རྗེ་བཙུན་ཤིང་བཟའ་༧ ​​སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་ལོ་རྒྱུས་ཉུང་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »རྗེ་བཙུན་ཤིང་བཟའ་༧ ​​སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོ
རྗེ་བཙུན་ཤིང་བཟའ་༧ ​​སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་ལོ་རྒྱུས་ཉུང་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-05-12ལྟ་ཀློག (8566)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མ་ཧཱ་པཎྜི་ཏ་རྗེ་བཙུན་ཤིང་བཟའ་༧ སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་ལོ་རྒྱུས་ཉུང་བསྡུས།

ཤིང་བཟའ་པཎྜི་ཏ་༧ སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག
     ༄༅།། མ་ཧཱ་པཎྜི་ཏ་རྗེ་བཙུན་ཤིང་བཟའ་༧ སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་ནི། ད་ལྟའི་སི་ཁྲོན་མཛོད་དགེ་རྫོང་གི་མངའ་ཁུངས་ཨ་སྐྱིད་ཡ་བྱང་ཨ་ཁྱབ་ཚང་དུ་རབ་ཚེས་ཤིང་གླང་སྤྱི་ལོ1925ལོའི་ཟླ12ཚེས3ལ་ཁ་བ་ཆེན་པོ་བབས་པའི་ཉིན་ཡབ་རྟ་མགྲིན་སྐྱབས་དང་ཡུམ་རིག་འཛིན་འཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། ཁོང་ལ་སྤུན་མཆེད་མིང་སྲིང་ལྔ་ཡོད། སྐུ་ཉིད་ཆེ་བ་ཡིན། དགོང་ལོ་བཞིའི་སྟེང་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་ཚང་དང་རྭ་རྒྱའི་ཤིང་བཟའ་རྡོ་རྗེ་འཆང་གསེར་ཁྲི་རིན་པོ་ཆེ་རྣམ་པ་གསུམ་གྱི་དགོངས་པ་གཅིག་ཏུ་བབས་ནས་ཤིང་བཟའ་བླ་ཁོ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་། དགོང་ལོ་ལྔའི་སྟེང་ཨ་སྐྱིད་སེ་ར་བིས་དགའ་བོ་ལུང་གི་དགོན་པར་གདན་སར་བཀོད། ལོ་དེའི་ལྷ་བབས་དུས་ཆེན་ལ་སོག་ཡུལ་དུ་གདན་དྲངས་ཏེ་བེ་སི་དང་གོར་གོད་གཉིས་ཀྱིས་གཙོས་སོག་ཡུལ་གྱི་ཆེ་དགུ་རྣམས་ཀྱིས་རྟ་བསུ་དང་ཇ་ཐབ་དགེ་འདུན་འདུས་པ་རྒྱ་མཚོས་སེར་སྦྲེངས་དང་བཅས་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་གི་མི་འཇིགས་གདོང