བརྩེ་ཆེན་དབྱངས་སུ་འཕོས་པའི་གདངས་སྙན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »བརྩེ་ཆེན་དབྱངས་སུ་འཕོས་པའི་གདངས་སྙན།
བརྩེ་ཆེན་དབྱངས་སུ་འཕོས་པའི་གདངས་སྙན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-05-07ལྟ་ཀློག (3357)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅༎ བརྩེ་ཆེན་དབྱངས་སུ་འཕོས་པའི་གདངས་སྙན།


གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དང་། ལྡོང་ཡོན་ཏན་གཉིས་ཀྱི་ཕན་ཚུན་སྐད་འཕྲིན་བརྙན་རིས་བརྒྱུད་ནས་བྲིས་པའི་རྩོམ་ཐུང་།
གདོས་བཅས་ལུས་འདི་བླ་བྲང་དུ་ཡོད་ཀྱང་།།
ཐོགས་མེད་སེམས་དེ་ཤེས་རིག་གླིང་དུ་ཕྱིན།།
དུས་ཀུན་སློབ་གསོར་བྲེལ་བའི་དགེ་རྒན་ཚོར།།

ཤིས་ཚིག་མེ་ཏོག་ཆུན་པོ་འབུལ་དུ་སོང་།།


འབྱུང་བཞིའི་ནད་ཀྱིས་ཅི་ཙམ་མནར་ན་ཡང་།།
སློབ་གསོའི་བྱ་བཞག་ཡིད་ནས་ཡལ་མ་མྱོང་།།
གལ་ཏེ་མཆོག་གསུམ་མཐུ་ཡིས་ནད་འདི་ལས།།
ཐར་ན་མི་རིང་མཇལ་བར་སྙིང་ནས་སྨོན།།


ཞེས་བཛྲ་ཚུལ་ཁྲིམས་ཀྱིས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་བཅས་པའི་དགེ་རྒན་ཡོངས་ལ་དགེ་རྒན་དུས་ཆེན་གྱི་འཚམས་ཞུར་ཕུལ།


ཐུགས་བསྐྱེད་དགུ་ཚིགས་ཞགས་པས་མི་ཟིན་པའི།།
མཚན་ཉིད་བཅུ་ལྡན་ཐེག་ཆེན་དགེ་བའི་བཤེས།།
རེ་ཞིག་གླིང་འདིར་ཕེབས་སྐལ་མ་བྱུང་ཡང་།།
དགེ་སློབ་དད་གུས་རེ་སྒུག་ལྷོད་མ་མྱོང་།།
བསླུ་མེད་མཆོག་གསུམ་དམ་པའི་བྱིན་མཐུ་དང་།།
བདག་ཅག་དགེ་སློབ་དད་མོས་མཐུ་སྟོབས་ཀྱིས།།
སློབ་དཔོན་ཁྱེད་ཀྱི་སྐུ་ཁམས་མྱུར་དྭངས་ཏེ།།
གླིང་འདིའི་གཙུག་རྒྱན་དམ་པར་མྱུར་ཕེབས་སྨོན།།


ཤེས་རིག་ནོར་བུའི་གླིང་དང་རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་གུས་ཕུལ་ཞེས་ལྡོང་ཡོན་ཏན་རྒྱ་མཚོས།


རི་ཆུ་འབུམ་ཕྲག་བརྒལ་ཡང་ཚན་རྩལ་གྱིས།།
བསྐྲུན་པའི་མེ་ལོང་འདི་ལས་གཅིག་ལ་གཅིག།
དུང་སེམས་གཟུགས་སུ་ཤར་བའི་འཛུམ་མདངས་དངོས།།
མཐོང་བའི་ངོ་མཚར་འཕྲུལ་འདི་ཨེ་མ་རྨད།།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།


མ་མཇལ་ཡུན་རིང་སོང་བའི་བདག་གི་བཤེས།།
གློ་བུར་ངོ་མཚར་འཕྲུལ་གྱིས་མཐོང་འདིས་སྤྲོ།།

ཞེས་ལྡོང་ཡོན་ཏན་རྒྱ་མཚོས།


འདི་ལྟར་འབྱུང་བཞིའི་འདུ་བ་མ་སྙོམས་པས།།
གང་ལ་དམིགས་པའི་བྱ་བཞག་ཀུན་ལུས་ཚེ།།
སུན་སྣང་དུད་སྤྲིན་འཁྲིགས་པའི་མེ་ལྕེ་ཡིས།།
སྙིང་གི་བུད་ཤིང་ཅིར་ཡང་སྲེག་ཅིང་གདུང་།།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།


མཁྱེན་རབ་ནམ་མཁའི་མཐར་སོང་ཞིང་།།
ལྷག་བསམ་གངས་རིའི་དཔལ་འཛིན་པའི།།
མཆོག་གི་ཡུན་རིང་སྙུང་གཞི་དེས།།
བདག་ཀྱང་གདུང་བའི་བཙོན་ལ་བཅུག།

