རེག་དུག་དང་ཨེ་ཙིའི་སྔོན་འགོག་བརྗོད་པའི་ཁག་རྗེས་མ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 14 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »རེག་དུག་དང་ཨེ་ཙིའི་སྔོན་འགོག་བརྗོད་པའི་ཁག་རྗེས་མ།
རེག་དུག་དང་ཨེ་ཙིའི་སྔོན་འགོག་བརྗོད་པའི་ཁག་རྗེས་མ།
རྩོམ་སྒྲིག་པ།  ཨ་བུ་འབྲོང་། སྤེལ་དུས 2017-06-19ལྟ་ཀློག (3376)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རེག་དུག་དང་ཨེ་ཙིའི་སྔོན་འགོག་བརྗོད་པའི་ཁག་རྗེས་མ།

 

ཧྲོང་བོ་ཚེ་བརྟན་རྒྱལ།

གཅིག   བླ་ཆེན་དང་དགེ་བའི་བཤེས་གཉེན་རྣམ་པས་དུ་བ་དང་ཆང་གཅོད་དུ་འཇུག་པ་བཞིན་དུ་དད་ལྡན་མི་མང་ལ་འོས་མིན་གྱི་འཁྲིག་སྤྱོད་གཅོད་དུ་བཅུག་ན་ལེགས།

  དེ་ཡང་ཚང་མས་ཤེས་གསལ་ལྟར་དུ་བོད་མ་ཎི་ཕྲེང་འཛིན་གྱི་ལུང་བ་འདི་ནི་ཆོས་ས་ཆོས་ཡུལ་ཡིན་ཞེས་ཆོས་ལུགས་ལ་དད་པ་བྱེད་མཁན་རྐྱང་རྐྱང་ཡིན་པས།སྤྲུལ་སྐུ་དང་གནམ་སའི་ཁ་ཁེབས་ལྟ་བུའི་བླ་མ་བླ་ཆེན།ཡང་ན་དགེ་བའི་བཤེས་གཉེན་གསེར་ནག་གི་རི་འདྲ་བ་ཞིག་གི་གསུངས་མི་བརྩི་བ་དང་བཀའ་ལ་མི་ཉན་མཁན་ཤིན་ཏུ་ཉུང་ཉུང་ཡིན།དེ་བས་བོད་ཀྱི་ས་ཆ་སོ་སོའི་བླ་ཆེན་དང་སྤྲུལ་སྐུ།དགེ་བཤེས་རྣམ་པས་ཀྱང་ཆོས་འཁོར་སྐོར་བ་དང་དབང་བཀའ་ཆོས་ཀྱི་སྐབས་གཙོ་བོར་བཟུང་སྟེ།རྒྱ་ཆེ་བའི་བོད་པ་དད་ལྡན་མི་མང་སྐྱེས་ཕོ་མོ་གཉིས་ཀར་ཆོས་བཤད་ཀྱི་ཞོར་དུ།དེང་དུས་ཀྱི་འགོས་ནད་ཚབས་ཆེན་ཨེ་ཙི་དང་རེག་དུག་སོགས་ཀྱི་ཉེན་ཁའི་ཚབས་ཆེན་རང་བཞིན་གྱི་སྐོར་ནན་ནན་ཏན་ཏན་དང་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་ངང་ནས་གསུངས་ཏེ།འགོས་རིམས་འདི་ལ་སྔོན་འགོག་བྱ་དགོས་པའི་གལ་ཆེན་རང་བཞིན་སྐོར་དང་།དེ་ལ་སྔོན་འགོག་བྱས་ན་རང་ཉིད་དང་བུ་ཕྲུག་སོགས་ལ་བདེ་ཐང་འབྱུང་ཞིང་འཚོ་བ་བདེ་སྐྱིད་ལྡན་པ་དང་།དེ་ལ་དོགས་ཟོན་དང་འཛེམས་སྣང་མ་བྱས་པར་འགོས་ན་མི་རང་རང་དང་བཟའ་ཟླ།བུ་ཕྲུག་བཅས་ཀྱི་ལུས་ལ་མི་འདོད་པའི་ན་ཚ་གདུག་པ་ཅན་ཨེ་ཙི་སོགས་འབྱུང་ཞིང་།དེ་ལས་ཀྱང་གལ་ཏེ་ཨེ་ཙི་བྱུང་བ་ཡིན་ན་དེ་ནི་འབྲས་བུ་སྲོག་གཅོད་ཀྱི་ནད་དགུ་ལྟ་བུ་ཡིན་པས་ན་དེ་ལ་བཅོས་ཐབས་མེད་པ།དེ་ལྟ་བུའི་ནད་ཅིག་བྱུང་བ་ཡིན་ན་མི་རང་ཉིད་དང་དགའ་རོགས།བཟའ་ཟླ།བུ་ཕྲུག་བཅས་ལ་བདེ་ཐང་དང་བདེ་སྐྱིད་ཅེས་པ་ཞིག་མེད་པར་ཐ་མར་མི་འདོད་པའི་མྱ་ངན་དང་སྡུག་བསྔལ་དྲག་པོས་མནར་བར་འགྱུར་བ་བཅས་གསལ་པོར་གསུངས་དགོས་པར་འདུག་པ་མ་ཟད།གོ་སྐབས་འདི་དམ་འཛིན་བྱས་ནས་དད་ལྡན་སྐྱེས་ཕོ་མོ་གཉིས་ཀར་བཟའ་ཟླ་དང་།མི་རྐྱང་ཡིན་ན་གཏན་འཁེལ་གྱི་དགའ་རོགས་ལས་གཞན་པར་འོས་མིན་གྱི་འཁྲིག་པ་སྤྱོད་པ་གཅོད་དགོས་པར་སྐུལ་སློངས་ཡང་ཡང་བྱས་ནས་དེའི་ཕྱོགས་ལ་ཤུགས་ཆེར་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་མ་ཡིན་ནམ།གནའ་ནས་ད་ལྟའི་བར་དུ་བོད་ཁུལ་གྱི་ས་ཆ་སོ་སོར་སྐྱེས་པ་རྣམས་ཀྱིས་ཆང་འཐུང་བ་དང་དུ་བ་འཐེན་པ་གཉིས་བླ་མ་དང་དགེ་བའི་བཤེས་གཉེན་གྱི་མདུན་ནས་དམ་བཅའ་བཞག་སྟེ་གཅོད་པ་ལྟར་དུ།ད་ནས་བཟུང་བོད་པ་སྐྱེས་ཕོ་མོ་གཉིས་ཀས་རང་རང་གི་བཟའ་ཟླ་དང་།མི་ཧྲེང་ཡིན་ན་གཏན་འཁེལ་གྱི་དགའ་རོགས་ལས་གཞན་པའི་མི་དང་འཁྲིག་པ་མི་སྤྱོད་ཅེས་དམ་བཅའ་བཞག་སྟེ་བཅད་ན་ཧ་ཅང་ལེགས་པོ་རེད།དེང་དུས་དུ་ཆང་ལས་ཀྱང་ཉེན་ཁ་ཆེ་བ་དང་གདུག་པ་ཅན་ནི་འགོས་རིམས་མ་རུང་བ་ཨེ་ཙི་གཙོ་བྱས་པའི་རེག་དུག་སོགས་ཡིན་པ་ཁ་གསལ་མངོན་གསལ་མ་ཡིན་ནམ།དེས་ན་འདི་འདྲའི་འོས་མིན་གྱི་འཁྲིག་སྤྱོད་གཅོད་པའི་ཁ་ཏ་སློབ་གསོ་དང་སྐུལ་སློང་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་མཛད་པའི་དཔེ་སྲོལ་བཟང་པོ་ཞིག་ཆགས་པར་མཛད་རྒྱུ་དང་།དེའི་འཕྲོ་རུ་མི་སྐྱ་སྐྱེས་ཕོ་མོ་གཉིས་ཀས་ཀྱང་བཟའ་ཟླ་དང་གཉེན་སྒྲིག་ལ་ཉེ་བའི་གཏན་འཁེལ་གྱི་དགའ་རོགས་སོགས་ལས།གཞན་པའི་མི་ཆ་རྒྱུས་ཡོད་མེད་གཉིས་ཀར་ཉལ་བོ་མི་སྤྱོད་པའི་དམ་བཅའ་ཕུལ་ནས་དེ་ལ་དོགས་ཟོན་ལེགས་པོ་བྱ་བའི་གོམས་གཤིས་བཟང་པོ་ཞིག་ལོབས་སུ་འཇུག་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་འདུག་པ་རེད།འདི་ལྟར་བྱུང་བ་ཡིན་ན་རྗེས་ཕྱོགས་སུ་བོད་ཁུལ་གྱི་ས་ཆ་སོ་སོར་ཨེ་ཙི་དང་རེག་དུག་སོགས་མཚན་མའི་འགོས་རིམས་གདུག་པ་ཅན་ལ་གཞོལ་བའི་གོ་སྐབས་ཧ་ཅང་ལེགས་པོ་འདུག་པ་དང་།ཁྱིམ་ཚང་བདེ་མིན་དང་འཚོ་བ་སྐྱིད་མིན།བཟའ་ཟླ་བུ་ཕྲུག་རང་ཉིད་བཅས་ལ་ནད་མེད་བདེ་ཐང་འབྱུང་མིན་བཅས་ནི་འདི་འདྲའི་བྱ་སྤྱོད་འདོར་མིན་ལ་རག་ལས་པས་ཀུན་གྱིས་སེམས་ལ་འཛིན་རྒྱུ་གལ་ཆེའོ།།

