མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པ
མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-05-22ལྟ་ཀློག (7463)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས།

       བཞི་བ། འཕགས་ཡུལ་དུ་སངས་རྒྱས་ཆོསལུགས་ཀྱི་མཛད་པ་སྤེལ་བའི་སྐོར།

                                                                     རྩོམ་པ་པོ་མི་གསལ།

  ཇོ་བོ་རྗེ་ཉིད་འཕགས་ཡུལ་དུ་བཞུགས་སྐབས་བླ་མ་གསེར་གླིང་བའི་མཚན་གསན་ཚེ་སྤྱི་བོར་ཐལ་མོ་སྦྱོར་ཞིང་སྤྱན་ཆབ་ཤར་གྱིས་འོང་། ང་ལ་ཡོན་ཏན་དུ་བྱས་པ་བསམ་པ་བཟང་བོ་ཕྲན་ཙམ་ཞིག་ཡོད་པ་འདི་མགོན་པོ་གསེར་གླིང་བའི་བཀའ་དྲིན་ཡིན་གསུངས། གསེར་གླིང་བའི་སློབ་མ་ཛྙཱ་ན་ཤྲི་མི་ཏྲ་དང་། ཤཱནྟི་པ་དང་རཏྣ་ཀིརྟི་གསུམ་ལ་ཆོས་གང་མངའ་བ་གསན་ཏེ་དེ་གསུམ་ཇོ་བོ་དང་བཞི་ལ་གསེར་གླིང་བའི་བུ་ཆེན་བཞིར་གྲགས། མདོར་ན་ཀུ་སཱ་ལི་ཆེ་ཆུང་ནི་རྫོགས་པའི་སངས་རྒྱས་དང་ཡོན་ཏན་མཉམ་ཞིང་བརྒྱད་པའི་བཀའ་བབས་མཐའ་ཡས་པ་མངའ་ལ་དེའི་ཡོན་ཏན་ཐམས་ཅད་གསེར་གླིང་བ་ལ་མངའ།