་ལྔའི་བཏེགས་པའི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་མཛད་སྒོ་རྒྱ་ཆེར་སྤེལ། ཆོས་འཇིག་གི་བྱ་བ་གང་ལ་ཐུགས་སྒམ་ཞིང་འདུལ་ཁྲིམས་མིག་གི་འབྲས་བུ་བཞིན་བསྲུང་བའི་རྗེ་བློ་བཟང་བཀྲ་ཤིས་པ་ཡོངས་འཛིན་དུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་མགོ་ཀ་ཁ་ནས་ཀློག་སློབ་པའི་དབུ་ཚུགས། རྗེ་འདི་བས་དམ་པ་ཁོང་མ་མཛངས་མའི་བུ་བཞིན་བསྐྱངས་ཏེ་ཆེ་ཚུགས་དང་ཤོམ་ར་འཛིན་དུ་མ་བཅུག་པར་གྲྭ་རྐྱང་དཀྱུས་མའི་ལུགས་གྱིས་སློབ་གཉེར་གནང་བཅུག་ནས་མཚམས་རེར་ན་བཟའ་འཚེམ་པ། ཟས་གཡོ་སྦྱོར། ཁང་བར་འདམ་དབྱིས་རྒྱག་པ། རྩིག་རྡོ་འཕེན་ཚུལ་སོགས་འཇིག་རྟེན་མི་ཆོས་གང་མང་བསླབ། དགོང་ལོ་བདུན་གྱི་སྟེང་གཉན་ཐོག་བཀའ་དྲིན་ཅན་གྱི་སྤྱན་སྔར་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་ཡང་དག་པར་མནོས། ཉིན་དེར་གཉན་ཐོག་རིན་པོ་ཆེས་བཀས་བསྐུལ་ཏེ་ལྗགས་རྩོམ་ཡ་མཚན་པ་ཞིག་ཀྱང་གནང་། དམ་པ་འདི་བ་སྐུ་ན་ཕྲ་མོའི་དུས་ནས་ལྗགས་རྩོམ་ཤར་ཤར་གནང་ཐུབ་པ་ཞིག་ཡིན། དགོང་ལོ་བཅུའི་སྟེང་ནས་གཉན་ཐོག་རིན་པོ་ཆེའི་མདུན་དུ་གསོ་བ་རིག་པའི་སྐོར་གྱི་དབང་ལུང་མན་ངག་གསན་ཏེ་གསོ་རིག་ལ་སློབ་གཉེར་གནང་བའི་དབུ་ལེགས་པར་ཚུགས། གཉན་ཐོག་བཀའ་དྲིན་ཅན་གྱིས་ཁོང་ལ་གསོ་རིག་ལ་བརྟེན་ནས་གདུལ་བྱ་སྐྱོང་དགོས་པའི་ལུང་བསྟན་གནང་། སློབ་གཉེར་ཕུལ་གང་ལ་རིམ་གྲོ་བྲེ་གང་ཟེར་བ་ལྟར་དགོང་ལོ་བཅུའི་སྟེང་ཡོངས་འཛིན་རིན་པོ་ཆེ་དང་ཁོང་རྣམ་པ་གཉིས་གནས་ཕུན་སུམ་ཚོགས་པ་སངས་རྒྱས་སྟོང་གི་བླ་རི་རྒྱལ་བ་སངས་རྒྱས་བཅོམ་འདས་ཀྱི་ལུང་གིས་ཟིན་པའི་ཇི་གིན་གྱི་བྱང་རིའི་ངོས་སུ་བགྲང་བྱ་གསུམ་གྱི་རིང་ལ་ཏཱ་རེ་དུང་ཕྱུར་བཟླས་པས་འགྲུབ་རྟགས་ཡ་མཚན་པ་བྱུང་། དགོང་ལོ་བཅུ་གཉིས་སྟེང་། སྟག་ཚང་དཔལ་གྱི་ལྷ་མོའི་ཆོས་གྲྭར་ཞུགས། རྗེ་བློ་བཟང་ཡོན་ཏན་ཚང་དགེ་རྒན་ལ་ཡང་དག་པར་བསྟེན་ཏེ་བསྡུས་གྲྭ་ནས་བཟུང་སློབ་གཉེར་རྡོ་རུས་ཐུག་པ་གནང་ནས་རྟགས་རིགས་གསར་རྩོད་སྐབས་རྩ་འགྲེལ་སོགས་ཐུགས་ཐོག་ནས་ཤར