དཔེ་རྒྱན་སོ་གཉིས་ཀྱི་དཔེར་བརྗོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »དཔེ་རྒྱན་སོ་གཉིས་ཀྱི་དཔེར་བརྗོད།
དཔེ་རྒྱན་སོ་གཉིས་ཀྱི་དཔེར་བརྗོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-05-07ལྟ་ཀློག (22593)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།དཔེ་རྒྱན་སོ་གཉིས་ཀྱི་དཔེར་བརྗོད།

རྩོམ་པ་བོ།  པད་དཀར་འབངས།

༡ ཆོས་དཔེ།
སྟོབས་བཅུའི་དཔལ་མངའ་འདྲེན་མཆོག་ཤཀྱའི་ཏོག །
བྱ་རྒོད་ཕུང་བོར་ཞབས་སེན་འཁོད་པ་ན། །
གསེར་རིའི་ལྷུན་པོར་ཉི་འོད་བྱིན་པ་བཞིན། །
ཉིན་བྱེད་སྟོང་ལས་ལྷག་པའི་སྣང་བ་གསལ། །


༢ དངོས་པོའི་དཔེ།
རྨོངས་མུན་མ་ལུས་དྲུང་ནས་འཐར་བྱེད་ཅིང་། །
བློ་གྲོས་སྣང་བས་འཇིག་རྟེན་གསལ་མཛད་པ། །
བསླབ་གསུམ་ཁུར་གྱིས་དུད་པའི་པྲཛྙཱའི་ཞབས། །
རྟ་བདུན་དབང་བོ་ཉིད་དང་ཡང་དག་མཚུངས། །


༣ བཟློག་པའི་དཔེ།
མཚན་ལྡན་བཤེས་ཀྱི་སྨྲ་སྒོ་ཡངས་པ་ལས། །
གསུང་རབ་བརྡ་ཆད་ཅི་འདོད་འགྲོལ་བ་བཞིན། །
འཇམ་མཉེན་ཡོན་ཏན་འཛིན་པའི་ཆུ་སྐྱེས་ལས། །
བསུང་ཞིམ་དྲི་ངད་སྐྱེད་ཚལ་དཔལ་དུ་ཆགས། །


༤ ཕན་ཚུན་དཔེ།
བརྒྱད་གཉིས་ལང་ཚོའི་ཉམས་ལྡན་འཇམ་དཔལ་དབྱངས། །
ཇི་བཞིན་རྒྱལ་བ་གཉིས་པ་མཁྱེན་པའི་གཏེར། །
དགེ་ལྡན་རང་ལུགས་གསོ་བའི་བྱེད་པོ་བཞིན། །
ཟུར་ཕུད་ལྔ་བ་རྒྱལ་བ་ཀུན་ཀྱི་ཡབ། །


༥ ངེས་པའི་དཔེ།
ཀླུ་སྒྲུབ་དགོངས་པ་ཟབ་དོན་དབུ་མའི་ལུགས། །
ཐུབ་དགོངས་ཇི་བཞིན་འགྲེལ་མཁས་བློ་བཟང་གྲགས།།
བློ་གཏེར་འཇམ་དབྱངས་ཁོ་ནའི་རྗེས་འགྲོ་སྟེ། །
མཚུངས་དཔེ་གཞན་འགའ་ས་ཆེན་འདིར་མ་མཆིས། །


༦ ངེས་མེད་ཀྱི་དཔེ།
མཁྱེན་རབ་རལ་གྲི་གདེང་བའི་ཙོང་ཁ་བ། །
ཤིང་རྟ་ཆེན་པོ་ཀླུ་སྒྲུབ་གཟུགས་ཀྱི་ཟླ། །
གཞན་དུ་གང་དང་རྗེས་མཚུངས་སྲིད་པ་འདིར། །
མཆིས་ན་དེ་ཡང་དཔེ་ཟླ་ཅིའི་མི་འོས། །


