མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས་གསུམ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» འཛམ་གླིང་མི་སྣ། »མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པ
མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས་གསུམ་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-30ལྟ་ཀློག (8519)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།   མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས་དད་པའི་འཇུག་ངོགས་ལས།

གསུམ་པ།  བླ་མ་གསེར་གླིང་བའི་དྲུང་དུ་བྱང་ཆུབ་སེམས་ཀྱི་གདམས་པ་མ་ལུས་པ་གསན་པའི་སྐོར།

                                                                                         རྩོམ་པ་པོ་མི་གསལ།

  དེ་ལྟར་མདོ་སྔགས་ཀྱི་ཆོས་འཕགས་ཡུལ་དུ་བཞུགས་པ་མཐའ་དག་གསན་ཞིང་ཐུགས་ཉམས་སུ་བཞེས་ནས་མྱུར་ཏུ་འཚང་རྒྱ་བ་ལ་ལམ་གང་ཞིག་མྱུར་སྙམ་པ་ནར་མར་ཡོད་པ་ན་རི་ནག་པོའི་ཁོང་གསེང་ན་བཞུགས་པའི་བླ་མ་རྭ་ཧུ་ལ་གུབྟས་མངོན་ཤེས་ཀྱིས་མཁྱེན་ཏེ། དེར་བྱོན་ནས་ཇོ་བོ་རྗེ་ལ་ཡི་དམ་གྱི་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་མང་བོ་མངོན་དུ་གྱུར་བ་དང་། ཐུན་མོང་གི་དངོས་གྲུབ་མང་བོ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས། འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་འཆོས་ཤིག་ཅེས་གསུངས། ཡང་རྡོ་རྗེ་གདན་གྱི་ཁོར་ས་ན་ཕར་སྐོར་བ་མཛད་པའི་ཚེ་ལྡེར་བཟོ་གཅིག་གིས་གཅིག་ལ་དྲི་བ་དང་ལན་འདེབས་པའི་ཚུལ་དང་།

 རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་མིའི་ལུས་ལས་འདས་པའི་བུ་མོ་གཉིས་གཅིག་གིས་གཅིག་ལ་དྲི་བའི་ཚུལ་དུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱ་ཞེས་ཟེར་བ་ལ། ཅིག་ཤོས་ན་རེ། བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ།། ཞེས་གསུངས་ནས། བྱང་ཆུབ་ཀྱི་སེམས་སྦྱོང་ཐབས་བཟང་བ་ཞིག་གསུང་གི་འདུག་པ་ལ། སྐོར་བའི་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་ཐུགས་སུ་ཆུད། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེངས་པའི་རྡོ་རྭ་ན་བཞུགས་ཙ་ན། བུད་མེད་རྒན་གཞོན་གཉིས་འདུག་པས་གཞོན་པ་དེ་ལ་རྒན་པ་དེས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས་པ་དང་། ཡང་རྡོ་རྗེ་གདན་གྱི་གན་དོ་ལར་སྐོར་བ་མཛད་པའི་ཚེ། བྱ་འདབ་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས། ཡང་རྡོ་རྭ་ཁང་བུ་ལ་བསྐོར་བ་མཛད་པའི་ཚེ། བ་སོའོ་རྒྱལ་བ་ཤཱཀྱ་ཐུབ་པ་གཅིག་འདུག་པ་དེའི་ཞལ་ནས། ཛོ་ཀིའི་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུངས།

དེ་ནས་ཇོ་བོ་རྗེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གོང་འཕེལ་དུ་བྱས་ཏེ་མཐར་ཕྱིན་པའི་ཕྱིར་དེའི་མན་ངག་ཡོངས་སུ་རྫོགས་པ་མངའ་བ་ཞིག་སུ་ལ་ཡོད་སྙམ་རྩད་བཅད་པ་ན།