དེའི་ཡོན་ཏན་ཐམས་ཅད་བུམ་པ་གཅིག་ནས་གཅིག་ཏུ་འབྱོ་བ་ལྟར་ཇོ་བོ་རྗེ་ལ་རྫོགས་ཤིང་།  ན་རོ་པ་ལ་བྱིན་གྱིས་རློབ་པར་ཞུས་པས་ངའི་སློབ་མ་ཌོམ་པུ་པ་ལ་གསོལ་བ་ཐོབ་ཅིག་དེས་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན། དེ་བཙལ་བས་མ་རྙེད། མཎྜལ་ཕུལ་ཞིང་གསོལ་བ་བཏབ་པས་དགེ་སློང་ཤ་ནའི་གོས་གྱོན་པ་ཅིག་མི་ཤ་ལག་པ་ཞིག་ཟ་ཞིང་བྱུང་། སྦོམ་པོ་མི་འོང་ངམ་བྱས་པས་སངས་རྒྱས་ལ་འཁྲུལ་བ་མངའ་འམ་གསུངས། དེ་ག་ལ་ཁྱེད་ཀྱང་ཅིག་འདོད་དམ་གསུངས་ནས་སྲིན་ལག་བཅད་ནས་བྱིན། དེ་ཟོས་པས་རོ་དཔེ་མེད་པ་ཞིག་བྱུང་སྟེ་སྔ་དྲོའི་གཎྜི་ལ་རྡུང་ཐུག་གི་བར་ཏིང་ངེ་འཛིན་བཟང་བོ་ཞིག་འཁྲུངས། གཞན་ཡང་ལྟ་བ་ལུང་སྟོན་པའི་བླ་མ་ལུང་ན་རོ་པ། བརྟུལ་ཞུགས་བྱིན་གྱིས་རློབ་པ་ཌོམ་པི་པ། ལས་ཚོགས་བྱིན་རླབས་སྟེར་བ་ལི་ཨཱ་ཙྱ། རྫུའཕྲུལ་བྱིན་རླབས་སྟེར་བ་མཁས་པ་མི་ཆེན་པོ། ཕག་མོའི་བྱིན་རླབས་སྟེར་བ་བྷུ་ཏ་ཀོ་ཊི། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་པ་མཁས་པ་རྟ་མཆོག བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་ཤེས་རབ་བཟང་བོ། ཚིག་དོན་རྒྱས་པར་བྱེད་པ་ཤཱནྟི་པ། བསྟན་པའི་སྒོ་འབྱེད་བློ་སྦྱོང་གི་རིམ་པ་སྟེར་པ་བླ་མ་གསེར་གླིང་བ་སྟེ་བཀའ་དྲིན་ཆེ་བའི་བླ་མ་དགུ་དེའི་སྟེང་དུ་བྱངཆུབ་བཟང་བོ། ཛེ་ཏ་རི། ངྷརྨ་རཀྵི་ཏ་བསྣན་པས་རྩ་བའིབླ་མ་བཅུ་གཉིས། གཞན་ཡང་དུ་ཧ་ར་ནག་པོ། ར་ཧུ་ལ། ན་རོ་པའི་སློབ་མ་མངོན་ཤེས་ཅན་སྟེ་མངོན་པར་ཤེས་པ་རྒྱ་ཆེན་པོ་མངའ་བ་གསུམ། ཨ་ཝ་ངྷ྄ུྟཏི་པ་དང་ཀ་མ་ལ་རཀྵི་ཏ་སྟེ་ཕྱག་རྒྱ་ཆེན་པོའི་གྲུབ་པ་བརྙེས་པ་གཉིས་བཅས་དེ་ཐམས་ཅད་ཀྱི་ཡོན་ཏན་མ་ལུས་པ་ཇོ་བོ་རྗེ་ལ་མངའ་ཞིང་། འཇམ་དབྱངས་ཀླུ་སྒྲུབ་ཡབ་སྲས། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག་ཆེ་ཆུང་། ཨ་ཝ་ངྷུ་ཏི་པ་ཆེ་ཆུང་སྟེ་ལྟ་བ་རྣམ་པར་དག་པ་ཟབ་མོ་དབུ་མའི་བརྒྱུད་པ་དང་། བྱམས་པ། ཐོགས་མེད་སྐུ་མཆེད། འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། མཆོག་གི་སྡེ། དུལབའི་སྡེ། རྣམ་སྣང་མཛད། སེང་གེ་བཟང་བོ། ཀུ་སཱ་ལི་ཆེ་བ་རིན་ཆེན་བཟང་བོ། ཆུང་བ་རིན་ཆེན་སྡེ། གསེར་གླིང་བ། ཡང་ན་དབྱིག་གཉེན་གྱི་སློབ་མ་སོགས་བརྒྱུད་པའི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བརྒྱུད་པ་ཡོངས་རྫོགས་དང་རྡོ་རྗེ་འཆང་། ཏེ་ལོ། ནཱ་རོ། ཌོམ་པི་པ་སྟེ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པའི་ཆུ་བོ་གསུམ་ཡོངས་རྫོགས་དང་། མདོ་རྒྱུད་མན་ངག་གི་བཀའ་བབས་བརྗོད་ཀྱིས་མི་ལང་བ་གཅིག་ཏུ་འདུས་པ་སྟེ་བརྒྱུད་པ་དེ་ཐམས་ཅད་ཡོན་ཏན་མ་ལུས་པ་ཇོ་བོ་རྗེ་ལ་མངའོ།། དེ་བཞིན་ཇོ་བོ་རྗེའི་ཞལ་ནས་ང་ལ་སོ་ཐར་གྱི་སྡོམ་པ་ལ་ཉེས་པས་ཡེ་མ་གོས་བྱར་བཏུབ། བྱང་སྡོམ་ལ་ཉེས་བྱས་སྣ་རེ་ཙམ་འོང་། སྔགས་སྡོམ་ལ་ལྟུང་བ་རེ་གཉིས་འོང་། འོན་ཀྱང་དེ་མ་ཐག་ཏུ་བཤགས་ཏེ་ལྟུང་བ་དང་ཞག་ཏུ་འགྲོགས་མ་མྱོང་གསུངས་སྟེ་བཙུན་པའི་མཐར་ཐུག ཡི་དམ་གྱི་ལྷ་དཔག་ཏུ་མེད་པས་ཞལ་གཟིགས། རྡོ་རྗེ་གདན་དུ་བཞུགས་པའི་ཚེ་རང་བྱུང་ཁཱར་ས་པཱ་ཎི་གཅིག་ལ་སྤོའོ་རྨོའོ་རྒན་རྒོན་གཉིས་བཅས་མཆོད་པ་ཆེན་པོ་བྱ་བར་ཡོད་པའི་ཚེ་རྒན་པོའིརྨི་ལམ་དུ་ང་ལ་མཆོད་པ་མ་བྱེད་པར་འདི་ན་དགེ་སློང་དཱི་པཾ་ཀ་ར་ཡོད་པ་ལ་གྱིས་བསོད་ནམས་དེ་ཆེའོ་ཞེས་ལུང་བསྟན།