༧ བསྡུས་པའི་དཔེ།
མཐོང་ན་དྲན་པ་འཐོམ་པའི་མིག་འཛུམ་ནི། །
ཁོ་ནས་འཆི་མེད་བུ་མོ་དང་མཚུངས་མིན། །
བྱིན་ཕྲའི་རྐེད་སྐབས་གཡོ་བ་དང་བཅས་པར།།
འཛུམ་དཀར་ལྷུག་ལྷུག་གྲོལ་བ་འདིས་ཀྱང་ངོ་། །


༨ ཕུལ་བྱུང་གི་དཔེ།
དུང་བའི་མྱོས་བུམ་བུ་མོའི་ལག་ཟུང་མཚམས། །
དབྱར་སྐྱེས་ཆུ་འཛིན་གསར་བ་ནམ་མཁའི་ངོས། །
རྟེན་གཞི་ཙམ་ལས་ཁྱད་པར་གཉིས་པ་ཞིག །
དཔྱད་གསུམ་བློ་ཡིས་བརྟག་ཀྱང་མ་འཚལ་ལོ། །


༩ རབ་བཏགས་ཀྱི་དཔེ།
ལྗོན་ཤིང་ལྕུག་མ་རླུང་གིས་བསྐྱོད་པ་ཡིས། །
མཛེས་མའི་ནག་སྣུམ་སྐྲ་ལོར་སྙེམས་མི་དགོས། །
སྐུད་པས་དཀྲི་བར་ནུས་པའི་ལེགས་འགྲོ་ཡི། །
མཇུག་མ་ཡིས་ཀྱང་དེ་ལ་སྒྲུན་པར་ནུས། །


༡༠ རྨད་བྱུང་གི་དཔེ།
གླང་བོའི་འགྲོས་ཅན་སྒེག་ལྡན་ལུས་ཕྲ་མས། །
མི་དབང་སྲས་གཙང་སྲས་པོ་སྦྲུམ་ནུས་ན། །
སྐྱོན་ལྔས་ཡོངས་དག་སྒྱུ་འཕྲུལ་ལྷ་མོ་ཡི། །
མཛེས་པ་ཟུམ་པར་བྱེད་ལ་ངལ་བ་བྲལ། །


༡༡ རྨོངས་པའི་དཔེ།
སྟོན་རླུང་གསེར་བུས་ཆུ་སྐྱེས་མགོ་ལྕོགས་དག །
དལ་གྱིས་ཆུ་བོའི་གཞུང་ལ་བསྒྱུར་བ་ན། །
མཛའ་མོ་ཆུ་ལྷས་འཕྲོག་ཅེས་བླུན་པོ་འགས། །
ཆོ་ངེས་འདོན་ཞིང་འགྲེས་ལོག་བྱེད་འདི་འཚར། །


༡༢ ཐེ་ཚོམ་གྱི་དཔེ།
མཛེས་སྡུག་དཔལ་ཆགས་རི་བོ་ཏི་སེ་ལ། །
རྟ་བདུན་དབང་བོའི་འོད་ཀྱིས་ཁྱབ་བམ་ཅི། །
ཡང་ན་ནོར་བུ་འཛིན་པ་མཚན་དཔེ་ཡིས། །
བརྒྱན་པ་ཡིན་ནམ་བདག་ཡིད་འཕྱང་མོ་ཉུག །


༡༣ གཏན་འབེབ་ཀྱི་དཔེ།
འཛུམ་དཀར་ལྷུག་ལྷུག་གྲོལ་བའི་མོད་ཉིད་ལ། །
གཟི་ཡི་རི་མོ་བཀྲ་བའི་མིག་ཟུང་གིས། །
ཡིད་ཀྱི་བརྟན་པ་ཡོད་དགུ་འཕྲོག་པ་འདི། །
ན་ཆུང་བུ་མོ་ཡིན་གྱི་ཟླ་བ་མིན།


༡༤ སྦྱར་བའི་དཔེ་ནི།
རབ་མཛེས་ཞལ་དཀྱིལ་དྲི་མས་དག་པ་ཡིས། །
རབ་དཀར་འོད་ཀྱི་འཛུམ་ཟེར་དང་བཅས་པར། །
རབ་གདུང་དུ་ཁ་བ་དག་དབུགས་འབྱིན་པའི། །
རབ་སྒེག་ལུས་ཕྲ་མ་འདི་ཟླ་བ་བཞིན། །