  དེའི་ཚེ་བླ་མ་གསེར་གླིང་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདག་པོར་གྲགས་པས་བླ་མ་གསེར་གླིང་བ་ཆེན་པོའི་ཞབས་དྲུང་དུ་བྱང་ཆུབ་སེམས་ཀྱི་གདམས་ངག་རྫོགས་པར་གསན་པའི་ཕྱིར་གསེར་གླིང་དུ་འབྱོན་པར་བཞེད་ནས་གསེར་གླིང་དུ་ཚོང་ལ་འགྲོ་བའི་ཚོང་བ་ལམ་རྒྱུས་ཅན་དང་བཅས་རྒྱ་མཚོ་ལ་གཟིངས་སུ་ཟླ་བ་བཅུ་གསུམ་གྱི་རིང་མཚོའི་སྟེང་དུ་བྱོན་ཏེ་དེའི་ཚེ་བདུད་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱི་བསྟན་པ་དར་བར་མ་བཟོད་ནས་ཇོ་བོའི་བྱང་ཆུབ་ཀྱི་སེམས་ལ་བར་ཆད་བྱེད་པའི་ཕྱིར་མི་མཐུན་པའི་རླུང་བཏང་སྟེ་གྲུ་གཟིངས་ལམ་ལོག་པར་བསྒྱུར་བ་དང་། ཆུ་སྲིན་ཉ་མིད་ཆེན་པོ་རི་ལྟ་བུས་གྲུ་གཟིངས་ཀྱི་མདུན་བཀག་པ་དང་། ནམ་མཁའ་ནས་ཐོག་བབས་པ་སོགས་གནོད་པ་ཆེན་པོ་བྱས་པ་ན།

པཎྚི་ཏ་སའི་སྙིང་བོས་ཇོ་བོ་རྗེ་ལ་ཐུགས་དམ་བསྐུལ་བའི་གསོལ་འདེབས་ཤུགས་དྲག་ཏུ་བྱས་པས། ཇོ་བོ་རྗེས་གཤིན་རྗེ་གཤེད་དམར་བོའི་ཏིང་ངེ་འཛིན་གྱི་སྒོ་ནས་བདུད་སྡེ་དཔུང་དང་བཅས་པ་བཏུལ་ཏེ་རིམ་གྱིས་གསེར་གླིང་དུ་ཕེབས།

     གླིང་དེའི་སྣེ་ཟིན་པ་ན་སྔར་བོད་ཀྱི་རྒྱལ་བོས་བཞེངས་པའི་བདེ་གཤེགས་མཆོད་རྟེན་གསེར་ལས་གྲུབ་པའི་དྲུང་དུ་གསེར་གླིང་བ་ཆེན་པོའི་སློབ་མ་བསམ་གཏན་པ་འགའ་ཞིག་བཞུགས་པ་དང་མཇལ། དེར་ཞག་བཅུ་བཞིའི་རིང་དཔོན་སློབ་ཚང་མ་ངལ་གསོས་ཤིང་། བསམ་གཏན་པ་དེ་དག་ལ་བླ་མ་གསེར་གླིང་བའི་རྣམ་ཐར་རྩད་གཅོད་ཅིང་བཞུགས། དེ་ལ་བླ་མ་གསེར་གླིང་བའི་ཐུགས་དམ་གྱི་རིམ་པ་གང་ལ་མཛད་པ་དང་། བརྒྱུད་པའི་ཁུངས་བཙུན་པ་གང་ནས་འདེད་པ་དང་། གཞུང་ལུགས་ཇི་ཙམ་ཞིག་ཐུགས་ལ་མངའ་བ། ལུང་དང་རིག་པའི་མན་ངག་ཇི་ཙམ་གྱི་བདག་པོ་ཡིན་པ། ཐུགས་རྒྱུད་འབྱོངས་པ། རྟོགས་པའི་ཚད་དང་ཡོན་ཏན་ཇི་ཙམ་མངའ་བ། ཐམས་ཅད་བླ་མ་གསེར་གླིང་བའི་སློབ་མ་བསམ་གཏན་པ་ལ་དྲིས་པས། བསམ་གཏན་པ་དག་གིས་ཀྱང་བླ་མའི་རྣམ་པར་ཐར་བ་སྣོན་འཕྲི་མེད་པར་བཤད་པ་ལ་བརྟེན་ནས་ཐོབ་པ་ཙམ་གྱིས་དགའ་བ་སྐྱེས།   གསེར་གླིང་བའི་སློབ་མ་བསམ་གཏན་པ་དག་གིས་ཀྱང་ཇོ་བོ་རྗེའི་རྣམ་པར་ཐར་བ་པཎྚི་ཏ་སའི་སྙིང་བོ་ལ་སོགས་པར་དྲིས་པས་པཎྚི་ཏ་སའི་སྙིང་བོ་ལ་སོགས་པ་ཇོ་བོའི་སློབ་མ་རྣམས་ཀྱིས་ཇོ་བོ་རྗེ་ཉིད་ཀྱིས་རྒྱལ་སྲིད་སྤངས་ནས་ཐར་བ་སྒྲུབ་ལགས། བླ་མ་དཔག་ཏུ་མེད་པ་བསྟེན་ལུགས། གཙུག་ལག་ཁང་དཔག་ཏུ་མེད་པའི་བདག་པོ་གནང་ལུགས། ཡོན་ཏན་རྒྱ་ཆེན་པོ་མངའ་ལུགས་སོགས་བཤད་པ་ལ་བརྟེན་ནས་བསམ་གཏན་པ་ཀུན་ན་རེ། འོ་ན་པཎྚི་ཏ་ཆེན་པོ་འདི་རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པ྄ཾ་ཀཱ་ར་ཤྲི་ཛྙཱ་ན་བྱ་བ་ཡོད་ཟེེར། སའི་སྙིང་བོས་སྨྲས་པ།

རྒྱལ་བ་གཉིས་པར་འཇིག་རྟེན་ཡོངས་ན་གྲགས།

ལྔ་བཅུ་རྩ་གཉིས་པཎ་ཆེན་ཡོངས་ཀྱིས་བསྐོར།།

ཐེག་པ་ཆེ་ཆུང་ཡོངས་ཀྱིས་བསྔགས་པ་དེ།།

རྒྱ་གར་མཁས་པ་ཆེན་པོར་ཡོངས་སུ་གྲགས་ཞེས་སྨྲས།

གསེར་གླིང་བའི་སློབ་མ་བསམ་གཏན་པ་ཀུན་གྱིས་སྨྲས་པ། ས་ཡི་བདག་པོ་གནས་འདིར་ལྷགས་པ་ལེགས། ཐོས་པས་སྙན་པ་མཐོང་བས་སྐྱོ་ན་ཡང་།

དེ་རིང་བདག་ཅག་བསོད་ནམས་སྐལ་བར་ལྡན།།

མཁས་པ་ཆེན་པོ་གཟིངས་ལ་བྱོན་པ་ལེགས།།

བར་དུ་བདུད་ཀྱིས་དཀྲུགས་པར་མ་གྱུར་རམ།།

ཉ་མིད་རླུང་གི་བར་ཆད་མ་མཆིས་སམ།།

ཡུན་རིང་འཚེ་བས་ཉེན་པར་མ་གྱུར་ཏམ་ཞེས་སྨྲས། སའི་སྙིང་བོས་ལན་སྨྲས་པ། ཟླ་བ་བཅུ་ནས་འོངས།