      སྡེ་བ་བཞི་ཀའི་ཁྲོད་དུ་བཙལ་བས་མ་རྙེད། ཁ་སང་མགྲོན་བཙུན་ཞིག་འདུག་པ་དེ་ཡིན་ནམ་ཟེར་ནས་བཙལ་བས་བཞུགས་འདུག་སྟེ་རྡོ་རྗེ་གདན་དུ་བསྙེན་བཀུར་བཞེས་ཤིང་བཞུགས། དེའི་ཚེ་དགེ་ཚུལ་ཞིག་གིས་བ་ཅི་གེ་རའི་གླིང་ན་སྐྱེས་པ་དང་བུད་མེད་ཐམས་ཅད་རང་བཞིན་གྱི་རྣལ་འབྱོར་ཕོ་མོ་ཤ་སྟག་ཡིན་ཟེར་བ་ཐོས་ནས་བལྟར་ཕྱིན་པ་སངས་རྒྱས་བྱོན་ནོ་བཞུད་དོ་ཟེར་ནས་སྨྱོན་པ་འདྲ་བ་མ་གཏོགས་ཡིད་ཆེས་པ་མ་མཐོང་། སུམ་མདོ་ཅིག་ན་ཐམས་ཅད་ལ་ལུང་བསྟན་བྱེད་པ་ཞིག་འདུག་པ་ལ་ཕྱག་ཅིག་ཀྱང་བྱས། ལོག་འོངས་པའི་ལམ་བར་དུ་ཚོང་བ་མང་བོ་ངོ་མཚར་གྱི་གཏམ་གླེང་བ་ལ་དགེ་ཚུལ་དེས་ཟེར་ཚད་མི་བདེན།

       བ་ཅི་གེ་རའི་གླིང་ན་གྲུ་ཐོབ་ཤ་སྟག་ཡིན་ཟེར་ནས་ངས་བལྟར་ཕྱིན་པས་མི་བདེན་པ་འདུག་ཟེར། ཀུ་སཱ་ལི་དགེ་བ་བྱ་བའི་རྣལ་འབྱོར་བ་ཞིག་ཚོང་བའི་ཁྲོད་ན་ཡོད་པས་དགེ་ཚུལ་དེའི་ལོག་རྟོག་བསལ་བའི་ཕྱིར་མདུན་དུ་སོང་ནས་སྨྲས་པ། རྣལ་འབྱོར་བ་ནང་ཕན་ཚུན་ཤེས་པ་ཡིན། ཁྱོད་ཀྱིས་མི་ཤེས་དེ་ཐམས་ཅད་རྣལ་འབྱོར་བ་ཤ་སྟག་ཡིན། ཁྱོད་ཀྱིས་བྱས་པ་དེ་ནི་ཚེ་འདི་དོན་དུ་གཉེར་བ་ཡིན་གྱི་རྣལ་འབྱོར་བ་མ་ཡིན། ངས་ཀྱང་དངོས་གྲུབ་ཕྲ་མོ་ཐོབ་ཟེར་ནས་ཀ་པཱ་ལི་ན་མདོ་དང་གསསེར་དང་སྤུ་གྲི་འདུག་པས་མངོན་པར་ཤེས་ནས་བཤད་པས་ཡིད་ཆེས་ཏེ་གུས་པ་བྱས་ནས་འགྲོགས་ཏེ་འོངས། ཡུལ་དབུས་ན་གང་ཟག་ཁྱད་པར་ཅན་ཅི་འདྲ་ཡོད་གསུངས།