༡༥ མཉམ་ཉིད་ཀྱི་དཔེ་ལ་རིགས་ཀྱིས་དབྱེ་ན་གཉིས་ཡོད།
༡ སྒྲ་གཅིག་ལ་གཅོད་མཚམས་མི་འདྲ་བའི་དཔེ།

རྟག་ཏུ་སྙིང་ལ་འཁོར་བའི་འཛུམ་ཞལ་ཅན། །
ཀུན་ཏུ་མཛའ་བ་བརྟན་པའི་ཕ་མ་ལགས། །
ནམ་ཡང་དྲན་པའི་སྙིང་སྡུག་མ་ཡིན་པས། །
མངོན་ལྐོག་གཡོ་ལས་མེད་པར་སེམས་ཀྱིས་སྐྱོངས། །
                                        
༢ མིང་གཅིག་དོན་མི་འདྲ་བ་ལ་འཇུག་པའི་དཔེ།
རབ་དཀར་འོ་མའི་མཚོ་དང་པད་ཚལ་དུ། །
རབ་སྙན་རྒྱུད་མངས་དཀྲོལ་བའི་དབྱངས་ཅན་ལྷ། །
རབ་དགའ་བུ་མོའི་མཛེས་པ་འཕྲོག་བྱེད་སྟེ། །
རབ་སྙན་ངག་གི་དཔལ་མོ་ཞེས་སུ་གྲགས། །

 ༡༦ སྨད་པའི་དཔེ།
མཛེས་མའི་བརྩེ་དགར་ཕྲག་དོག་དུག་ཚེར་གཟེངས། །
ཕ་མའི་བྱམས་སྐྱོང་ཕྱོགས་རིས་མཐའ་ལ་ལྷུང་། །
ཕྱག་གཉིས་ཨུཏྤལ་བསྣམས་པའི་འཕགས་མ་ཡི། །
བརྩེ་ཆེན་ཐུགས་རྗེ་མཐོ་དམན་ཀུན་ལ་སྙོམ། །

༡༧ བསྔགས་པའི་དཔེ།
སྟོང་གསུམ་འཇིག་རྟེན་ཕ་མཐའ་བློ་ཡུལ་མིན། །
རིན་ཆེན་གཏེར་གྱི་གཏིང་མཐའ་སུ་ཡིས་དཔོག །
དེ་དག་ཉིད་དང་ཐུབ་པ་ཁྱེད་ཀྱི་ཐུགས། །
རིགས་མཐུན་ཉིད་དོ་འདྲེན་མཆོག་མིའི་མགོན་པོ། །

༡༨ བརྗོད་འདོད་ཀྱི་དཔེ།
མི་ཡི་བུ་མོ་གཟི་ཡི་མིག་འབྲས་ཅན། །
དྲང་བའི་གཟུགས་ལ་གར་གྱི་སྟངས་སྟབས་མཁན། །
ཐིག་ལེ་མཆོག་མ་ཉིད་དང་མཚུངས་སོ་ཞེས། །
བརྗོད་འདོད་ཀུན་རྟོག་འགོག་མེད་ཡིད་ལ་ཤར། །

༡༩ འགལ་བའི་དཔེ།
མི་བསྲུན་དཔུང་གིས་མི་འཇིགས་སྣང་མཐའ་ཡས། །
ལ་རྒྱའི་དཔུང་བ་བརྒྱངས་པའི་གུང་ཐང་དང་། །
སྒྲ་རིག་སྲོག་གིས་བསྲུངས་པའི་དམུ་དགེ་བ། །
རྣམ་པ་ཙམ་ལས་ཁྱད་པར་གཞན་མ་མཆིས། །

༢༠ དགག་པའི་དཔེ།
གཉིད་དང་བཟའ་བཏུང་སྙོམ་ལས་ལ་འཆའ་ཞིང་། །
སློབ་པའི་གཟུགས་བརྙན་འཛིན་པ་དེ་དག་གིས། །
གུས་རྟག་བརྩོན་པའི་ལང་ཚོ་དར་བ་ཡི། །
འཇིགས་མེད་བློ་གསལ་ཚོགས་ལ་འགྲན་མི་ནུས། །