་ཤར་ཐོན་པས་མཁས་པའི་གྲགས་པ་དཀར་བོ་བསྐྱོད་མགོ་བརྩམས། འཛིན་གྲྭ་རིམ་གྱིས་འཕར་ཏེ་གྲུབ་དོན་ས་གསུམ་སོགས་དཔེ་འཛིན་སྐྱོར་སྦྱངས་ཡ་མ་བྲལ་བར་ཕར་ཕྱིན་དང་རྗེ་ཡབ་སྲས་ཀྱི་གསེར་རྣམ་རྟོགས་གསུམ་སོགས་ཐད་ཀ་ཐད་ཀའི་གཞུང་དང་ཟུར་བཀོལ་བཞི་སོགས་རྩོད་པ་ཧོར་ཁོངས་སུ་མ་ལུས་པར་དོགས་པ་ཆོད་ངེས་མཛད། དགོང་ལོ་བཅོ་ལྔའི་སྟེང་། བླ་མཚོའི་རི་ཁྲོད་པས་ཞུས་ཏེ་བེ་སི་དང་ཐོར་གོད་སོགས་ཕྱོགས་འདུས་ཀྱི་སྐྱ་སེར་མང་བོར་ལྷ་མོའི་བླ་མཚོའི་ཁར་ཐུགས་རྗེ་ཆེན་པོའི་དབང་གནང་། འདི་ནི་སྐལ་ལྡན་གདུལ་བྱའི་ཞིང་སར་དབང་ལུང་མན་ངག་གི་ཆོས་ཆར་ཕབ་པའི་ཐོག་མ་ཡིན། དགོང་ལོ་བཅུ་བདུན་སྟེང་། ཨ་སྐྱིད་མདོ་ཚ་སྒྲོལ་མ་སྐྱབས་སོགས་སྡེ་བའི་ཁ་མགོ་བ་ཐུན་མོང་ནས་ཨ་སྐྱིད་ཚོ་བ་ཡོངས་ཀྱི་ཚབ་བྱས་ཏེ་ཞུས་པས་དར་འཛིན་ལབ་ཙེའི་ཐོང་ཞོལ་དུ་དབང་རྡོ་རྗེ་ཕྲེང་བ་གནང་། དབང་སྐུར་ཤུལ་དུ་རྡེའུ་འབུམ་བླུགས་པས་རིག་གསར་དུས་གསང་ནས་མི་མང་བོས་བསྐོར་བ་བྱས་པས་ས་མར་བབས་ནས་བྱིས་པ་ཚོའི་མགོ་ཡང་མི་རིག་ཟེར། བསྐོར་བ་བྱས་པས་སྲོག་ཉེན་ལས་ཐར་བ་དང་བྱིས་པ་སྲི་མ་ལ་ཕན་ཐོགས་མང་དུ་བྱུང་བས་དམ་པ་ཁོང་གི་བཀའ་དྲིན་བསམ་གྱིས་མི་ཁྱབ། དགོང་ལོ་བཅོ་བརྒྱད་སྟེང་། གཉན་ཐོག་ཚང་གི་གཅོད་བརྒྱུད་ཡོངས་སུ་གཏད་ཅིང་ཁོང་དབུས་སུ་ཕེབས་ཏེ་ཟངས་རི་མཁའ་འགྲོ་མའི་གནས་སུ་ཞིང་བརྗེས་ཚུལ་བསྟན། དགོང་ལོ་བཅུ་དགུའི་སྟེང་། དགེ་བའི་བཤེས་གཉེན་མང་བོ་གསེར་གྱི་རི་ལྟར་བསྒྲིགས་པའི་དབུས་སུ་ཕར་ཕྱིན་སྟོན་མོའི་དམ་བཅའ་བཞག དགོང་ལོ་ཉི་ཤུའི་སྟེང་། དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཨ་ལགས་༧ བླ་ཁོ་རྡོ་རྗེ་འཆང་ཆེན་པོའི་སྤྱན་སྔར་བསྙེན་རྫོགས་བཞེས་ཏེ་ཁོང་གི་མདུན་སར་དཔེ་ཁྲིད་དང་དབང་བཀའ་མཐའ་ཡས་པ་གསན་པར་མ་ཟད་ཡོངས་ཀྱི་དགེ་བའི་བཤེས་གཉེན་ལྷ་མོ་ཚུལ་ཁྲིམས་ཚང་གི་དྲུང་དུ་སྒྲ་སྙན་ངག རྩིས་ས་རིས་སོགས་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་དང་བཀའ་ཆོས་ལ་ཕེབས།

