ངང་བའི་དྲིས་ལན་སྤྲིན་གྱི་སྙིང་བོ་ལས་བཏུས་པའི་ངང་བའི་ཕྲིན།
ཀློང་ཆེན་རབ་འབྱམས་པ།
དེ་ནས་ངང་བ་དེ་དག་གིས་ཞེ་ས་དང་བཅས་པས་སྨྲས་པ།
ངང་བའི་རྒྱལ་བོ་བཞུད་པ་ན།
།
ཕྱོགས་འདིར་ལྷགས་པའི་སྐྱེ་བོ་འགས།
།
ཁྱེད་ཀྱི་ཐ་མའི་ཚིག་འདྲི་ན།
།
དེ་ལ་བདག་གིས་ཅི་སྐད་བྱ།
།
ངང་བས་སྨྲས་པ།
དེ་དག་ལ་ཕན་པ་ཉེ་བར་སྟོན་པའི་ཚིག་འདི་སྐད་སྨྲོས་ཤིག །
ཡོངས་འཛིན་བཤེས་གཉེན་རྣམས་ལ་ཕྲིན་འདི་ཞུས།
།
རྒྱལ་བའི་བསྟན་པ་རིན་ཆེན་ལེགས་སྐྱོང་ཞིང།
།
ཕྲིན་ལས་བཟང་བོས་གདུལ་བྱའི་དོན་ལ་བརྩོན།
།
ཕོངས་པས་སྐྱོང་ཞིང་བྱམས་སེམས་ལྡན་པར་མཛོད།
།
རབ་བྱུང་བཙུན་པ་རྣམས་ལ་འཕྲིན་འདི་ཞུས།
།
བསླབ་གསུམ་གླང་བོ་ཐོས་བསམ་དྲྭ་བས་གཡོགས།
།
མཁས་པ་བསྟེན་ཅིང་དགེ་བའི་ལས་ལ་བརྩོན།
།
ཆོག་ཤེས་དུལ་བའི་ནོར་དང་ལྡན་པར་མཛོད།།
མཚན་ཉིད་སྟོན་པ་རྣམས་ལ་འཕྲིན་འདི་ཞུས།
།
བླ་མ་ལ་གུས་ང་རྒྱལ་མེད་པ་དང་།
།
ཉིན་མཚན་བརྩོན་པས་འཆད་ཉན་ལྷུར་བླངས་ཤིང་།
།
ཐོས་པའི་དོན་རྣམས་ཉམས་སུ་བླང་བར་མཛོད།
།
བཀའ་གདམས་འདུལ་འཛིན་རྣམས་ལ་ཕྲིན་འདི་ཞུས།
།
འཇིག་རྟེན་ཆོས་བརྒྱད་དག་ལ་མི་སེམས་ཤིང་།
།
བླ་མ་ལ་གུས་ང་རྒྱལ་མེད་པ་དང་།
།
ལུས་ངག་ཇི་བཞིན་སེམས་ཀྱང་འདུལ་བར་མཛོད།
།
ཡོངས་ཀྱི་སྒོམ་ཆེན་རྣམས་ལ་འཕྲིན་འདི་ཞུས།
།
ལྟ་བའི་རྗེས་སུ་སྤྱོད་པ་མི་འབྲང་ཞིང།
།
ཕྱོགས་བཅུར་མི་རྒྱུ་རི་ཁྲོད་དབེན་བརྟེན་ནས།
།
སེམས་ཉིད་སྙིང་པོའི་དོན་ལ་ནན་ཏན་མཛོད།
།
དཀོན་མཆོག་སྔགས་པ་རྣམས་ལ་ཕྲིན་འདི་ཞུ།
།
གཞན་རྒྱུད་མི་བསྲེག་རང་རྒྱུད་འདུལ་བ་དང་།
།
ཉིན་མཚན་བསྐྱེད་རྫོགས་དོན་ལས་མ་ཡེངས་པར།
།
བཟླས་བརྗོད་བརྩོན་ཞིང་བསྟན་པ་སྲུང་བར་མཛོད།
།
གཡུང་དྲུང་བོན་པོ་རྣམས་ལ་ཕྲིན་འདི་ཞུ།
།
ལྟ་ངན་སྤོངས་ལ་སྣང་སྲིད་འཁོར་འདས་ཀུན།
།
རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱི་དོན།
།
ལེགས་པར་རྟོགས་ནས་ཚོགས་གཉིས་སྒྲུབ་པར་མཛོད།
།
སྣ་ཚོགས་ཡོན་ཏན་མཁས་ལ་ཕྲིན་འདི་ཞུས།
།
གང་ཡིན་དོན་ལ་དང་བོ་མཁས་པར་སློབ།
།
བར་དུ་སྦྱངས་ཤིང་ཐ་མ་ང་རྒྱལ་མེད།
།
འདོད་པ་ཆུང་བས་གཞན་དོན་ངང་གིས་མཛོད།
།
ཕྱོགས་རིས་གོང་མ་རྣམས་ལ་ཕྲིན་འདི་ཞུས།
།
འོག་མ་སྐྱོང་ལ་བཀའ་ཁྲིམས་དམ་པ་དང་།
།
སྙན་ཁུངས་འཐུག་ལ་ཐུགས་རྒྱུད་སྒམ་པ་དང་།
།
དགེ་ལ་བརྩོན་ཞིང་སྡིག་ལ་འཛེམ་པར་མཛོད།
།
གཙོ་བོ་རྒན་རབས་རྣམས་ལ་ཕྲིན་འདི་ཞུས།
།
ཚད་མར་བཞག་ཚེ་ཉེ་རིང་མེད་པ་དང་།
།
སྤྱི་ཆིས་ཆེ་ཞིང་འཕྲལ་ཕུགས་གཞིག་པ་ཆེ།
།
བྱ་བ་ཀུན་ལ་གྲོས་དང་ལྡན་པར་མཛོད།
།
སྐྱེ་བོ་དྲ་མ་རྣམས་ལ་ཕྲིན་འདི་ཞུས།
།
རྒན་རབས་བཀུར་ཞིང་ཆུང་མའི་ངོར་མི་བལྟ།
།
སེམས་རྒྱུད་དྲང་ཞིང་ཕྱི་ཐག་རིང་བ་དང་།
།
དགྲ་འདུལ་གཉེན་སྐྱོང་བསོད་ནམས་ཞིབ་ཏིག་མཛོད།
།
ཡུལ་གྱི་མོ་བཙུན་རྣམས་ལ་ཕྲིན་འདི་ཞུས།
།
རྗེ་དཔོན་བཀུར་ཞིང་འཁོར་གཡོགས་རྣམས་ལ་བྱམས།
།
བྱ་བཞག་བརྩོན་ཞིང་ངང་རྒྱུད་རིང་བ་དང་།
།
ཟས་ལ་ཡངས་ཤིང་གཉེན་བཤེས་དགའ་བར་མཛོད།
།
སྐྱེས་ཕྲན་གཞོན་ནུ་རྣམས་ལ་ཕྲིན་འདི་ཞུས།
།
དཔའ་མཛངས་ལྡན་ཞིང་འགྲོགས་ན་བདེ་བ་དང་།
།
གསང་ལ་དེས་ཤིང་རྒན་པའི་ངག་ལ་ཉན།
།
གཉེན་ལ་བརྩི་ཞིང་བྱ་བ་གྲིམས་པར་མཛོད།
།
ཡུལ་གྱི་ན་ཆུང་རྣམས་ལ་འདི་སྐད་ཞུས།
།
འཛུམ་དང་ཞེ་ས་གཙང་སྦྲར་ལྡན་པ་དང་།
།
ངང་རྒྱུད་དལ་ཞིང་གཟེག་དང་མོ་སོར་ལྟ།
།
གཡེང་ལ་མི་དགའ་ཡིད་དུ་འོང་བར་མཛོད།
།
བྱིས་པ་གཞོན་ནུ་རྣམས་ལ་ཕྲིན་འདི་ཞུས།
།
གནོད་འཚེ་ཆུང་ཞིང་ཕ་མའི་ངག་ལ་ཉོན།
།
རབ་ཏུ་བརླིང་ཞིང་ཡོན་ཏན་སློབ་ལ་བརྩོན།
།
འགྲོ་བ་ཀུན་གྱི་ཡིད་ལ་འབབ་པར་མཛོད།
།
བཀྲ་ཤིས་ཤོག
།
རྩོམ་ཡིག་ཕབ་བཤུ་བ། ནག་བཟའ་འཇམ་དབྱངས་ཀླུ་སྒྲུབ།
|