དབང་ཕྱུག་ཆེན་པོས་ཉ་མིད་རླུང་དམར་གཡོས།།

དེ་ནས་གཟིངས་སུ་ཞུགས་ནས་འོངས་པ་ན།།

རྗེ་བཙུན་ནམ་མཁའ་མཛོད་ལ་མངའ་བརྙེས་པས།།

བརྒྱ་དང་ཉེར་ལྔ་འཕོངས་ཤིང་དུབ་པར་གྱུར།།

མི་མཐུན་ཕྱོགས་རྣམས་བདེན་པའི་ཚིག་གིས་ཞི།།

  ཞེས་གསུངས་པ་དང་། བསམ་གཏན་པ་རྣམས་དགའ་ཞིང་རབ་ཏུ་དགྱེས་ཏེ། ཇོ་བོ་ཆེན་པོའི་ཕྱོགས་གཅིག་ཏུ་འདུག་པའི་དྲུང་དུ་འོངས་ཏེ་གུས་པས་འདི་སྐད་དོ།། ཁྱེད་ཀྱི་སྙན་པ་རྒྱང་ནས་ཐོས་པ་ན། དགའ་བའི་སེམས་ཀྱིས་མཐོང་ན་ཡིད་སྨོན་ཤོར། ད་འདིར་མཁས་པ་ཆེན་པོ་ལྷགས་པ་ན། ཡེ་ཤེས་མུན་པའི་སྒྲིབ་པ་གནོན་པར་གྱུར། ད་ནི་ལུས་དང་ངག་དང་ཡིད་དག་གིས། རབ་ཏུ་གུས་པས་ཁྱེད་ལ་ཕྱག་འཚལ་ལོ། ཞེས་ཇོ་བོ་རྗེའི་དྲུང་དུ་ཕྱག་འཚལ་བ་དང་། ཇོ་བོ་རྗེས་ཀྱང་སླར་ཁེངས་སྤངས་ཏེ་གུས་པས་ཕྱག་བགྱིས། ཡང་བསམ་གཏན་པ་ཀུན་གྱིས་སྨྲས་པ།

སྐྱེས་བུ་དམ་པ་གླིང་འདིར་ལྷགསཔ་ཡི།།

ཆེ་དུ་བྱ་བ་གང་ལགས་གསུང་དུ་གསོལ།།

གུས་པས་ཁྱེད་ཀྱི་བྱ་བ་བདག་གིས་བྱ།།

ཅི་འཚལ་བདག་ལ་ལེགསཔར་བཀའ་སྩལ་ཅིག།

ཅེས་ཞུས་པས། ཇོ་བོ་རྗེས།

བདག་ནི་གསེར་གླིང་བླ་མའི་དྲུང་དུ་འོངས།།

དལ་འབྱོར་ལུས་ལ་སྙིང་བོ་ལེན་དུ་འོངས།།

ཁྱེད་ཅག་མྱུར་དུ་བླ་མའི་དྲུང་དུ་སོང་།།

  ཞུས་པ་བདག་ལ་འདོད་པའི་སྐབས་དབྱེ་ཞིག ཞེས་གསུངས་པས་དེ་ནས་བསམ་གཏན་པ་དག་གིས་བླ་མ་གསེར་གླིང་བའི་དྲུང་དུ་མྱུར་བར་ཕྱིན་ཏེ། དེང་སང་རྒྱ་གར་ཤར་ནུབ་གཉིས་ན་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ན་བྱ་བ་དེ་སློབ་མ་བརྒྱ་དང་ཉི་ཤུ་རྩ་ལྔའི་ཚོགས་དང་ལྷན་ཅིག་རྒྱ་མཚོ་ཆེན་པོ་ལ་ཟླ་བ་བཅུ་གསུམ་གྱི་བར་དུ་དཀའ་བ་སྤྱད་ནས་བླ་མ་ཁྱེད་ཀྱི་དྲུང་དུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སྐྱེད་པར་བྱེད་པའི་ཡུམ་གཙོ་བོར་གསན་པ་དང་། སྨོན་འཇུག་གི་སེམས་བསྐྱེད་དེ་ཐེག་པ་ཆེན་པོའི་བློ་སྦྱོང་བའི་ཆེད་དུ་ཕེབས་འདུག་ཅེས་གསོལ། བླ་མ་གསེར་གླིང་བ་ཆེན་པོའི་ཞལ་ནས།

ས་ཡི་བདག་པོ་བྱོན་པ་ལེགས།།

དབང་ཕྱུག་ནག་པོ་རྟུལ་བ་ལེགས།།

མི་མཐུན་ཕྱོགས་ལས་རྒྱལ་བ་ལེགས།།

སྙན་པའི་བ་དན་སྒྲོགས་པ་ལེགས།།

ཉེས་སྐྱོན་མེད་པར་སླེབས་པ་ལེགས།།

དགེ་སློང་ཐམས་ཅད་ཆོས་གོས་གསོལ། དམ་པ་དེ་ལ་བསུ་བ་བགྱི། ཞེས་གསུངས། དེ་ནས་ཇོ་བོ་རྗེ་དཔོན་སློབ་རྣམས་བླ་མ་གསེར་གླིང་བ་ཆེན་པོའི་ཕོ་བྲང་དང་ཉེ་བར་ཕེབས་པ་ན།བླ་མ་གསེར་གླིང་བས་དགེ་སླིང་ཆོས་གོས་རྣམ་གསུམ་ཁ་དོག་མཐུན་པར་གསོལ་བ། ཐམས་ཅད་མཐུན་པར་རིལ་བ་སྤྱི་བླུགས་འཛིན་པ། འཁར་གསིལ་མཛེས་པར་བསྣམས་པ་ཤིན་ཏུ་དང་བ་འདྲེན་པ་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་སུམ་ཅུ་རྩ་ལྔའི་སྣ་བླ་མ་གསེར་གླིང་བས་གདན་དྲངས་ནས་དགེ་ཚུལ་དྲུག་ཅུ་རྩ་གཉིས་ཀྱིས་བརྟེན་ཏེ།

