ་ཆེ་ཕུང་ལ་བཏང་ནས་ངན་སོང་དུ་འགྲོ་དགོས་པར་འདུག པཎྜིཏ་གདན་མ་འདྲེན་པར་ཁྱེད་རང་ངེད་ཀྱི་འོག་ཏུ་ཞུགས་ཟེར་བ་ནི། ཆོས་བློས་བཏང་ནས་སྡིག་རྒྱལ་གྱི་འོག་ཏུ་བསྡད་པ་ལས། ཁྱེད་ཆོས་ལྡན་དུ་གཤེགས་པ་དྲག་སྙམ་དུ་བསམ། དེ་ནས་གསེར་ཁྱེད་རང་ཙམ་པ་ཞིག་དགོས་ཟེར་བ་ལ་གསེར་བཙལ་པས། ཁྱེད་ཀྱི་སྐུ་ལས་དང་མཉམ་པའི་ཚོད་ཙམ་ཞིག་རྙེད། དེ་ལ་ཡང་ཁོས་མ་ཉན་པས་ད་ངས་དབུ་ཙམ་ཞིག་རྙེད་པ་དང་བླུར་འོང་གིས། དེ་བར་དུ་སྔོན་གྱི་ལས་ལ་སེམས་པ་དང་། དཀོན་མཆོག་ལ་གསོལ་བ་འདེབས་པ། སྙིང་བོ་ཆེ་བྲང་འོག་ཏུ་བཅུག་པའི་བསོད་ནམས་མཛད་དགོས་པ་ཡིན། ཞེས་ཞུས་པ་དང་། ཁུ་བོ་ཡེ་ཤེས་འོད་ཀྱིས་བཞད་ཅིག་མཛད་ནས། ཁྱེད་ལའང་གཅེས་ཕྲུག་སྣུམ་ཟན་མའི་བག་ཅིག་ཡོད།

   དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་ཤི་ཡང་ཁྱེད་ཀྱིས་མེས་ཀྱི་སྲོལ་སྐྱོང་བར་འདུག ཁྱེད་ཀྱིས་དེ་གོ་བར་གྱིས། ང་ལ་དེས་ཆོག ངའི་བསམ་པ་ལ་བོད་འདིར་ཆོས་ཁྲིམས་སྐྱོན་མེད་ཅིག་མ་ཚུགས་པར་ང་ཤི་ན་མི་རུང་བ་འདུག་སྙམ་པ་ཡིན་ཏེ། ད་ང་ན་སོ་ཡང་རྒས་ལུས་ཀྱི་རྩ་སྒོ་ཐམས་ཅད་གར་ལོག་ནས་མེར་བསྲེགས་ཟིན་པས་བཙོནཁང་འདི་ནས་ཐོན་ཀྱང་བསྟན་འགྲོའི་དོན་ཡོང་བ་ནི་ཤིན་ཏུ་དཀའ། འདིར་ད་ལན་མ་ཤི་ཡང་ཚེ་ལོ་བཅུ་ཙམ་ལས་མེད། དེ་ཙམ་གྱི་ཕྱིར་གསེར་མང་བོ་བཏང་ཡང་དཀོན་མཆོག་ཐུགས་ཁྲེལ། སྔར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཀྱི་ཕྱིར་གཅིག་ཀྱང་ཤི་བ་མེད། ད་ལན་ཆོས་ཀྱི་ཕྱིར་ཤི་ན་ལེགས་པ་ཡིན་པས་རྒྱལ་བོ་འདི་ལ་གསེར་སེ་བ་ར་ཏི་གཅིག་ཀྱང་མ་སྟེར། གསེར་ང་རང་ཙམ་རྙེད་པ་ཤིན་ཏུ་རྔམས་ཆེན། ད་མགོ་བོ་ཙམ་པ་ག་ན་རྙེད། གསེར་ཐམས་ཅད་རྒྱ་གར་དུ་ཁྱེར་ལ་ད་དུང་ཇོ་བོ་པཎྜིཏ་དེ་གདན་ཅི་འདྲོངས་ཀྱིས། དེའི་སྙན་དུ་ཡང་། ང་ན་རེ་ངས་ཁྱེད་དང་སངས་རྒྱས་ཀྱི་བསྟན་པའི་ཕྱིར་ལུས་སྲོག་གར་ལོག་གི་རྒྱལ་བོ་ལ་བྱིན་ཡོད་པས་ཚེ་རབས་ཐམས་ཅད་དུ་བདག་ལ་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱེད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས་དེ་ཁོ་ན་བཞིན་དུ་མཛད་པ་དང་།