ཀུན་གཟིགས་པན་ཆེན་ཐམས་ཅད་མཁྱེན་པའི་བཀའ་སློབ་ལ་གསན་བཞིན་པ།

    སྙན་ངག་གི་དཔེར་བརྗོད་བཞག་ནས་ཕུལ་བས་ཁོང་གིས་ཉིད་ལ་རྒྱལ་དབང་ལྔ་བའི་རྩོམ་གཤིས་ཡོད་ཅེས་བསྔགས་པའི་སྦྲང་ཆར་འཐོར། བཀའ་པོད་ལྔའི་གཙོས་རྒྱ་བོད་ཀྱི་གཞུང་ལ་ཐུགས་གཉེར་ལྷོད་མེད་མཛད་པར་ཐུགས་འཛིན་ཆེར་མི་གསལ་བར་དགོངས་ཏེ་ཁྲི་རྒྱལ་མཚན་སེངྒེའི་སྐུ་གདུང་མདུན་དུ་འགྲེལ་བ་དོན་གསལ་སྟོང་ཚར་སྐྱོར་བས་ཉིན་གཅིག་ལ་ཤོག་བུ་སྣ་རིང་སུམ་ཅུ་ལྷག་ཚེགས་མེད་དུ་འཛིན་ཐུབ་པ་བྱུང་། པོ་ཏི་ལྔའི་རྩ་བ་དང་མཐའ་དཔྱོད་སོགས་དགོས་ངེས་ཀྱི་གཞུང་ཕལ་ཆེར་ཐུགས་ལ་བྱང་བ་མཛད་ཅིང་ལུང་རིགས་ཀྱི་རྭ་རྩེ་བརྡར་བའི་དགེ་བཤེས་མང་བོའི་དབུས་སུ་དབུ་ཕར་མཛོད་འདུལ་སོགས་ལ་རྩོད་པའི་དོགས་པ་བཅད་དེ་ཡིད་དཔྱོད་ཙམ་གྱིས་ཚིམས་ནས་མ་བསྡད་པར་ཚད་མའི་སྟོབས་ཀྱིས་ངེས་པ་རྙེད་ཕྱིར་གཞུང་གུང་བསྒྲིགས་ནས་གཟིགས་རྟོག་ཞིབ་རྒྱས་མཛད་པའི་ཁར་གྲུབ་མཐའ་རེས་མེད་ཀྱི་བཤེས་གཉེན་མང་བོ་བསྟེན་ཏེ་སྔར་མ་ཐོབ་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུན་འཚོལ་བ་དང་ལོག་སྨྲ་ཚར་གཅོད་སྒྲ་ཚད་དང་སྐལ་ལྡན་རྣམས་རྗེས་སུ་འཛིན་པའི་བཟོ་གསོ་སྙན་ངག་སོགས་རིག་གནས་ཀུན་ལ་བསླབ། དགོང་ལོ་ཉེར་བརྒྱད་སྟེང་། རྡོ་སྦིས་དགེ་བཤེས་ཚང་དང་རྩོད་པ་བྱས་པས་ཆུ་ཆུང་ཆུང་ཞིག་གི་ནང་ན་ཉ་ཆེན་པོ་ཞིག་ཡོད་ཅེས་བསྔགས་བརྗོད་མཛད། ད་དུང་འདོན་རྟ་དབྱངས། ཐིག་རྡུལ་ཚོན། འབུད་རྡུང་དཀྲོལ་གསུམ། གཏོར་མ་བཅའ་བཟོ་སོགས་རྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན་བསླབ་པ་དང་། ཀ་མ་རུའི་ཡི་གེ་སོགས་རྒྱ་བོད་ཀྱི་ཡིག་གཟུགས་ཉེར་བཞི་ལྷག་བདེ་བླག་ཏུ་འབྲི་ནུས་པ་དང་། མཆོད་རྟེན་དང་དཀྱིལ་འཁོར་ཐིག་རྩ། ལྷ་རིས་ཀྱི་བཟོ་རྩལ་སྣ་ཚོགས། མགར་དང་ཤིང་བཟོ། ཚོན་གྱི་སྡེབ་ཁ། གསེར་ཟངས་ལས་སྣོན་སོགས་བཟོ་རིག་ལ་གཏིང་ཟབ་སྦྱངས་པའི་འབྲས་རྟགས་སུ་ས་ཁྲ་འབུར་བཟོ་དང་དཀྱིལ་འཁོར། ལྷ་རིས། རི་མོ་སྣ་ཚོགས། པཱ་ལིའི་ཡི་གེ་དང་ཧོར་ཡིག་འཁོར་མ། ཁྱིམ་ཆས་སྐོར་ལ་ཐགས་ཆ་དང་མདུན་ཅོག་སོགས། སོག