གཉིས།     སྡེ་དཔོན་དང་སྡེ་བའི་རྒད་པོ་གཙོ་བོ་དག་གིས་ཀྱང་སྡེ་མི་ལ་དུ་བ་དང་ཆང་གཅོད་དུ་འཇུག་པ་བཞིན་འོས་མིན་གྱི་འཁྲིག་སྤྱོད་གཅོད་དུ་བཅུག་ན་བཟང་།

   བོད་ཁུལ་གྱི་ཡུལ་ལུང་སོ་སོའི་ཚོ་བ་མི་འདྲ་བའི་ཚོ་དཔོན་དང་།སྤྱི་ཚོགས་རྙིང་བའི་དཔོན་ཕྲུག   དུས་རབས་གསར་བའི་སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན།རུ་གཙོ།རྩིས་གཉེར་བ།ད་དུང་སྡེ་བའི་ཕ་ཨ་ཁུ་སྟག་འདྲ་གཟིག་འདྲ་རྣམས་ཀྱིས་མཚོན་པའི་ཁ་ཆེན་དབང་ཆེན་ཚོས་ཀྱང་སྡེ་བའི་ལོ་སར་སྟངས་དང་།སྡེར་ཀ་སྒྲིག་སྲོལ།གཤིན་པོ་ལ་འདུན་བྱེད་ཚུལ།གཉེན་སྒྲིག་ལུགས།གཉེན་རྟགས་རྒྱག་སྟངས།རྟ་རྒྱུགས་བྱེད་སྟངས།དེ་ལ་བྱ་དགའ་སྟེར་ཚུལ།ཕ་སྐད་སློབ་སྦྱོང་།གླུ་ལེན་སྟངས་སོགས་མདོར་ན་ཕ་མེས་ཀྱི་ལུགས་སྲོལ་ཡིན་ན་ཡང་དེང་དུས་དང་མཐུན་ན་རྒྱུན་འཛིན་དང་།མི་མཐུན་པར་སྙིགས་འདོར་བཅུད་ལེན་བྱེད་པ།ཕན་ཁེ་ཅན་གྱི་དཔེ་དང་ལུགས་སྲོལ་བསྡུ་ལེན་བྱེད་ཀྱིན་པའི་དུས་ཚོད་འདི་ལྟ་བུ་ཞིག་ལ་མཚོན་ན།ཐམས་ཅད་ཀྱིས་རང་རང་ཡིན་ན་ཡང་འདྲ།བཟའ་ཟླ་ཡིན་ན་ཡང་འདྲ།བུ་ཕྲུག་ཡིན་ན་ཡང་འདྲ།གཉེན་སྡེབ་ལ་ཉེ་བའི་ཕོ་གཞོན་མོ་གཞོན་ཡིན་ན་ཡང་འདྲ།དེ་དག་གི་བདེ་ཐང་ལ་གནོད་པའི་ཨེ་ཙི་དང་རེག་དུག་སོགས་འགོ་བར་ཉེན་ཆེ་བའི་བོད་པའི་འཁྲིག་སྤྱོད་བྱེད་སྟངས་ཀྱི་གོམས་སྲོལ་རྙིང་བ་ཡིད་ལ་མ་དྲན་པ་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།དེ་ལ་བཅོས་བསྒྱུར་བྱ་བ་དང་སྒྲིག་ལམ་གསར་བ་ཞིག་བཅའ་མི་འདོད་པར་ལྟས་ངན་རང་གསང་བྱེད་པ་ནི་ཇི་འདྲའི་སེམས་ཕམ་པ་ཞིག་རེད་ཡ།ང་ཚོ་བོད་པ་རྣམས་ལ་མཚོན་ན་སྐྱེས་ཕོ་མོ་སུ་ཡིན་ཡང་།གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་ཤིང་།སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས།ཞེས་པའི་དཔེ་བཞིན་དུ་ཀུ་རེ་རྩེད་མཚར་ལ་དགའ་ཞིང་།གླུ་གར་རོལ་རྩེད་ལ་གོམས་པ།ཕོ་མོའི་བརྩེ་བར་དུང་བ་ཞིག་ཡིན་མོད།ཡིན་ན་ཡང་དེང་དུས་མཚན་མའི་འགོས་ནད་གདུག་པ་ཅན་ཨེ་ཙི་དང་རེག་དུག་སོགས་འཁྲིག་སྤྱོད་བརྒྱུད་ནས་འགོ་བར་ཉེན་ཁ་ཤིན་ཏུ་ཆེ་བའི་དུས་སྐབས་འདི་འདྲ་ཞིག་ལ་མཚོན་ན།ང་ཚོ་བོད་པ་རྣམས་ཀྱིས་ཀྱང་དེ་ལ་དོགས་ཟོན་དང་སྔོན་འགོག     སྔར་གྱི་བྱ་སྤྱོད་ལ་མཉམ་འཇོག   བཅོས་བསྒྱུར་བཅས་བྱ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་མ་ཡིན་ནམ།དེ་བས་ད་ནས་བཟུང་སྟེ་ཚོ་བ་སོ་སོའི་ཚོ་དཔོན་དང་།སྡེ་དཔོན།ཧྲུའུ་ཅི།རུ་གཙོ།ད་དུང་རྒད་པོ་བསམ་ཤེས་རྣམས་གཙོ་བྱས་ཏེ།སྡེ་བ་དང་ཚོ་བ་སོ་སོའི་སྐྱེས་ཕོ་མོ་ཁྱད་པར་དུ་ན་གཞོན་ཕོ་མོ་རྣམས་ཀྱིས་རང་རང་གི་བཟའ་ཟླ་ལས་མི་གཞན་པར་གང་བྱུང་དུ་ཉལ་བོ་མི་སྤྱོད་པར་དམ་བཅའ་འབུལ་བའི་བྱ་འགུལ་གཟབ་ནན་ཞིག་སྤེལ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་གོ། འདི་ནི་སྡེ་བ་ཚོ་བ་ཞིག་ལ་མཚོན་ན་གལ་ཆེན་པོ་ཞིག་མ་ཡིན་ནམ།ཁྱིམ་ཚང་འགྲིག་གོ་སྐྱིད་པོ།བཟའ་ཚང་ནད་མེད་བདེ་ཐང་།བུ་ཕྲུག་ཚེ་རིང་ལོ་བརྒྱ་ཞིག་ཡོང་འདོད་ན།བཟའ་ཟླ་ལས་མི་གཞན་པར་ཉལ་པོ་སྤྱོད་པ་དང་དགའ་རོགས་མང་པོ་སྒྲིག་པ།སྨད་འཚོང་མ་བསྟེན་པ།སྨད་འཚོང་རྒྱག་པ་སོགས་ཀྱི་བྱ་སྤྱོད་ལ་མཉམ་འཇོག་དང་དོགས་ཟོན་བཅོས་བསྒྱུར་བཅས་བྱ་དགོས་པ་མ་ཟད།འདི་དག་བསྒྱུར་བ་དང་འོས་མིན་གྱི་བྱ་སྤྱོད་གཅོད་པའི་དམ་བཅའ་འབུལ་བའི་ལུགས་སྲོལ་གསར་བ་ཞིག་ག་ས་གང་དུ་ཁྱབ་བརྡལ་དུ་འགྲོ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས།སྡེ་དཔོན་སོགས་ཀྱིས་འདི་ལ་འགོ་འཛིན་བྱེད་པ་དང་མི་མང་གིས་དེ་ལ་རྒྱབ་སྐྱོར་བྱས་ནས།ནད་ངན་ཨེ་ཙི་དང་རེག་དུག་སོགས་ཀྱིས་ཕ་མ་རང་ཉིད་དང་བུ་རབས་ཚ་རྒྱུད་ལ་གནོད་པ་མི་ཐེབས་པར་བྱ་རྒྱུ་ནི་ཕྲན་གྱི་རེ་སྨོན་ནོ། །