༢༡ ངོ་བསྟོད་ཀྱི་དཔེ།
བཞིན་ལེགས་བུ་མོ་བརྩེ་དགའ་སྟེ། །
མཚོ་བྱུང་མ་ཉིད་བྱམས་སྙིང་རྗེ། །
འདི་ཀོ་འདྲ་བའི་ཆོས་དག་གིས། །
ཁྱད་པར་མེད་ཅེས་གཅིག་ཏུ་བརྗོད། །


༢༢ དེ་ཉིད་བརྗོད་པའི་དཔེ།
མཁྱེན་རབ་རལ་གྲི་གདེང་འདི་འཇམ་དཔལ་དང་། །
མཚུངས་ཀྱང་ཟུར་ཕུད་མེད་པ་བདག་གི་བཤེས།
མཚམས་སྤྲིན་གསར་བའི་རང་མདངས་འདི་ཀོ་ཡང་། །
འོད་ཟེར་མ་ལགས་ངུར་སྨུག་གོས་ཀྱི་མདངས། །

༢༣ ཐུན་མོང་མིན་པའི་དཔེ།
གངས་ལྗོངས་སྲིད་འབྱོར་རིག་པའི་བ་དན་ཆེ། །
ཟླུམ་གཟུགས་གོ་ལའི་སྤོ་རུ་འདེགས་མཁས་པ། །
མཚུངས་ཟླ་གཞན་མེད་འཇིགས་མེད་རྒྱལ་མཚན་ཞེས། །
རང་ཉིད་རང་གི་མཚུངས་དཔེ་བྱེད་དེར་འདུད། །

༢༤ འབྱུང་མིན་གྱི་དཔེ།
མཛངས་བློན་བདུན་གྱི་མཚུངས་མེད་བློ་གྲོས་ཀུན། །
མ་ལུས་ཡོངས་སུ་མངའ་བའི་རྭ་རྒྱ་བ། །
འཇིགས་མེད་རྒྱལ་མཚན་མིང་གི་ཅོད་པན་ཅན། །
གངས་ལྗོངས་ཐ་གྲུ་ཀུན་ན་རེ་རེ་ཙམ། །

༢༥ སྲིད་མིན་གྱི་དཔེ།
དབྱངས་ལྡན་ངག་ལས་དོན་མ་ཡིན་པའི་ཚིག །
དམ་པའི་བཤེས་ཀྱིས་འཆལ་སྤྱོད་མི་སྲིད་བཞིན། །
བྲིས་བཟང་བསམ་གཏན་སྐྱིད་ཀྱི་སོར་རྩེ་ལས། །
འཁྱོག་གཟུགས་བྲིས་ངན་འབྱུང་བ་ག་ལ་སྲིད། །

༢༦ མང་བོའི་དཔེ།
རབ་དཀར་ཞོ་གསར་དང་ནི་སྟོན་གའི་སྤྲིན། །
ཉི་འོད་འཁྱུད་པའི་ཁ་བའི་རྡུལ་བརྩེགས་བཞིན། །
གཉུག་སེམས་ཤིན་ཏུ་དཀར་བའི་འབྲོག་མོ་འདི། །
རྟག་ཏུ་མཐོང་བས་སྐྱིད་པའི་བརྩེ་དགའ་འཛིན། །

༢༧ རྣམ་འགྱུར་གྱི་དཔེ།
ལྔ་ཟུང་བཅུ་ཡི་ཤེས་རིག་ནོར་གླིང་གླིང་ནས་གཉིས་སུ་མཆེད་པ་འམ། །
ཕྱོགས་བཞི་དབུས་ཀྱི་གསང་ཆེན་མཁའ་སྤྱོད་སྤྱོད་བཟང་མང་བོ་ལྷགས་པ་བཞིན། །
སྔོན་མེད་གངས་ལྗོངས་བུ་མོའི་འདུ་ར་ར་བ་གངས་རིའི་དབུས་འདི་ན། །
ཕྱི་ནང་ཀུན་ཏུ་སྤྱོད་ལམ་རབ་གཙང་གཙང་མར་སྤྱོད་ལ་སུ་ཡིས་འགྲན། །