་གུར་ལ་སོགས་པའི་མཚོན་ཕྱག་བཟོའི་རིགས་མང་བོ་མཇལ་རྒྱུ་ཡོད། སྟག་ཚང་ལྷ་མོའི་ཁྲི་དང་དགོང་ལོ་སོ་གཉིས་སྟེང་། ཀུན་མཁྱེན་བླ་མ་དང་བླ་བྲང་ཡིག་ཚང་གི་བཀས་དམུ་དགེ་འཁོར་ལོའི་དགོན་གྱི་ཁྲིར་ཕེབས། ཉིན་ཞིག་བོད་སོག་གཉིས་ཀྱི་བར་ལ་འཁྲུག་པ་བསླང་བའི་གདོན་འདྲེ་ཞིག་དམ་ལ་བཏགས། དགོང་ལོ་སོ་གསུམ་སྟེང་། དུས་འཁྲུག་གི་རླུང་འཚུབ་བོད་ཁམས་ཀྱི་ས་ཕྱོགས་གང་སར་གཡུག་སྟེ་བླ་མའི་བླ་མ་བྱེད་མི་ཆོག་པ་དང་གྲྭ་བའི་གྲྭ་བ་བྱེད་མི་ཆོག་པའི་ཀོ་རློན་པའི་ཞྭ་བཞིན་བསྡམས་སྐབས་དམ་པ་འདི་ཡང་རྒྱུར་བཀོལ་ལ་དེད། འོན་ཀྱང་དམ་པ་རེ་ཞིག་རྒུད་གྱུར་ཀྱང་།།བླུན་པོའི་བྱ་བའི་རྗེས་མི་འགྲོ་གསུངས་པ་ལྟར། དེ་ལྟ་བུའི་འཇིགས་རུང་གི་འཁྲུག་པས་ཟིན་ཀྱང་ཉིན་མོ་འབུད་ཤིང་འཐུས་ནས་ལས་བྱེད་སོ་སོར་སྐྱེལ་བ་སོགས་བྱས་ཀྱང་མཚན་མོ་མི་རིགས་རིག་གནས་མྱུར་སྐྱོབ་ཀྱི་ཕྱག་ལས་སྣ་ཚོགས་གནང་ནས་ལོ་ངོ་ཉེར་གསུམ་རིང་དཀའ་སྡུག་རྐྱང་རྐྱང་ཁྲོད་སྔོན་བྱས་ཀྱི་ལས་འབྲས་བདག་གིར་མཛད། དགོང་ལོ་ང་བརྒྱད་སྟེང་། ཡང་དར་བསྟན་པའི་ཆོས་སྒོ་ཕྱེས། ཕྱོགས་སོ་སོའི་དགོན་ཁག་དུ་མའི་ཆོས་སྒོ་ཕྱེ་བར་གྲོགས་དན་གྱིས་བཀའ་བསྐྱངས། དགོང་ལོ་རེ་གཅིག་སྟེང། དགའ་ལྡན་ཤར་བྱང་རྩེའི་དཔར་ཤིང་བསྐྱར་བཞེངས་ཀྱི་སྦྱིན་བདག་མཛད། 

དགེ་བའི་བཤེས་གཉེན་ཆེན་མོ་༧ངྷཱི་ཚ་ཡེ་ཤེས་ཚང་དང་ལྷན་དུ་དཔེ་སྒྲིག་སྐོར་ལ་གྲོས་ཞིབ་གནང་བཞིན་པ།
   དགོང་ལོ་རེ་གསུམ་སྟེང། སོག་བོད་སྨན་ཁང་གསར་དུ་བཙུགས་པ་དང་དགོང་ལོ་རེ་བཞིའི་སྟེང་དབུས་ནས་མཁན་པོ་ཁྲོ་རུ་ཚེ་རྣམ་གདན་དྲངས་ཏེ་རྨ་ལྷོ་ཁུལ་བོད་སྨན་ཁང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུའི་རིགས་ཀྱི་ལག་ལེན་མདོ་སྨད་དུ་དར་བར་བྱས་པས་མདོ་སྨད་ལོ་རྒྱུས་སྟེང་ཟིན་ཐོ་གསར་བ་བསྐྲུན། དགོང་ལོ་རེ་ལྔའི་སྟེང་། སོག་རྫོང་དུའང་མན་ངག་དེ་ཉིད་དར་བར་བྱས།

སྐལ་ལྡན་སློབ་བུ་མང་བོར་མན་ངག་སོགས་ཀྱི་ཁྲིད་རྒྱུན་གནང་བཞིན་པ།