གསུམ།  ཨེ་ཙི་དང་རེག་དུག་འགོ་མིན་ཡང་ལས་དབང་རེད་ཅེས་པ་ནི་མ་ཤེས་པའི་བླུན་རྟགས་ཁོ་ན་རེད།

   སྤྱིར་ང་ཚོ་ཚང་མས་ཤེས་གསལ་ལྟར་དུ་བོད་ཅེས་པའི་རང་མི་རིགས་འདི་ནི་མི་ཤི་རྟ་འགྱེལ་སོགས་ཆག་སྒོ་ཚབས་ཆེན་ཅི་ཞིག་བྱུང་ཡང་དེ་ལས་དབང་རེད།ཅེས་ལས་དབང་ལ་ངན་ཁག་དཀྲི་བ་དང་ལས་དབང་ལ་ཁ་གཡོར་བའི་མི་རིགས་ཤིག་ཡིན་པ་ནི་བསྙོན་དུ་མེད་པ་དང་།གནའ་ནས་ད་ལྟའི་བར་དུ་དེ་ལྟར་ཡིན་མོད།ཡིན་ན་ཡང་།དེང་གི་དུས་སུའང་ནད་ངན་ཨེ་ཙི་དང་རེག་དུག་སོགས་ལ་རྒྱུས་ལོན་དང་སྔོན་འགོག་མི་བྱེད་པ་དང་།དེ་ལ་དོགས་ཟོན་དང་མཉམ་འཇོག་མི་བྱེད་པར་དེ་རང་ལ་འགོ་མིན་ཡང་ལས་དབང་ལ་རག་ལས་པ་རེད།ཅེས་བག་ལྷོད་པོ་དང་སྙིང་དཔའ་དཔའ་དང་སྒྱིད་ལུག་གི་ངང་དུ་སྡོད་པ་ནི་དངོས་གནས་མ་ཤེས་པར་རང་མགོ་རང་གིས་གཡོགས་པའི་བླུན་རྟགས་འབའ་ཞིག་ལས་མ་འདས་པ་རེད།རྒྱུ་མཚན་ནི་ཨེ་ཙི་དང་རེག་དུག་སོགས་ནི་ཐོག་མ་ཉིད་ནས་སྔོན་འགོག་དང་འཛེམས་དོགས་ལེགས་པོ་བྱས་ཚེ་མི་འགོ་བ་དང་།དེའི་ཉེན་ཁ་ལས་ཐར་ཐུབ་ཅིང་གཡོལ་ནུས་པ་ནི་ང་ཚོ་ཚང་མས་ཤེས་གསལ་བཞིན་མ་ཡིན་ནམ། དེས་ན་དེའང་སྔོན་ལས་རེད། ལས་དབང་རེད་ཅེས་ནག་འཐོམ་མེར་སྔོན་འགོག་ཙམ་ཡང་མེད་པར་བསྡད་ན་གང་ནས་རུང་ངམ།དེང་དུས་ཏང་ཀྲུང་དབྱང་གི་བཀའ་བཀོད་བཞིན་ས་གནས་མི་དམངས་སྲིད་གཞུང་གིས་ཀྱང་ཨེ་ཙི་དང་རེག་དུག་སོགས་སྔོན་འགོག་བྱ་ཐབས་ཀྱི་འབྲེལ་ཡོད་ཡིག་ཆ་མང་པོ་བཀྲམ་དང་བཀྲམས་ཀྱིན་འདུག་པ་དང་།དེའི་སྐོར་གྱི་ཤེས་བྱ་མང་པོ་བསྒྲག་དང་བསྒྲགས་ཀྱིན་པའང་དེ་ལ་སྔོན་འགོག་བྱ་ཐབས་ཡོད་པའི་རྟགས་མཚན་མ་ཡིན་ནམ།དེ་ལ་གཞོལ་ཐབས་ཡོད་པའི་འབོད་པ་མ་ཡིན་ནམ།གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་སོགས་ཀྱིས་ཨེ་ཙི་སྔོན་འགོག་གི་གསུངས་བཤད་གནང་བཞིན་པའང་དེ་ལས་དབང་ཁོ་ན་མ་ཡིན་པར་འགོག་ཐབས་ལྡན་པ་ར་སྤྲོད་བྱེད་ཀྱིན་པ་མ་ཡིན་ནམ།སྐུ་ཞབས་ཆོས་དཔལ་བཟང་པོ་སོགས་ཀྱིས་ཨེ་འགོག་གི་ལེ་དབར་ཁྲི་ཁྲག་བརྒལ་ནས་དེའི་འབྲེལ་ཡོད་ཤེས་བྱ་ཁྱབ་སྤེལ་བྱེད་བཞིན་པའང་དེ་ལ་སྐྱོབས་ཐབས་ཡོད་པའི་དཔེ་མཚོན་མ་ཡིན་ནམ།རང་རེ་བོད་ལུགས་གསོ་རིག་གི་དཔལ་ལྡན་རྒྱུད་བཞི་རུའང་ནད་སྔོན་འགོག་བྱ་དགོས་པའི་སྐོར་མང་དུ་གསུངས་ཡོད་དེ།ཐ་མལ་ནད་མེད་ཀྱི་སྐབས་སུ་ཇི་སྐད་དུ།སྟོན་པས་གསུངས་པ།ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ། རྣམ་པར་མ་གྱུར་ཐ་མལ་ལུས་པོ་ལ།།མི་ན་གནས་དང་རིང་དུ་འཚོ་བར་བྱ།།དང་པོར་མི་ན་གནས་པར་བྱ་བ་ནི།།ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་འབྱུང་།།རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད།།དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ།།ཞེས་པ་དང་།རྒྱུད་ཀྱི་ཀླུ་གདོན་གསོ་བའི་ལེའུར།ཟས་སྐོམ་སྤྱོད་ལམ་གནས་མལ་གོས་ལ་སོགས།།དྲི་དང་རེག་པས་འགོས་ཕྱིར་བསྲུང་བ་གཅེས།།ཅེས་པ་སོགས་ལས།ལུས་ཀྱི་བདེ་ཐང་ལ་གནོད་པ་ནི་འགོས་ནད་སོགས་ཡིན་པས་ན་དེ་སྔོན་འགོག་དང་དེ་ལ་དོགས་ཟོན་བྱ་དགོས་པའི་གལ་ཆེན་རང་བཞིན་ཁ་གསལ་མངོན་གསལ་དུ་གསུངས་འདུག་པ་ལས། རྗེ་གཡུ་ཐོག་པས་ཀྱང་ཀླུ་གདོན་སོགས་འགོས་རིམས་ཀྱི་སྐོར་གཞན་དབང་སྔོན་ལས་ཀྱི་ནད་རེད་ཅེས་བསྟན་མི་འདུག་ལ། དེ་འགོ་མིན་ལས་དབང་རེད་ཟེར་བ་ཞིག་ལར་ནས་མཐོང་རྒྱུ་མི་འདུག་པས་ན། འུ་ཅག་གིས་དེང་དུས་ཀྱི་འགོས་རིམས་ཨེ་ཙི་སོགས་འགོ་མིན་ལས་དབང་ལ་བཅོལ་ནས་སྔོན་འགོག་མི་བྱེད་པ་ནི་ས་ཕྱར་ན་རྡོ་ལྷང་ལ་བུད་པའི་དཔེ་ལྟར་བླུན་རྟགས་དམར་རྗེན་དུ་མཐོང་བ་མ་ཡིན་ནམ། བོད་ཀྱི་ལོ་རྒྱུས་སུའང་།འགོས་རིམས་ལ་འཛེམས་དོགས་བྱས་པ་མཐོང་རྒྱུ་འདུག་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། རྒྱལ་རབས་སུམ་ཅུ་བ་རྒྱལ་པོ་འབྲོང་གཉན་ལྡེའུ་ལའང་འགོས་རིམས་གདུག་པ་ཅན་ཆུ་སེར་ནག་པོས་བསྐྱེད་པའི་མཛེ་ནད་བྱུང་ཚུལ་བསྟན་ཡོད་དེ།དེ་ནས་རྒྱལ་པོ་འབྲོང་གཉན་ལྡེ་རུ་སྟེ།།རྟོག་པའི་ནད་ཀྱིས་སྐུ་ལ་སྙུན་མཛེ་བྱུང་།།ཞེས་གསུངས་པ་དང་།ཡང་དེ་རུ།ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་སྙུན་མི་འབྱུང་བའི་ཕྱིར་གསོན་པོར་དུར་དུ་ཞུགས།ཞེས་པ་སོགས་ལས་སྔ་མོ་བོད་བཙན་པོའི་དུས་ནས་བཟུང་བོད་ཀྱིས་འགོས་རིམས་ལ་སྔོན་འགོག་དང་རྒྱུས་ལོན་བྱུང་ནས་དེ་ལ་འཛེམས་དོགས་བྱས་པ་ཧ་ཅང་གསལ་པོ་ཡིན་པས་ན།  ང་ཚོས་དེང་དུས་ཀྱང་མེས་པོ་གོང་མའི་ལུགས་སྲོལ་བཟང་པོར་ཁ་མིག་ཡར་ལྟ་དང་སློབ་སྦྱོང་མི་བྱེད་པར་ཨེ་ཙི་སོགས་འགོས་སོང་ན་ལས་དབང་རེད་ཅེས་ཨུ་ཚུགས་ཀྱིས་འདུག་ག་ལ་རུང་། དེ་བས་ཁོ་བོས་ཨེ་ཙི་དང་རེག་དུག་སོགས་ལ་སྔོན་འགོག་མི་བྱེད་པར་དེ་འགོ་མིན་ལས་དབང་རེད་ཟེར་བ་ནི་བླུན་རྟགས་ཤིག་རེད་ཅེས་ཤ་ཚ་ཚས་བཤད་འདོད་པ་ཡིན།  དེས་ན་ལས་དབང་ལས་བྱུང་བའི་ནད་གང་རེད་ཅེ་ན།དེ་ནི་སྔོན་འགོག་བྱ་ཐབས་བྲལ་བའི་དེང་དུས་ལ་ལས་གཉན་སྐྲན་ཟེར་བ་དང་།འགའ་ཤས་ཀྱིས་འབྲས་སྐྲན་ཞེས་འབོད་པ།སྐོར་ཞིག་གིས་སྐྲན་རོ་ནག་པོར་འབོད་པའི་ནུབ་ལུགས་གསོ་རིག་གིས“癌症”ཞེས་པ་ལྟ་བུ་ཡིན་པ་རེད།  འདི་ནི་རང་རེའི་དཔལ་ལྡན་རྒྱུད་དུ་གཞན་དབང་སྔོན་ལས་ནད་བརྒྱ་རྩ་གཅིག་ཅེས་པའི་ཁོངས་གཏོགས་ཡིན་པ་དང་།འཚོ་བ་གསུམ་ཟད་འདུ་བ་གཤེད་དུ་བབས།།སྦྱོར་བ་མཚུངས་དང་གནད་དུ་བབས་པ་དང་།།དུས་འདས་རླུང་ནད་སྲོག་རྟེན་ཆད་པ་དང་།།ཚ་བ་ལ་འདས་གྲང་བ་གཏིང་འཁར་བ།།ཟུངས་ཀྱིས་མི་ཐུབ་རྣམ་པར་འཚེ་བ་རྣམས།།འབྲས་བུ་སྲོག་གཅོད་ནད་དགུ་ཞེས་སུ་བཤད།།ཅེས་པའི་འབྲས་བུ་སྲོག་གཅོད་ཀྱི་ནད་ལྟ་བུའང་གཞན་དབང་སྔོན་ལས་ཀྱི་ནད་ཅེས་ན་ཆོག་པར་སྙམ། གཞན་དབང་སྔོན་ལས་ཀྱི་ནད་ཡིན་ན་དེ་ལས་དབང་རེད་ཅེས་འདུག་པ་ལས་ཐབས་ཅི་ཡང་ཧ་ཅང་དཀོན་པོ་རེད། ཡིན་ན་ཡང་། ཨེ་ཙི་དང་རེག་དུག་སོགས་ནི་སྔ་མོ་ནས་སྔོན་འགོག་བྱས་ན་མི་འགོ་བས་དེ་ལ་འགོ་མི་འགོ་ལས་དབང་རེད་ཅེས་བསྡད་ན་ནོར་འཁྲུལ་ཆེན་པོ་རེད།   འོན་ཀྱང་སྔོན་འགོག་མ་བྱས་པར་ཨེ་ཙི་འགོས་ཚར་བ་ཡིན་ན་དེ་ནི་ད་གཟོད་ལས་དབང་གི་ནད་དུ་རྩི་བ་ལས་དེ་ལ་བཅོས་ཐབས་བྲལ་བས་སྐྱོབས་ཐབས་མེད་པ་རེད།  དེ་ནི་ད་གཟོད་འབྲས་བུ་སྲོག་གཅོད་ཀྱི་ནད་དུ་འགྱུར་འགྲོ་བས་གཞན་དབང་སྔོན་ལས་ཀྱི་ནད་དུ་འབོད་པ་ལས་བྱ་ཐབས་དབེན།དེ་བས་ཨེ་ཙི་དང་རེག་དུག་སོགས་ཐོག་མ་ནས་ལས་དབང་གི་ནད་དུ་ངོས་མི་འཛིན་པར་དེ་ལ་སྔོན་འགོག་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ། །

བཞི།   བོད་ཀྱི་ཡུལ་ལུང་སོ་སོའི་ཟ་ཁང་གི་ཇ་མ་རྣམས་ལ་ཡང་ཨེ་ཙི་དང་རེག་དུག་ཡོད་མེད་བརྟག་བཤེར་ཞིབ་མོ་བྱ་དགོས།