མདོར་ན་རབ་ཏུ་བྱུང་བ་ལྔ་བརྒྱ་དང་དགུ་བཅུ་རྩ་བདུན་གྱིས་རྒྱང་རིང་ནསབསུ་བའི་ཕྱིར་ནར་གྱིས་བྱུང་བ་གཟིགས་སོ།།

      དེ་མ་ཐག་ཏུ་བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་ནདགྲ་བཅོམ་པ་རྣམས་ཀྱིས་བསྐོར་བ་ལྟར་ཤིན་ཏུ་དང་འདྲེན་ཞིང་ཐུགས་ཉམས་དགའ་བའི་མཐར་ཐུག་པར་གྱུར་ཏོ།། དེ་ནས་ཇོ་བོ་རྗེས་པཎྚི་ཏ་སའི་སྙིང་བོ་ལ་སོགས་པ་རིག་པའི་གནས་ལྔ་ལ་མཁས་པའི་པཎྚི་ཏ་དང་། སྡེ་སྣོད་གསུམ་ལ་མཁས་པའི་དགེ་སློང་རྣམས་ཕྱགས་ལྷམ་འབྲིང་མིག་མ་གསོལ་བ། ཁ་ཆེ་གུར་ཀུམ་གྱིས་ལེགས་པར་ཁ་བསྒྱུར་བའི་ཆོས་གོས་རྣམ་གསུམ་ཕལ་ཆེན་སྡེ་བས་ལེགས་པར་བསྔགས་པ་མཛེས་པར་གསོལ་བ། ཐམས་ཅད་ཀྱང་རྟེན་འབྲེལ་གྱི་ཆེ་བས་ལྕགས་ཀྱི་ལྷུང་བཟེད་རབ་ཚད་བུག་རྡོལ་མེད་པ་བསྣམས་པ། ཟངས་ཀྱི་རིལ་བུ་སྤྱི་བླུགས་མ་ག་ངྷའི་བྲེ་གང་ཤོང་བ་དང་། བསྟན་པའི་བདག་པོས་རབ་ཏུ་བསྔགས་པའི་འཁར་གསིལ་ལ་སོགས་པའི་མཚན་རྟགས་ཐམས་ཅད་ལེགས་པར་ཚང་བ། ཐམས་ཅད་ཀྱང་པཎྚི་ཏའི་དབུ་ཞྭ་ང་རྒྱལ་མེད་པ་གསོལ་བ། རྔ་ཡབ་དཀར་བོ་རེ་ཕྱག་ན་བསྣམས་པ་བརྒྱ་དང་ཉི་ཤུ་རྩ་ལྔ་ཇོ་བོ་རྗེའི་མཇུག་ཏུ་བར་དུ་མི་རེ་ཤོང་ཙམ་དུ་མ་འབྱར་བ། རྒྱང་ཆེས་མ་གྲགས་པ། བར་མ་ཆད་པར་འཇའ་ཚོན་སྣ་ལྔའི་གུར་བཞིན་དུ་བླ་མ་གསེར་གླིང་བ་གང་ན་བཞུགས་པ་དེར་བྱོན་པ་དང་། ཐམས་ཅད་ཕུན་སུམ་ཚོགས་པ་ཤ་སྟག་ཏུ་གྱུར་བས་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་མགུ་ནས་མེ་ཏོག་གི་ཆར་ཕབ། གསེར་གླིང་ན་གནས་པའི་སྐྱེ་བོ་ཐམས་ཅད་བླ་མ་གཉིས་ཀྱི་མཛད་པ་ལ་ངོ་མཚར་རྨད་དུ་བྱུང་བའི་དད་པ་སྐྱེས་སོ།།                   