    སྐྱེ་བ་འདིའི་འོག་རོལ་དུ་ཁྱེད་དང་ངེས་པར་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངའི་འཕྲིནའདི་སྐྱེལ་མཛོད་ཅིག ཁྱེད་ཀྱིས་ངའི་ཡབ་མེས་ཀྱིས་བཀའ་གཙིགས་མཛད་པའི་ཆིས་བཟང་བོ་རྣམས་གསོས། མི་ཉམས་པ་རྣམས་གིང་དུ་གྱིས་ལ། ལྷ་ས་དང་། བསམ་ཡས། མཐོ་ལྡིང་སོགས་ལ་མཆོད་པ་ཆེན་པོ་གྱིས། དེ་ལྟར་བྱས་ན་ངའི་གློ་བ་དེས་ཚིམས་པས་ཁྱེད་ཀྱིས་ངའི་དྲུད་དུ་དམ་བཅའ་མཛོད། དེ་ལྟར་ལགས་པས་ང་བློས་ཐོངས་ལ་སངས་རྒྱས་ཀྱིབསྟན་པ་ལ་སོམས་ཤིགགསུངས། དེ་ལྟར་ཁུ་བོ་དེ་ལུས་ཀྱི་སྟོབས་ཤོར། གསུང་གི་གདངས་ཆག ཤིན་ཏུ་ཉམ་ཐག་པར་གྱུར་ནའང་། ད་དུང་བོད་ཀྱི་སེམས་ཅན་དང་། སངས་རྒྱས་ཀྱི་བསྟན་པ། ཇོ་བོ་འབའ་ཞིག་ཐུགས་ལ་བཅངས་པའི་སྙིང་སྟོབས་ལ་ཡིད་ཆེས་ཏེ་འབྲལ་མི་ཕོད་བཞིན་དུ་ཕྱིར་བྱོན་ནོ།། དེ་ནས་རིང་བོར་མ་ལོན་པར་སེམས་བསྐྱེད་རླབས་པོ་ཆེའི་ཐུགས་སྨོན་མཚམས་སྦྱོར་དང་བཅས་དགུང་ལོ་བདུན་ཅུའི་ཡས་མས་སུ་སྐུ་གཤེགས། རྗེས་སུ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་སྐུ་གདུང་དེ་ཐོག་མར་མཐོ་ལྡིང་གསེར་གྱི་ལྷ་ཁང་དུ་གདན་དྲངས་ནས་གདུང་རྟེན་དང་བཅས་ཏེ་བཞུགས་སུ་གསོལ། ཇོ་བོ་རྗེ་མཐོ་ལྡིང་ལྷ་ཁང་དུ་བཞུགས་སྐབས་ཐུགས་སྨོན་མཚམས་སྦྱོར་དང་རབ་གནས་མང་བོ་མཛད། རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་གིར་བོད་སྡེ་གཟར་སྐབས་གོར་ཥས་བོད་ལ་བཙན་འཛུལ་བྱས་ཏེ་དགོན་པ་ལྷ་ཁང་མང་བོ་གཏོར་ནས་སྐུ་གདུང་དེ་ཡང་རྫོང་དགའ་ཆོས་སྡེ་ནས་གྱར་སྐབས་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་རྩེ་ཕོ་བྲང་དུ་གདན་དྲངས་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་གསེར་གདུང་༼བཀྲ་ཤིས་འོད་འབར༽གྱི་གཡས་ཕྱོགས་སུ་བཞུགས་སུ་གསོལ། སྐུ་ཕྲེང་བཅུ་གསུམ་པའི་སྐབས་སྐུ་གདུང་དེར་དངུལ་ལ་གསེར་སྦྱང་གི་སྒོ་ཁྱིམ་ཅན་གསར་སྐྲུན་ཉམས་གསོ་མཛད་དེ་ད་ལྟར་ཡང་ཕོ་བྲང་པོ་ཏ་ལར་བཞུགས་བཞིན་ཡོད།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ།  ནགས་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས། ལྔ་བ།   སྤེལ་མཁན།: འཇམ་དབྱངས་ཡོན་ཏན། སྤེལ་དུས:2017/6/23
ཁུ་ཡེ་ཤེས་འོད། ཁྱེད་ཉིད་འཇིགས་པ་ཆེ་ཤོས་ནི་མི་ཤི་རྟ་བསྒྱེལ་ལ་ཡིན་ན། ཁྱེད་མི་མ་ཡིན་ནམ། ཡེ་ཤེས་འོད། སྐུ་ལུས་གསེར་དུ་འགྱུར་བའི་གཟི་འོད་དེ་ཡང་ཡང་གསལ་དུས་ཡང་ཡང་དྲན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23557426
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།