  ང་ཚོས་ཤེས་གསལ་ལྟར་དུ་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོར་སྒེར་གཉེར་གྱི་ཟ་ཁང་ཤིན་ཏུ་མང་པོ་ཞིག་མཆིས་པ་རེད།དེ་ལས་མང་པོ་ཞིག་ཁ་ཆེ་བ་དང་རྒྱ་རིགས་ཡིན་པ་དང་།ཉུང་ཤས་ཤིག་བོད་པ་རང་ཉིད་ཀྱིས་གཉེར་གྱིན་པའང་ཡོད།དེ་བས་ཟ་ཁང་དུ་ཟས་ཀྱི་གཡོས་སྦྱོར་བྱེད་མཁན་གྱི་ལག་རྩལ་མི་སྣ་སྟེ།ཇ་མ་མ་ཆེན་འདི་དག་ལ་ཨེ་ཙི་དང་རེག་དུག་གི་འགོས་རིམས་མེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པས།འགོས་རིམས་ཡོད་མེད་ལ་བརྟག་བཤེར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན།གལ་ཏེ་ཟ་ཁང་གི་ཇ་མ་ཞིག་ལ་ཨེ་ཙིའམ་ཡང་ན་རེག་དུག་གི་ནད་ཡོད་པ་ཡིན་ན།དེས་ཟ་མ་གཡོས་སྦྱོར་བྱེད་པའི་སྐབས་སུ་སྟབས་མ་ལེགས་པར་ལག་པའམ་ཡང་ན་མཛུབ་མོ་གང་རུང་ཞིག་གྲིས་བཅད་པ་དང་།གྲིས་རྨས་པའི་རྨ་ཁ་ལས་བརྡོལ་བའི་ཁྲག་དེ་ཟ་མའི་ནང་དུ་ཟགས་པའམ་ཡང་ན་ཇ་མས་ཟ་མ་ཟ་མཁན་གྱི་འགྲུལ་བའི་དཀར་ཡོལ་གྱི་ངོས་སུ་ཁྲག་བསྒོས་པ་ཡིན་ན།ནད་དུག་ཅན་གྱི་ཁྲག་ངན་དེ་ཤེས་མེད་ཚོར་མེད་དུ་ཟ་མའམ་དཀར་ཡོལ་གང་རུང་བརྒྱུད་ནས་ཟ་མ་ཟ་མཁན་དེ་ལ་འགོ་སྲིད་པ་མ་ཡིན་ནམ།དེའང་ཟ་མ་དང་མཉམ་དུ་ཁོང་དུ་སོང་ནས་འགོ་བ་དང་།ཡང་ན་ལག་པའི་རྨ་ཁ་སོགས་ལས་ལུས་ལ་སིམ་ནས་འགོ་བ་ཡིན།དེའི་མ་ཟད་ནད་ཁྲག་དེ་ཟ་མ་ཟ་མཁན་གྱི་ལག་པར་རེག་པ་ཙམ་གྱིས་ཀྱང་བ་སྤུའི་བུ་ག་བརྒྱུད་དེ་རིམ་བཞིན་འགོ་བ་ཡིན་ཏེ།གསོ་རིག་རྒྱུད་བཞི་ལས།པགས་ལ་གྲམ་ཤིང་ཤ་ལ་རྒྱས་པ་དང་།།རྩ་རུ་རྒྱུ་ཞིང་རུས་ལ་ཞེན་པ་དང་།།དོན་ལ་འབབ་ཅིང་སྣོད་དུ་ལྷུང་བར་འགྱུར།། ཞེས་པ་ལྟར་དུ་རིམས་དེ་རིམ་བཞིན་འགོ་བ་ཡིན་ནོ།།རྒྱུ་མཚན་དེའི་དབང་གིས་ཇ་མ་རྣམས་ཀྱིས་ཀྱང་རང་ཉིད་ཕྱོགས་ཡར་མར་གྱི་འགྲུལ་བ་འཛད་སྤྱོད་པ་མང་པོར་ཟ་མ་གཡོས་སྦྱོར་བྱེད་མཁན་ཡིན་པའི་འོས་འགན་ཕྲག་ཏུ་བླངས་ནས།དེ་དག་ལ་ནད་ངན་ཨེ་ཙི་སོགས་བསྒོ་མི་ཉན་པའི་འདུ་ཤེས་སེམས་སུ་ཉར་ཏེ།རང་རྟོགས་སྒོས་ས་གནས་ཀྱི་ཚད་ལྡན་སྨན་ཁང་དུ་སོང་ནས་ཨེ་ཙི་དང་རེག་དུག་སོགས་འགོས་ནད་ཡོད་མེད་ལ་བརྟག་བཤེར་ནན་ཏན་བྱ་རྒྱུ་ནི་གལ་ཆེ་བ་ཡིན།དེ་ལས་རང་ཉིད་ལ་ཨེ་ཙི་སོགས་མེད་པར་བདེ་ཐང་ཡིན་ན་མུ་མཐུད་དུ་ཟ་ཁང་དུ་ཇ་མ་བྱས་ཆོག་པ་དང་།གལ་ཏེ་ཨེ་ཙིའམ་རེག་དུག་ཡོད་པའི་དབང་དུ་བཏང་ཚེ་ཐ་མལ་ནད་མེད་ཀྱི་མི་གཞན་ལ་མི་བསྒོ་བའི་ཕྱིར་ཇ་མའི་ལས་ཀ་གཉེར་མི་ཉན་པ་རེད།དེང་དུས་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་འཕྲོད་སྟེན་ལྟ་རྟོག་ཅུས་ཀྱང་ཟ་ཁང་གི་ཇ་མ་རྣམས་ལ་འགོས་ནད་ཡོད་མེད་བརྟག་དཔྱད་བྱ་རུ་འཇུག་གྱིན་པ་འདི་ནི་ཤིན་ཏུ་ལེགས་པས།འདི་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུས་ཏེ་དེའི་ཕྱོགས་ལ་ཤུགས་རྒྱག་རྒྱུ་ནི་མ་ཁུར་ཕྲག་བབས་ཀྱི་འོས་འགན་ཉག་གཅིག་གོ །