     དེ་ནས་ཇོ་བོ་རྗེའི་བརྐྱངས་ཕྱག་ཤིང་རྩ་བ་ནས་བཅད་པ་ལྟར་བྱས་ནས་རིན་པོ་ཆེའི་བུམ་པའི་ནང་དུ་དངོས་པོ་ཅི་ཡོད་ཕྱི་ནས་གསལ་བ་ཞིག་གསེར་དང་། དངུལ། མུ་ཏིག བྱུ་རུ། བཻཌཱུརྱས་བཀང་སྟེ་བླ་མ་གསེར་གླིང་བ་ཆེན་པོའི་ཕྱག་ཏུ་ཕུལ། བྱང་ཆུབ་སེམས་སྦྱོང་གི་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་གསན་པའི་རྟེན་འབྲེལ་དུ་འགྲིག བླ་མ་གསེར་གླིང་བ་ཆོས་ཀྱི་གྲགས་པས་ཇོ་བོའི་དབུ་ལ་བཞག་ནས་ཤིས་པ་མང་དུ་བརྗོད། གསེར་གླིང་བའི་ཞལ་ནས་ཁྱེད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་ནུས་སམ་ཞེས་གསུངས་ནས་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་གསེར་སྐུ་གཅིག་ཇོ་བོ་རྗེ་ལ་གནང་།  དེ་ནས་བླ་མའི་གཟིམ་ཁང་དུ་དངུལ་གདུགས་ཅན་གྱི་ནང་དུ་བྱོན། དེར་བླ་མ་གསེར་གླིང་བས་ཀྱང་རྟེན་འབྲེལ་གྱི་ཆེ་བས་ཆོས་ཀྱི་ཐོག་མར་མངོན་པར་རྟོགས་པའི་རྒྱན་མན་ངག་དང་བཅས་པ་ཆོས་མཐུན་བཅོ་ལྔ་ཙམ་གྱིས་ལེགས་པར་བཀྲལ་ནས་བཤད་པར་མཛད། བླ་སློབ་གཉིས་ཤིན་ཏུ་ཐུགས་དག་པར་གྱུར་ནས་དབུ་སྔས་སྦྲེལ་ཏེ་ལོ་བཅུ་གཉིས་ཙམ་གྱི་རིང་ལ་མན་ངག་ཁོལ་དུ་ཕྱུང་བ་ཙམ་མིན་པའི་རྗེ་བཙུན་བྱམས་པ་མགོན་པོ་ནས་འཕགས་པ་ཐོགས་མེད་ལ་བརྒྱུད་པའི་ཡུམ་ཤེར་ཕྱིན་གྱི་སྦས་དོན་ཡོངས་སུ་རྫོགས་པ་དང་། རྗེ་བཙུན་འཇམ་དབྱངས་ནས་ཞི་བ་ལྷ་ལ་བརྒྱུད་པའི་བདག་གཞན་བརྗེ་བའི་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ཐུན་མོང་མ་ཡིན་པ་ལ་གསན་བསམ་སྒོམ་པ་མཐར་ཕྱིན་པར་མཛད་དེ་བླ་མའི་ཞབས་དྲུང་དུ་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་དུ་འཁྲུངས། བླ་མ་གསེར་གླིང་བས་ཀྱང་ཇོ་བོ་རྗེ་བསྟན་པའི་བདག་པོར་མངའ་གསོལ་ཏོ།། 

དེ་ནས་བླ་མ་གསེར་གླིང་བས་ཇོ་བོ་རྗེ་ཉིད་བོད་ཁ་བ་ཅན་དུ་བྱོན་ན་བསྟན་པ་དང་སེམས་ཅན་དཔག་ཏུ་མེད་པར་ཕན་ཐོགས་ཆེན་པོ་ཡོང་བར་གཟིགས་ཏེ། ལྷ་གཅིག་འདི་རུ་མ་བཞུགས་བྱང་དུ་བྱོན། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ་དུ་བྱོན་ཅེས་ལུང་བསྟན། དེ་ནས་ཚོང་བ་དང་འགྲོགས་ཏེ་རྒྱ་གར་དུ་ཚུར་བྱོན་ནོ།།

 རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63v9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23648706
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།