     རྡོ་རྗེ་གདན་ན་ཇོ་བོ་ཨ་ཏི་ཤ་ཞེས་བྱ་བ་བཞུགས་པས། རྣལ་འབྱོར་བའི་ཞལ་ནས་སྐྱེས་བུ་དམ་པ་ཐོང་བར་དཀའ་བས་ཞལ་བལྟར་འདོད་གསུངས་ནས་བྱོན། དགེ་ཚུལ་དེས་ཇོ་བོ་རྗེ་ལ་ཞུས་པས། སྐྱེས་བུ་དམ་པ་མཐོང་བ་ནི་དོན་དང་ལྡན་པ་ཡིན་གྱིས་ཞལ་བལྟ་བར་བྱའོ་གསུངས། རྣལ་འབྱོར་བ་དེ་ཤིང་ནྱེ་གྲོ་ངྷའི་སྡོང་བོ་ཞིག་གི་རྩ་བར་དེ་ནུབ་ཉལ་བའི་ཤིང་ལོ་འཕྱག་ཅིང་འདུག་པར་བྱོན། རྣལ་འབྱོར་བ་དེས་ཇོ་བོ་རྗེ་ལ་ལུས་ཐམས་ཅད་ས་ལ་ཕབ་སྟེ་འཛམ་བུའི་གླིང་གི་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། སངས་རྒྱས་བསྟན་པའི་སྲོག་ཤིང་ཁྱོད་ལ་ཕྱག་འཚལ་ལོ། ཞེས་ཕྱག་བྱས། ཁོང་རྟེན་ཁྱིམ་པར་བཞུགས་པས་ཇོ་བོ་རྗེས་དངོས་སུ་ཕྱག་མ་མཛད་པར་ཡིད་ཀྱི་ཕྱག་རྒྱ་མཛད་དེ་མཁས་པ་བྱ་བ་ཁྱེད་ཡིན་ཏེ་དོན་ལ་མཁས་པ་ཡིན། ང་ནི་ཚིག་ལ་མཁས་པར་ཟད་གསུངས་ནས་མཁས་དང་བྱིས་པ་འབྱེད་པ་ཅེས་བྱ་བའི་བསྟན་བཅོས་བརྩམས། དེའི་ཚེ་ཇོ་བོའི་སློབ་མ་པཎྜིཏ་གྲགས་པའི་ཆ་ཞེས་བྱ་བས་རྣལ་འབྱོར་བ་དེ་ལ་མྱུར་ཏུ་འཚང་རྒྱ་བར་འདོད་པས་གང་ལ་བསླབ་དྲིས་པས་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལ་ཁོང་ཡིད་མ་ཆེས། རྣལ་འབྱོར་བའི་ཞལ་ནས།

   ཁྱེའུ་གཙང་མ་ཞིག་ཁྲིད་ལ་ཤོག་གསུངས་ཏེ་པྲ་ཕབ་ནས་སྒྲོལ་མ་དང་། རིག་གསུམ་མགོན་པོ། རྒྱལ་བ་རིགས་ལྔ་སོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྣང་བརྙན་རིམ་པར་བསྟན་ནས་དྲིས་པས་ལན་དེ་ཁོ་ན་བྱུང་བས་གཞི་ནས་ཡིད་ཆེས། དེས་ན་ཆོས་ཟབ་མོ་ལ་ཡིད་ཆེས་པ་ལ་ཚོགས་དཔག་ཏུ་མེད་པ་གསོག་དགོས་པ་ཡིན། ཐེག་པ་ཆེ་ཆུང་ཡང་ལྟ་བས་ཕྱེ་བ་མ་ཡིན། སྙིང་རྗེས་ཕྱེ་བ་ཡིན་གསུངས། རྣལ་འབྱོར་བ་དེ་ལ་པཎྜི་ཏ་ཆེན་པོ་གཞན་ཞིག་གིས་མངོན་པར་ཤེས་པ་འཆར་བའི་ཐབས་དྲིས། གཅིག་གིས་ཚུལ་ཁྲིམས་དག་པའི་རྒྱུ་དྲིས་ཀྱང་བྱང་ཆུབ་ཀྱི་སེམས་ཁོ་ན་སྦྱོངས་ཤིག་གསུངས། དེ་ལྟར་སངས་རྒྱས་གྲུབ་ཐོབ་ཕོ་མོ་དཔག་ཏུ་མེད་པས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སྦྱངས་པས་ཇོ་བོ་རྗེ་ཉིད་ཀྱི་ཐུགས་དགོངས་ལ་ད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་བསྐང་བ་དང་། བླ་མ་རྣམས་ཀྱི་གསུང་རྗེས་སུ་སྒྲུབ་པ་དང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་ལ་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་གཞན་མི་འདུག་པས། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་བྱང་ཆུབ་ཀྱི་སེམས་སྦྱང་པ་ལས་འོས་མེད་དོ་སྙམ་པའི་ཐུགས་དགོངས་འཁྲུངས་ནས།

  རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་འོད་དཔག་མེད་ཀྱི་ལྷ་ཁང་ཡོད་པ་དེའི་ནང་དུ་བྱམས་པའི་ཐུགས་དམ་མཛད་ཅིང་བཞུགས་པའི་ཚེ། ཇོ་བོ་ཐུགས་རྗེ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས། ཐུགས་རྗེ་ཆེན་པོའི་ཞལ་ནས་སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། བྱ་བ་བྱས་སོ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱེད་ཀྱིས་ཤེས་སོ། འདི་ནས་བྱང་ཕྱོགས་སུ་ངའི་ཞིང་ཁམས་ཡོད། འཕགས་མ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱེད་ཀྱི་གདུལ་བྱ་མང་བོ་ཡང་དེ་ན་ཡོད་པས་བྱང་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན། དེའི་ཚེ་རྒྱལ་བོ་མ་ཧཱ་པཱ་ལས་བྲི་ཀ་མ་ལ་ཤཱི་ལར་སྤྱན་དྲངས་ཏེ་རྩ་བའི་སྡེ་བཞི་པཎྜིཏ་ལྔ་བཅུ་རྩ་བདུན་དང་བཅས་པའི་གཙུག་གི་རྒྱན་དུ་གྱུར།

     ཐམས་ཅད་ཀྱི་ཐེ་ཚོམ་དྲི་བའི་གནས་སུ་བཞུགས་ཤིང་མུ་སྟེགས་པ་མང་བོ་ཚར་བཅད། བྲི་ཀ་མ་ལ་ཤྲི་ལའི་གཙུག་ལག་ཁང་སྒོའི་གཡས་ན་ཀླུ་སྒྲུབ་དང་གཡོན་ལ་ཇོ་བོ་རྗེ་བྲིས་ཏེ་སློབ་དཔོན་ཀླུ་སྒྲུབ་དང་མཉམ་པ་ཡིན་སྐད། དེའི་ངོས་གཅིག་ན་གྲུབ་ཐོབ་རྣམས་བྲིས། ངོས་གཅིག་ན་པཎྜིཏ་རྣམས་བྲིས་ནས་ཡོད་པ་ལ་ཇོ་བོ་རྗེ་གཉིས་ཀ་ན་བྲིས་ནས་ཡོད། དེར་བཞུགས་པའི་དུས་སུ་རྒྱ་གར་ན་པཎྜིཏས་ལྡེ་མིག་འཛིན་པས་ཇོ་བོས་ཀྱང་ལྡེ་མིག་བཅོ་བརྒྱད་ཀྱི་བདག་པོ་མཛད་ནས་དགེ་སློང་ཉི་ཤུའི་སྡེ་ཤས་གཅིག་གིས་གྲྭ་ཡང་བཙུགས། ཇོ་བོས་ཅི་བདེར་སྤྱོད་པ་ཤས་གཅིག་ནས་ཕྱུང་།