ལྔ།   སློབ་གྲྭའི་ཇ་མ་རྣམས་ལ་ཡང་ཨེ་ཙི་དང་རེག་དུག་ཡོད་མེད་བརྟག་དཔྱད་བྱ་དགོས།

   ད་ལྟ་ང་ཚོས་ཤེས་གསལ་ལྟར་བོད་མདོ་དབུས་ཁམས་གསུམ་གྱི་བྱིས་པ་མང་པོ་སློབ་གྲྭར་ཞུགས་ཡོད་པ་རེད།དཔེར་ན།ཁོ་བོའི་ཕ་ཡུལ་དར་མཚོ་རྫོང་ལ་མཚོན་ནས་བཤད་ན་ཡང་།སྔོན་དུས་ངེད་ཅག་གིས་དཔལ་ཁ་བཅའ་སྡོད་སློབ་གྲྭ་རུ་སློབ་སྦྱོང་བྱེད་དུས་དེ་རུ་སློབ་མ་ཁྱོན༡༣༠མ་གཏོགས་མེད་མོད།ད་ལྟ་དེ་རུ་སློབ་མ༡༠༠༠ལྷག་ཡོད་པ་རེད།དར་མཚོ་རྫོང་བོད་ཡིག་སློབ་འབྲིང་ལ་མཚོན་ན་ཡང་དེ་དུས་སློབ་མ༤༠༠ནས༥༠༠ཙམ་མ་གཏོགས་མེད་མོད།ད་ལྟ་མི་རིགས་སློབ་འབྲིང་གཉིས་བཙུགས་ཡོད་པ་དང་།སློབ་འབྲིང་རེ་རེར་ཡང་སློབ་མ་ཉུང་མཐར་ཡང་༡༠༠༠ ལྷག་ཡོད་པ་རེད།ད་དུང་རྫོང་ཆ་ཚང་སློབ་ཆུང་ལའང་སློབ་མ༡༠༠༠ལྷག་མཆིས། སྤྱིར་བཏང་སློབ་འབྲིང་ལའང་སློབ་འབྲིང་སློབ་མ་དང་སློབ་ཆུང་སློབ་མ་ཁྱོན༡༠༠༠ལྷག་འདུག་པ་རེད།དེ་བས་ད་ལྟ་འབྲོག་ཁུལ་ཡིན་ན་ཡང་ཁྱིམ་ཚང་གཅིག་ལ་བྱིས་པ་གསུམ་ཡོད་ན་གསུམ་པོ་སློབ་གྲྭར་ཞུགས་ཡོད་ལ།བཞི་ཡོད་ན་བཞི་བོ་སྒོབ་གྲྭར་བསྐྱལ་ཡོད་པ་རེད།དེ་ལས་རོང་ཁུལ་དང་མཁར་གྲོང་དུ་སྡོད་པའི་བོད་པ་ཕུད།ལམ་ཐག་རིང་བའི་འབྲོག་ཁུལ་ནས་ཀྱང་བྱིས་པ་ཕོ་མོ་མེད་པར་ཡོངས་སུ་སློབ་གྲྭར་ཞུགས་པ་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་ཡིན་མོད།ཡིན་ན་ཡང་།འདི་ལྟ་བུའི་སློབ་མ་མང་པོ་ཞིག་གིས་སློབ་གྲྭའི་ཟ་ཁང་གི་ཟ་མ་ཟ་བཞིན་ཡོད་པ་རེད།དེས་ན་སློབ་གྲྭའི་ཟ་ཁང་གི་ཇ་མ་རྣམས་ལ་ཨེ་ཙི་དང་རེག་དུག་སོགས་འགོས་རིམས་མེད་པར་བདེ་ཐང་ཡིན་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད།གལ་ཏེ་དེའི་ནང་གི་ཇ་མ་ཞིག་ལ་ཨེ་ཙིའམ་རེག་དུག་ཡོད་པ་ཡིན་ན། དེའི་ལག་པ་གྲིས་རྨས་པ་སོགས་ལས་སྟབས་མ་ལེགས་པར་ནད་དུག་ཅན་གྱི་ཁྲག་ངན་དེ་སློབ་མ་རྣམས་ཀྱི་ཟ་མའི་ནང་དུ་འདྲེས་པའམ་ཡང་ན་སློབ་མའི་དཀར་ཡོལ་གྱི་ངོས་སུ་འགོས་པ་ཡིན་ན། དེ་ནི་བྱིས་པའི་ཁོང་དུ་སོང་བ་ཡིན་ནའང་འདྲ། སློབ་མ་རྣམས་ཀྱི་ལག་པའི་རྨ་ཁར་སིམ་པ་ཡིན་ནའང་འདྲ། དེ་གས་གཅེས་ཕྲུག་ཆུང་ཆུང་མེ་ཏོག་འདྲ་བ་རྣམས་ལ་མི་འདོད་པའི་ནད་ངན་ཨེ་ཙི་དང་རེག་དུག་མི་འགོ་བའི་ངེས་པ་མེད་ལ། སློབ་མ་རྣམས་ལ་ཇ་མ་བརྒྱུད་ནས་ཨེ་ཙི་སོགས་འགོས་པ་ཡིན་ན། དེ་ནི་ཇི་འདྲའི་འཇིགས་ཡེར་བ་ཞིག་མ་ཡིན་ནམ། དེ་ཡི་མཇུག་འབྲས་ནི་ཇི་འདྲའི་འདང་རྒྱག་མི་ཕོད་པའི་ཆག་སྒོ་ཚབས་ཆེན་ཞིག་མ་ཡིན་ནམ།དེ་ལྟར་སློབ་གྲྭའི་ཇ་མ་ཞིག་གིས་སློབ་མ་རྣམས་ལ་ཨེ་ཙི་འགོས་སུ་བཅུག་པའི་དབང་དུ་བཏང་ན་དེ་ཡི་ཉེས་པ་གནམ་གྱིས་མི་ཁེབས་ཏེ། དྲིན་ཕ་མའི་གཅེས་ཕྲུག་ཅིག་གི་ལག་དམར་དུ་འགྱུར་བ་མ་ཡིན་ནམ། རྒྱལ་ཁབ་ཀྱི་མ་འོངས་བའི་རེ་ལྟོས་འཆའ་ས་ཞིག་བརླགས་སོང་བ་མ་ཡིན་ནམ། མི་རིགས་ཀྱི་མ་འོངས་བའི་བདག་པོ་ཞིག་མེ་ཏོག་སད་ཀྱིས་བཅོམ་པ་ལྟར་བྱས་སོང་བ་མ་ཡིན་ནམ།རྒྱུ་མཚན་དེ་འདྲ་ཡིན་པའི་སྟབས་ཀྱིས་སློབ་གྲྭའི་ཇ་མ་རྣམས་ལ་ཡང་ཨེ་ཙི་དང་རེག་དུག་ཡོད་མེད་ལོ་རེ་བཞིན་ཚད་ལྡན་སྨན་ཁང་དུ་སོང་ནས་བརྟག་བཤེར་ནན་མོ་བྱ་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད། འདའི་ཐད་ནས་རང་རེ་ས་ཁུལ་ལྟ་བུར་མཚོན་ན་སློབ་གྲྭའི་འགོ་གཙོ་དག་གིས་རྩ་འཛུགས་སྒོས། ས་གནས་འཕྲོད་བསྟེན་ལྟ་རྟོག་ཅུའུ་ཡི་བཀའ་ལྟར་སྨན་ཁང་དུ་སོང་ནས་ཁྲག་བཤེར་བྱེད་ཀྱིན་འདུག་པ་དང་།དེ་ལ་རྗེས་སུ་ཡི་རངས་སྙིང་ནས་ཞུའོ། །