༢༨ ཕྲེང་བའི་དཔེ།
ཉིན་མོར་བྱེད་པས་གངས་ཀྱི་གཟི་མདངས་འཕེལ། །
ས་འཛིན་དཀར་བོས་ཀྱང་ནི་བསིལ་ལྗོངས་བཞིན། །
ཁ་བའི་ཞིང་འདིས་འཇིག་རྟེན་མཛེས་པ་ལྟར། །
པད་དཀར་འཛིན་པས་ས་གསུམ་ཤིས་པར་བཀོད། །

༢༩ ངག་དོན་གྱི་དཔེ་བཞིན་སྒྲ་གཅིག་པ།

འཇམ་མཉེན་ལུས་ལ་ཙན་དན་ལྡེ་གུ་ཡིས། །
བསུང་ཞིམ་འཐུལ་བས་འདོད་པའི་ཡིད་འཕྲོག་པ། །
ཨུ་དུམ་ཝ་རར་གེ་སར་རྡུལ་ཚོགས་ཀྱི། །
མནམ་པའི་དྲི་ཡིས་བུང་བ་འགུག་པ་བཞིན། །

བཞིན་སྒྲ་དུ་མ་ཅན།
སཱ་ལའི་ལྕུག་མ་བཞིན་དུ་ཕྲ་བའི་ལུས། །
རླུང་གིས་བསྐྱོད་པ་ཇི་བཞིན་གར་གྱིས་འཁྱུག །
མདོག་ལེགས་མེ་ཏོག་གིས་མཛེས་སྡོང་བུ་བཞིན། །
རིན་ཆེན་རྒྱན་ཆ་སྤུད་པའི་ཡིད་འཕྲོག་མ། །

༣༠ ཟླ་བོ་དངོས་པོའི་དཔེ།
བཅུ་ཕྲག་རིག་པའི་བསྟན་བཅོས་མང་གྱུར་ཀྱང་། །
རྟོག་གེའི་ཚིག་དོན་གཞུང་ལ་གང་གིས་འགྲན། །
དབྱིག་འཛིན་ལྟོ་བར་འདབ་ལྡན་བཞད་པའི་ནང་། །
པདྨ་དཀར་བོ་འབྱུང་བ་བརྒྱ་ལམ་ཙམ། །

༣༡ མཚུངས་སྦྱོར་གྱི་དཔེ།
ཤཱཀྱ་སེང་གེས་རིགས་བཞིའི་གདུལ་བྱ་སྐྱོང་། །
ལྷ་ཅིག་སྲོང་བཙན་རུ་བཞིའི་དཔུང་ལ་རྟོག །
བུ་རམ་ཤིང་བས་བདེན་བཞིའི་དེ་ཉིད་སྟོན། །
དབུ་གཉིས་པ་ཡིས་བསྡུ་བཞི་ལྷུར་ལེན་མཛད། །

༣༢ རྒྱུའི་དཔེ།
གདོང་ལ་རི་དྭགས་མིག་གིས་མཚན་པས་བུང་བ་གཡོ་བའི་ཨུཏྤལ་དང་། །
འཇམ་མཉེན་ལུས་དང་ཡན་ལག་ཉིད་ནི་བྱིན་གྱིས་ཕྲ་བས་པདྨ་ཅན། །
ནག་སྣུམ་ལན་བུ་རླུང་གིས་བསྐྱོད་པས་འོ་མཚོའི་ཀློང་གི་ལྷའི་བུ་མོ། །
གཟུགས་སྒྲ་དྲི་རོ་རེག་བྱ་སྟོབ་པས་རྐང་འཐུང་ནང་གི་ཡོངས་འདུ་བཞིན། །

དཔེ་རྒྱན་སོ་གཉིས་ཀྱི་དཔེར་བརྗོད་རྫོགས་སོ།།
                  ༢༠༡༧   ༤   ༢༠ ཉིན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23494035
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།