  ཁྱད་པར་མཻ་ཏྲ྄ྀ་པན་ཆེན་རྣལ་འབྱོར་མའི་དམ་རྫས་ཆང་ཞིག་འཁྱེར་བ་གཞན་གྱིས་མཐོང་ནས་འདིས་ཁྱེད་ལ་མི་གནོད་ཀྱང་གཞན་ལ་གནོད་པས་བཞུད་པར་ཞུ་གསུངས་ནས་ཕྱུང་པས་ཉམས་པ་སྒོ་ལ་འགྲོར་མི་བཏུབ་གསུངས་ནས་རྩིག་པ་ལ་ཐོགས་པར་བཞུད། ཇོ་བོས་ལེགས་སམ་མ་ལེགས་སྙམ་ནས་སྒྲོལ་མ་ལ་གསོལ་བ་བཏབ་པས་བུ་མ་ལེགས་སོ་ཞེས་པའི་སྒྲ་ལན་གསུམ་བྱུང་སྟེ་གཟིགས་པས་སྒྲོལ་མའི་ཞལ་ནས་མཻ་ཏྲ྄ྀ་བ་སེམས་དང་བོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཡིན། བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་པ་རྣམ་སྨིན་ཤིན་ཏུ་ཆེ་སྟེ་རི་རབ་ལ་ལན་གསུམ་བསྐོར་བའི་སེམས་ཅན་ཆེན་པོ་ཞིག་ཏུ་སྐྱེས་ཏེ་བྱ་སྣ་ཚོགས་ཀྱིས་ཟ་བར་འགྱུར། བོད་དུ་ཕྱིན་ནས་ཐེག་ཆེན་དར་བ་བྱས། ཉིན་རེ་ལ་ས་ཙྪ་བདུན་རེ་བཏབ་ན་ལས་འབྱང་གསུངས། དོན་ལ་ཇོ་བོ་རྗེ་སེམས་ཅན་གྱི་དོན་ལ་བོད་དུ་འབྱོན་དུ་འཇུག་པའི་བརྡ་ཡིན་གསུངས། ཡང་ཇོ་བོས་དེའི་སྐོར་བླ་མ་གྷ་པཱ་ལ་ལ་ཞུས་པས་ཁྱེད་ཀྱི་ཕན་སེམས་ཀྱིས་བྱས་པས་ཉེས་པ་ཆུང་སྟེ་འོན་ཀྱང་སྔོན་འབྲས་ཆན་བྲེ་གང་སྦྱིན་པར་བཏང་བ་ཞིག་བོད་ན་རྒྱལ་བོ་བྱེད། ཁྱེད་དེའི་མཆོད་གནས་ལ་འགྲོ་དགོས་པ་འདུག་གསུངས།

དེ་ནས་སྲས་ནེརྱ་པཱ་ལས་མ་ག་ངྷའི་རྒྱལ་བོ་བྱེད་པའི་ཚེ་དེ་དང་ནུབ་ཕྱོགས་ཀརྞའི་མུ་སྟེགས་ཀྱི་རྒྱལ་བོ་མ་མཐུན་ནས་མུ་སྟེགས་ཀྱི་རྒྱལ་པོས་མ་ག་ངྷར་དམག་དྲངས་པས་བཀག་མ་ཐུབ་པར་བྲི་ཀ་མ་ལར་དམག་དྲངས་ཏེ་རབ་བྱུང་བཞི་དགེ་བསྙེན་གཅིག་དང་ལྔ་བསད། ཡོ་བྱད་མང་བོ་ཁྱེར་བའི་ཚེ་ཇོ་བོ་ཐུགས་འཁྲུགས་པ་མེད་པར་བྱམས་སྙིང་རྗེའི་ཏིང་ངེ་འཛིན་ལ་བཞུགས་པས་དེའི་འཐུས་ཕྱིས་དམག་ལོག་སྟེ་མུ་སྟེགས་ཀྱི་དམག་ཐམས་ཅད་ཕམ་སྟེ་གསོད་དུ་ཆ་བའི་ཚེ་སྲོག་བསྐྱབས་ནས་བཏང་བས་ཀརྞའི་རྒྱལ་བོ་ཇོ་བོ་རྗེར་དད་པ་ལྷག་པར་སྐྱེས་ཏེ་ནུབ་ཕྱོགས་སུ་གདན་དྲངས་ནས་བསྙེན་བཀུར་རྒྱ་ཆེན་པོ་ཞུས། ཇོ་བོས་ཀྱང་ལམ་བར་ན་ཆུ་བོ་ཆེན་པོ་ཡོད་པ་ལ་ལུས་སྲོག་ལ་མ་འཛེམས་པར་ཡང་ཡང་བརྒལ་ཏེ་ཡོ་བྱད་ཐམས་ཅད་བསྡུམས་ཀྱི་ཕྱིར་བཏང་ནས་རྒྱལ་བོ་གཉིས་ཕན་ཚུན་འཆམ་མཐུན་བསྡུམས་སྒྲིག་ནས་མཛའ་བོར་གྱུར་ཐུབ་པ་བྱུང་ངོ་།།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་ནག་བཟའ་བློ་བཟང་ཆོས་གྲགས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23557188
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།