 དྲུག  ཉལ་ཐུལ་དང་གདན་ཆས་ལས་ཨེ་ཙི་དང་རེག་དུག་འགོ་བར་འཛེམས་དགོས།

   སྔོན་དུས་འབྲོག་ཁུལ་ལ་མཚོན་ན་ཉལ་ཐུལ་མེད་པར་མཚན་མོའི་གྱོན་གོས་ཀྱང་ཉིན་མོར་གོན་པའི་སློག་པ་དང་ཚར་བུ་སོགས་ཡིན།དེ་ཡང་སློག་པ་སོགས་ལ་ཉིན་མོར་སྐེད་རགས་བཅིངས་ཏེ་གོན་པ་ན་ཉིན་མོའི་གྱོན་པ་ཡིན་ལ།མཚན་མོར་གདན་སོགས་ཀྱི་ཆ་རྐྱེན་དབེན་པའི་རི་མགོའི་བ་ཁ་ལྟ་བུར་མཚོན་ན།སློག་པ་སོགས་བོད་ལྭ་དེའི་སྐེད་རགས་བཤིག་ནས་ཡང་ཤོམ་བྱས་ཏེ་སྐེད་རགས་དང་བོད་ལྭའི་ཕུ་རུང་གཉིས་ཀ་སྔས་མགོ་བྱེད་པ་དང་།ཐོག་ཐུ་དང་འོག་ཐུ་གཉིས་ཀ་བསྣལ་ནས་འོག་ཏུ་བཏིངས་པ་ན་དེ་ནི་གདན་གྱི་ཚབ་ཡིན།འདི་ནི་བལྟས་ཚོད་ཀྱིས་ཐབས་རྡུགས་ཀྱི་རྣམ་པ་ཞིག་ཏུ་སྣང་མོད།ཡིན་ནའང་།ཉལ་ཐུལ་དང་གདན་ཆས་སྔས་མགོ་དང་ཉིན་མོའི་གྱོན་པ་སོགས་ཁ་ཁ་སོ་སོ་བ་ཡིན་པའི་དེང་དུས་བཞིན་མ་ཡིན་པར་ཡོད་ཚད་ཉིན་མོའི་གྱོན་པ་གཅིག་གིས་གོ་ཆོད་པས།རི་མགོའི་བ་ཁ་ལྟ་བུ་དང་།དམག་རྒྱག་པ།ལམ་ཐག་རིང་པོར་འགྲུལ་བཞུད་བྱེད་པ་སོགས་ཀྱི་སྐབས་སུ་ཧ་ཅང་སྟབས་བདེ་ཡིན།ཡིན་ཡང་འདི་ནི་འདས་པའི་ལོ་རྒྱུས་རེད་།ཁོ་བོའི་ཕ་ཡུལ་ལ་མཚོན་ན་ཡང་ལོ་ངོ་སུམ་ཅུའི་སྔོན་དུ་གོང་གི་སྣང་ཚུལ་འདི་མཆིས་པ་རེད་།རང་ཉིད་ཀྱང་ལོ་ན་ཆུང་དུས་ཉིན་མོའི་གོན་པ་དགོང་མོའི་ཉལ་ཐུལ་གྱི་ཚབ་བྱེད་པའི་འཚོ་བའང་སྐབས་འགར་ཟོག་བ་སོགས་སུ་རོལ་མྱོང་བ་ཡིན།ཡིན་ན་ཡང་དེང་དུས་གྲོང་རྡལ་དང་རོང་ཁུལ་ཕུད་ལམ་ཐག་རིང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བའི་འབྲོག་ཁུལ་རྣམས་སུའང་ཉིན་མོའི་གྱོན་པ་ནུབ་ལུགས་ཀྱི་གོས་དང་བོད་ལྭ་སོགས་ཅི་ཡིན་ཡང་མཚན་མོ་དེ་དག་མི་གོན་པར་བརྒྱ་ཆའི་བརྒྱ་ཡིས་ཕྱིི་ཤུན་རས་གོས་དང་ནང་འཚང་སྲིན་བལ་ལམ་ལུག་བལ་གྱིས་བྱས་པའི་ཉལ་ཐུལ་གོན་པ་རེད།འདི་ནི་འཚོ་བ་ཡར་རྒྱས་བྱུང་བའི་མཚོན་རྟགས་ལེགས་པོ་ཞིག་ཏུ་འཁུམས་མོད།ཡིན་ན་ཡང་།ཨེ་ཙི་དང་རེག་དུག་སོགས་འགོས་ནད་འགོ་བའི་ཆ་ནས་བཤད་ན་ཧ་ཅང་ཉེན་ཁ་ཅན་ཞིག་རེད།རྒྱུ་མཚན་ནི་ཁྱིམ་ཚང་ཞིིག་ལ་འགྲུལ་བ་ཞིག་ཡོང་བའི་ཆ་ནས་བཤད་ནའང་།དེ་ལ་དགོང་མོར་ཁྱིམ་ཚང་དེ་གའི་ཉལ་ཐུལ་ཞིག་འགེབས་པ་རེད་།འདི་ལྟར་འགྲུལ་བ་ཅི་ཙམ་ཡོང་ན་ཉལ་ཐུལ་དེ་དེ་ལྟར་འགེབས་དགོས་པ་རེད།དེས་ན་གལ་ཏེ་དེའི་ཁྲོད་ཀྱི་འགྲུལ་བ་ཞིག་ལ་ཨེ་ཙིའམ་རེག་དུག་གི་ནད་ཡོད་པ་དང་།འགྲུལ་བ་དེའི་ལུས་ལས་བརྡོལ་བའི་རྣག་ཁྲག་ཉལ་ཐུལ་གྱི་ངོས་སུ་འགོས་ཡོད་པ་དང་།འགྲུལ་བ་རྗེས་མའི་ཉལ་ཐུལ་དེ་གྱོན་པའི་སྐབས་ཁོ་རང་གི་ངོ་དང་ལག་པ་སོགས་ལུས་ཕུང་གི་ཆ་གང་རུང་དུ་རྨ་ཁ་འདྲ་ཡོད་པ་དང་།འགྲུལ་བ་སྔོན་མའི་ནད་ཅན་གྱིི་རྣག་ཁྲག་གཉིས་ཕྱོགས་ཁ་སྤྲོད་དུ་འཁེལ་བ་སོགས་ལས།འགྲུལ་བ་སྔོན་མའི་ནད་ཅན་གྱི་རྣག་ཁྲག་དེ་འགྲུལ་བ་རྗེས་མའི་རྨ་ཁ་རུ་ཤེས་མེད་ཚོར་མེད་དུ་འཐིམས་ཏེ་ཨེ་ཙི་དང་རེག་དུག་འགོ་བ་མ་ཡིན་ནམ།ཡང་ཁྱིམ་ཚང་དེ་གའི་ཁྱིམ་མིས་ཉལ་ཐུལ་དེ་གྱོན་པ་ཡིན་ན་དེ་ལའང་འགོ་བའི་ཉེན་ཁ་ཆེ་བ་མ་ཡིན་ནམ།ཁྱིམ་ཚང་དེ་གའི་ཁྱིམ་བདག་མས་ཉལ་ཐུལ་གྱི་ཕྱི་གོས་ཨེ་ཙིའམ་རེག་དུག་གི་རྣག་ཁྲག་ཅན་དེ་བཀྲུ་སྐབས།གལ་ཏེ་ཁྱིམ་བདག་མའི་ལག་པ་རུ་རྨ་ཁ་འདྲ་ཡོད་པ་ཡིན་ན།འགྲུལ་བའི་རྣག་ཁྲག་ནད་ཅན་དེ་ཁྱིམ་བདག་མའི་ལག་པའི་རྨ་ཁ་རུ་སིམ་ནས་དེ་ལ་འགོས་འགྲོ་བ་མ་ཡིན་ནམ།དེ་ལྟར་མགྲོན་ཁང་གི་ཉལ་ཐུལ་ལས་ཀྱང་འདི་བཞིན་ཨེ་ཙི་དང་རེག་དུག་འགོ་བའི་ཉེན་ཁ་ཆེ་བའང་ཀུན་གྱིས་ཐུགས་ལ་འཛིན་དགོས་པར་འདུག

དེ་བཞིན་འགྱིག་གདན་དང་ཁེབ་ཟི།ཕྱིང་གདན།པགས་གདན།རས་གདན་སོགས་ལས་ཀྱང་ཉལ་ཐུལ་བཞིན་ཨེ་ཙི་དང་རེག་དུག་འགོ་བའང་མི་བརྗེད་རོགས་ཞུ།གཞན་དུ་ཁྱིམ་ཚང་གི་ཕ་དང་བུ་ཆུང་ངམ་མ་དང་བུ་མོ་སོགས་ཕ་མ་དང་བུ་ཕྲུག་རྣམས་རུམ་བརྒྱབ་ནས་ཉལ་ཐུལ་གཅིག་གྱོན་པའང་དེ་འདྲའི་ལེགས་པོ་ཞིག་ལར་ནས་མ་ཡིན་ཏེ།གལ་ཏེ་ཕ་མ་གཉིས་ལ་ཨེ་ཙི་དང་རེག་དུག་ཡོད་པ་ཡིན་ན།དེའི་ལུས་ཀྱི་རྣག་ཁྲག་སོགས་ཤེས་མེད་ཚོར་མེད་དུ་ཕ་མའི་རུམ་པའི་བྱིས་པ་དེ་གའི་ལུས་སྟེང་ན་རྨ་ཁ་ཡོད་པ་ཡིན་ན་དེ་གར་སིམ་ནས་གཅེས་ཕྲུག་སྙིང་ལྟ་བུ་དེ་ལ་ཨེ་ཙི་དང་རེག་དུག་འགོ་བ་དང་།ད་དུང་ཕའམ་མ་ཡི་རྣག་ཁྲག་ཉལ་ཐུལ་དང་མལ་གདན་གྱི་ངོས་སུ་ཟགས་པ་དེ་བྱིས་པའི་ལུས་ལ་འགོས་ནས་དེའི་ལུས་སྟེང་ན་རྨ་ཁ་ཡོད་ན་དེ་གར་འཐིམས་ནས་ཀྱང་བུ་ཕྲུག་མེ་ཏོག་ལྟ་བུ་རྣམས་ལ་འགོ་སྲིད་པ་རེད།དེའི་སྟབས་ཀྱིས་ཕ་མ་བུ་ཕྲུག་རྣམས་ཀྱིས་ཉལ་ཐུལ་དང་ཉལ་གདན་མི་བསྲེ་བར་ཁ་ཁ་སོ་སོ་བྱས་ན་ཨེ་ཙི་དང་རེག་དུག་སྔོན་འགོག་གི་ཐད་ནས་ཧ་ཅང་དགེ་མཚན་ཆེའོ། །