ཞེས་ལྡོང་ཡོན་ཏན་རྒྱ་མཚོས།


ལས་འབྲེལ་འོ་མའི་ཆུ་གཏེར་ཆེ།།
འགྲོགས་འདྲིས་རླུང་གིས་རྟག་བསྲུངས་པས།།
དུང་སེམས་རྦ་རླབས་ཆལ་ཆིལ་དུ།།
གཡོ་བའི་ཆོས་ཉིད་སུ་ཡིས་འགོག།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།


ལོ་མ་སེར་བོ་འཚུབ་མ་རླུང་གིས་ཁྱེར།།
ཁུ་བྱུག་དབྱངས་སྙན་ཁ་བའི་དཔུང་གིས་ཁྱེར།།
སྟོན་མཇུག་མི་རྟག་སྟོན་པའི་ཉམས་འགྱུར་འདིས།།
བཤེས་གཉེན་དུང་ཟླ་དཀར་མོ་ལྷག་པར་དྲན།།

ཞེས་ལྡོང་ཡོན་ཏན་རྒྱ་མཚོས།


མི་རྟག་མི་རྟག་འདུས་བྱས་ཀུན་མི་རྟག།
མི་རྟག་ངང་ཚུལ་ཤེས་ན་མི་རྟག་ཉིད།།
མི་ལུས་རིན་ཆེན་མིའི་མཆོག་སངས་རྒྱས་སར།།
མི་རིང་བགྲོད་པའི་ཐབས་ཀྱི་མཆོག་ཏུ་འགྱུར།།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།


འདབ་ཆགས་མགྲིན་པའི་སྐད་སྙན་འགག།
དབྱར་གྱི་དཔལ་མོ་དངངས་བཞིན་བྲོས།།
ཁ་ཆར་བུ་ཡུག་འཚུབ་མ་ལོང་།།
དགུན་གྱི་རྒྱ་སྟག་ངར་བཞིན་སླེབས།།

ཞེས་ལྡོང་ཡོན་ཏན་རྒྱ་མཚོས།


མ་སྐྱོ་མ་སྐྱོ་སྡུག་དུས་མ་སྐྱོ་སྡུག་བསྔལ་འདི་ཡང་དྭངས་མཐའ་ཡོད་པས་ཡིད་ཐང་མ་ཆད་གཟེངས་སུ་བསྟོད།།
མ་ཆགས་མ་ཆགས་ཧ་ཅང་མ་ཆགས་སྐྱིད་དུས་མ་ཆགས་སྐྱིད་ཀྱང་མི་རྟག་བསླུ་བྲིད་སྒྱུ་མའི་ཆོས་སུ་ལྟོས།།
འདི་ལྟར་བལྟས་ན་དུས་བཞིའི་འགྱུར་ལྡོག་ལྗང་ལོའི་སྐྱེ་འདྲལ་སྤྲིན་གྱི་འདུ་འགོད་གང་སྣང་དཔེ་རུ་ཤར་འགྱུར་བས།།
དྲི་མ་མི་རྟག་གློ་བུར་འབྲལ་རུང་སེམས་ཀྱི་རང་བཞིན་འོད་གསལ་ཉིད་དུ་ངེས་པ་རབ་བསྐྱེད་སྤྲོ་བར་རིགས།།


ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས།


  ཞེས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་མཆོག་བསྙུང་གཞིའི་དབང་གིས་རེ་ཞིག་སློབ་གླིང་དུ་བཞུགས་མ་ཐུབ་པར་སྨན་ཁང་མང་བོར་ཕེབས་ཏེ་བཞུགས་ཡོད་པ་ལ། ད་རེབ་གནས་སྐབས་བླ་བྲང་དུ་བཞུགས་སྐབས་དགེ་རྒན་ལྡོང་ཡོན་ཏན་མཆོག་དང་དཔོན་སློབ་གཉིས་ཀྱིས་ཁ་པར་ལས་སྐད་འཕྲིན་བརྒྱུད་ཕན་ཚུན་བསྐུར་པའི་འཕྲིན་ཐུང་འདི་ཉིད་བཞུགས་པ་ཐོས་པས་ངེད་ཅག་གིས་ཀྱང་གསོལ་བ་ལན་བརྒྱར་ཞུས་པ་བཞིན་དགོངས་འཁྲོལ་བྱུང་སྟེ་བཀོད་པ་ལགས་ལ། ཁ་བྱང་འདི་ཡང་ཕྲན་བུ་ཅག་གིས་གང་བྱུང་དུ་བཏགས་པ་ལགས་པས་དོན་ལ་མ་འབྱོར་བ་ཡོད་ན་དགོངས་དག་ཞུས་པ་ཡིན།

རྩོམ་ཁུངས།  ཁ་བ་ལེབ་མོའི་འཕྲིན་སྟེགས་ལས་བཤུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། trjx བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23479496
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།