དགོང་ལོ་རེ་དྲུག་སྟེང་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་ཆེད་སོག་པོ་མདའ་བཅུ་གཅིག་ལ་མགོ་འདོན་བརྩེ་སྐྱོང་གནང་། དགོང་ལོ་རེ་བརྒྱད་སྟེང་། བཀྲ་ཤིས་བདེ་ལེགས་འཁྱིལ་གྱི་འདུ་ཁང་བསྐྱར་བཞེངས་ལེགས་གྲུབ་ཀྱི་སྒོ་འཕར་ཕྱེ་ཆེད་ཀུན་མཁྱེན་དྲུག་པ་རྡོ་རྗེ་འཆང་ཆེན་པོ་གདན་དྲངས། དགོང་ལོ་རེ་དགུའི་སྟེང་། གདན་སའི་ཆོ་འཕྲུལ་སྨོན་ལམ་སླར་ཚུགས་མཛད། དགོང་ལོ་དོན་གཅིག་སྟེང་། གདན་སར་མཚན་ཉིད་ཀྱི་རྒྱལ་མཚན་བཙུགས། མདོར་ན་བོད་ཁམས་སྤྱི་ལ་མཛད་རྗེས་རླབས་ཆེན་མང་བོ་བཞག་ཡོད་པ་རྣམ་ཐར་དུ་གསལ། པཎ་ཆེན་རིན་པོ་ཆེ་དང་ཀུན་མཁྱེན་བླ་མའི་ཐུགས་ཟིན་ཅིང་ཁོང་རྣམ་གཙུག་གི་ནོར་བུ་ལྟར་བཀུར། དམ་པ་འདི་བ་ཐུགས་རྒྱུད་འཇམ་ཞིང་ཡོན་ཏན་གྱི་གཏེར་གྱུར་བ་ཞིག་ཡིན། ཁོང་གི་བྲིས་ཧ་ཅང་མགྱོགས་པས་ཞག་མ་གཅིག་ལ་པོད་གཅིག་ལོངས་པ་འབྲི་ནུས། ལྷ་མོ་ཚུལ་ཁྲིམས་ཚང་གིས་ཁོང་ལ་སོར་མོའི་འདུ་འགོད་གློག་ལས་མྱུར་ཞེས་བསྔགས་བརྗོད་མཛད།

ཁོང་གིས་ཕྱག་རྩོམ་གནང་བཞིན་པ།

ཁོང་གི་གསུང་རྩོམ་ལ་ང་བརྒྱད་སྔོན་པོད་བདུན་བཞུགས་ཀྱང་འཇིག་ད་ལྟ་གསུང་འབུམ་པོད་བརྒྱད་བཞུགས། སྐུ་ཚེ་གང་བོ་གཞན་དོན་རྐྱང་རྐྱང་སྒྲུབ་ནས་བཞུགས། དགོང་ལོ་དོན་བཞིའི་སྟེང་། རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་པར་གྱུར་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།

ཞེས་དམ་པ་གང་གི་བུ་སློབ་ཀྱི་གྲལ་མཐའ་ཙམ་ཟིན་པ་སོག་པོ་ལུང་རྟོགས་སུ་འབོད་པས་བོད་རབ་གནས་མེ་བྱ་ལོའི་ས་ག་ཟླ་བའི་ཚེས་བཅུ་དྲུག་ལ་ཁོང་གི་གདུང་མཆོད་དུ་དམིགས་ནས་བྲིས་སོ།།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c91f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྗེ་བཙུན་ཤིང་བཟའ་༧ ​​སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་ལོ་རྒྱུས་ཉུང་བསྡུས།   སྤེལ་མཁན།:  སྤེལ་དུས:2017/5/12
དགུང་ལོ
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23570920
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།