བདུན།    སློབ་སྔོན་སློབ་གསོའི་དགེ་རྒན་རྣམས་ལ་ཡང་ཨེ་ཙི་དང་རེག་དུག་ཡོད་མེད་བརྟག་བཤེར་ནན་མོ་བྱ་དགོས།

    ད་ལྟ་བོད་ཁུལ་གྱི་སྡེ་བ་རིམ་པ་དང་ཞང་དང་གྲོང་རྡལ་རྫོང་བཅས་སུ་སློབ་སྔོན་སློབ་གསོའི་སློབ་གྲྭ་མང་པོ་བཙུགས་ནས་བྱིས་པ་ཆུང་ཆུང་ལོ་ན་བཞི་ལྔ་ཅན་དག་དེ་རུ་སྐྱེལ་བཞིན་ཡོད་པ་རེད།དེས་ན་དེ་གའི་དགེ་རྒན་རྣམས་ལ་ཡང་འགོས་ནད་ཨེ་ཙི་དང་རེག་དུག་མེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་རེད།ཚང་མས་ཤེས་གསལ་ལྟར་ཨེ་ཙི་དང་རེག་དུག་གཉིས་ནི་ཕོ་མོའི་འཁྲིག་སྤྱོད་ཁོ་ནས་འགོ་བའི་མཚན་མའི་ནད་རྐྱང་རྐྱང་ཞིག་མ་ཡིན་པར།གཞན་ཁྲག་སོགས་བརྒྱུད་དེ་འགོས་མཆེད་འབྱུང་བའང་ཐུགས་ལ་འཇགས་དགོས་འདུག    དེས་ན་སློབ་སྔོན་སློབ་གསོ་སྤེལ་ཡུལ་གྱི་བྱིས་པ་རྣམས་ནི་ལོ་ན་ཧ་ཅང་ཆུང་དྲགས་པའི་སྟབས་ཀྱིས་དགེ་རྒན་ཚོས་ཕ་མའི་གཉོར་གཉོར་བྱེད་དགོས་པ་རེད།ཇི་ལྟར་གཉོར་དགོས་པ་རེད་ཅེ་ན།བྱིས་པ་ཚོ་ནངས་སྔ་མོ་ནས་ཕྱི་དྲོའི་བར་ཕལ་ཆེར་ཉིན་གཅིག་ལ་སློབ་གྲྭ་རུ་འདུག་དགོས་པས།ཟ་མ་ཟ་རུ་འཇུག་དགོས་པ།གཅིན་སྐྱག་གཏོང་དུ་འཇུག་པ་དང་དེ་རྗེས་དེ་ལ་ཤོག་བུ་སོགས་ཀྱིས་རྐུབས་ཕྱིས་ནས་གཙང་སྤྲ་བྱེད་དགོས་པ།ཉིན་གུང་བྱིས་པ་རྣམས་ཀྱི་གྱོན་པ་ཕུད་ནས་ཉལ་ཐུལ་བཀབ་སྟེ་གཉིད་དུ་འཇུག་པ།དེ་དག་སད་རྗེས་ཡང་གྱོན་པ་བསྐོན་དགོས་པ་སོགས་མདོར་ན་དགེ་རྒན་དེ་ཚོ་ཉིན་གཅིག་གི་ཡུན་ལའང་བྱིས་པ་དེ་དག་ལ་ལག་པ་ཐེངས་མང་པོར་རེག་དགོས་པ་རེད།གལ་ཏེ་བྱིས་པར་རེག་གྱིན་པའི་དགེ་རྒན་དེ་ལ་སྟབས་མ་ལེགས་པར་ཨེ་ཙིའམ་ཡང་ན་རེག་དུག་ཡོད་པ་དང་།དགེ་རྒན་དེའི་ལག་པ་རྨས་ནས་ཁྲག་འཛགས་པའམ་ཡང་ན་ལག་པ་རུ་རེག་དུག་དང་ཨེ་ཙི་གང་རུང་གི་རྨ་ངན་རྣག་ཁྲག་ཅན་ཡོད་པ་ཡིན་ན།དགེ་རྒན་དེས་བྱིས་པ་རྣམས་ཀྱི་གོན་པ་འཕུད་པ་དང་བསྐོན་པའི་སྐབས་སུ་བྱིས་པའི་གྱོན་ཆས་ལ་རྣག་ཁྲག་འགོས་པ་ཡིན་ན་ཡང་འདྲ།ཉལ་ཐུལ་གྱི་ངོས་སུ་ཁྲག་འགོས་པ་ཡིན་ན་ཡང་འདྲ།རྐུབས་ཕྱི་བའི་སྐབས་སུ་བྱིས་པའི་ལུས་སུ་ཁྲག་རྣག་བསྒོས་པ་ཡིན་ན་ཡང་འདྲ།གང་ལྟར་བྱིས་པ་དེ་ལ་ནད་ངན་དེ་དག་བསྒོ་བའི་ཉེན་ཁ་ཆེན་པོ་འདུག་པ་མ་ཡིན་ནམ།གལ་ཏེ་དགེ་རྒན་གྱི་ཁྲག་སོགས་ལུས་ལ་བསྒོས་ཡོད་པའི་བྱིས་པ་ཞིག་གི་ལུས་སྟེང་དུ་རྨ་ཁ་ཡོད་པ་ཡིན་ན།དགེ་རྒན་གྱི་ཁྲག་ངན་ནད་ཅན་དེ་བྱིས་པ་དེའི་རྨ་ཁ་རུ་སིམ་ནས་འགོས་འགྲོ་བ་མ་ཡིན་ནམ།དེའི་སྟབས་ཀྱིས་སློབ་སྔོན་སློབ་གསོའི་དགེ་རྒན་རྣམས་ལ་ཨེ་ཙི་དང་རེག་དུག་མེད་རྒྱུ་ནི་ཧ་ཅང་གལ་མི་ཆེའམ།སློབ་སྔོན་སློབ་གསོའི་དགེ་རྒན་རྣམས་ལ་གློ་གཅོང་དང་མཆིན་ཚད་ཁ་བ་སོགས་ཡོད་མེད་ཚད་ལྡན་སྨན་ཁང་དུ་ཡོང་ནས་བརྟག་དཔྱད་བྱེད་བཞིན་འདུག་མོད།ཡིན་ན་ཡང་།དེའི་སྐབས་སུ་དེ་ལས་ཀྱང་འཇིགས་ཡེར་བའི་ཨེ་ཙི་དང་རེག་དུག་ཡོད་མེད་ལ་ཁྲག་བཤེར་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཤིག་གོ །


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30s6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5920291
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号