ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ། ༣
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་
ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ། ༣
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-19ལྟ་ཀློག (4810)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༅།  །ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།

རྩོམ་པ་བོ། ལྡོང་ཡོན་ཏན་རྒྱ་མཚོ།

དྲུག་པ། བརྩེ་བ་ཡོད་མིན་དང་ཆགས་བྲལ་ཡིན་མིན་ལས་ཕུལ་དུ་བྱུང་ཚུལ་བསྟན་པ།

རྩ་བར། 

གང་ཞིག་བརྩེ་མེད་གཞན་ལ་གནོད་པར་བརྩོན་པ་དང་། །

གང་ལ་འགྲོ་བ་དག་ནི་སྐྱབས་སུ་སོང་གྱུར་བ། །

འདོད་ཆགས་བཅས་དང་གང་ཞིག་འདོད་ཆགས་རྣམ་བྲལ་བ། །

དེ་ལས་གང་ཞིག་འདི་ན་མཆོད་བྱ་སོམས་ཏེ་སྨྲོས།

   ཞེས་གསུངས་ཏེ། དོན་ནི། ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པ་གང་ཞིག་གཞན་ལ་གནོད་ཅིང་འཚེ་བར་བྱེད་པ་དེ་དག་ནི་བརྩེ་བ་མེད་ཅིང་སྙིང་རྗེ་དང་བྲལ་བ་ཡིན་ཏེ། བྱམས་བརྩེ་དང་སྙིང་རྗེ་ཅན་གྱིས་ནི་གཞན་སུ་ལའང་གནོད་པར་བརྩོན་པའི་ལས་གང་ཡང་མི་བྱེད་པ་དང་། ཡང་དག་པར་རྗོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ལ་འགྲོ་བ་སེམས་ཅན་དག་ནི་སྲིད་ཞི་གཉིས་ཀྱི་འཇིགས་པ་ལས་སྐྱོབ་ཕྱིར་ཁ་ཙམ་ཚིག་ཙམ་མ་ཡིན་པར་ལེགས་པར་སྐྱབས་སུ་སོང་བར་གྱུར་བ་ལགས་ལ། དེ་བཞིན་དུ་སྐྱབས་སུ་འོས་ཤིང་སྐྱབས་ཀྱི་གཞིར་གྱུར་བའང་ཡིན་ཏེ།  རྒྱལ་བ་རང་ཉིད་འཇིགས་པ་ཐམས་ཅད་ལས་གྲོལ་ཞིང་། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་མཁས་པ། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པ། ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་མཛད་པ་བོ་ཉིད་ཡིན་པས། ཞལ་ནས་ཀྱང་། ཁྱེད་རྣམས་ཀྱི་རྟེན་དང་། གནོད་པའི་སྐྱབས་ནི་ངས་བྱའོ། །འཇིགས་པར་མ་བྱེད་ཅིག་ཅེས་པ་སོགས་པའི་གསུང་གིས་ལེགས་པར་དབྱུགས་དབྱུང་བར་མཛད་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན། སློབ་དཔོན་དཔའ་བོའི་བསྟོད་པ་བརྒྱ་ལྔ་བཅུ་བ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོད་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པ་ལྟར། སྐྱེས་བུ་གང་ཞིག་ནི་ཡིད་དུ་འོང་བའི་ཟག་བཅས་ཀྱི་དངོས་པོ་ལ་དམིགས་ནས་འབྲལ་དཀའ་བའི་འདོད་ཆགས་ཀྱི་སེམས་བྱུང་སོགས་ཉོན་མོངས་དང་བཅས་པ་དང་། སྐྱེས་བུ་གང་ཞིག་ནི་འདོད་ཆགས་སོགས་ཉོན་མོངས་དག་དང་རྣམ་པར་བྲལ་བ་ཡིན་ལེགས་པར་བརྟགས་ནས།དེ་གཉིས་ལས་ནི་གང་ཞིག་ཐུགས་རྗེ་དང་ལྡན་ཞིང་འདོད་ཆགས་སོགས་ཉོན་མོངས་དང་བྲལ་བ་དེ་ཉིད་ནི།འདི་ན་བདག་སོགས་ཀྱིས་སྒོ་གསུམ་གུས་པས་བསྙེན་བཀུར་དང་མཆོད་པར་བྱ་བ་དང་སྐྱབས་སུ་འགྲོ་བའི་ཡུལ་ཉིད་ཡིན་པ་དཔྱོད་ཅིང་སོམས་པའམ་ཤེས་པར་གྱིས་ཏེ་གཞན་ལའང་དེ་བཞིན་དུ་སྨྲོས་ཤིག ཅེས་པའོ། །

འདི་ནི་རྒྱ་འགྲེལ་གྱི་འགྲོས་ལྟར་བཀྲལ་ཡོད་དོ། །


བདུན་པ། འཇིག་རྟེན་པའི་ལྷ་དག་སྐྱོན་དང་བཅས་པས་སྐྱབས་སུ་མི་འོས་ཚུལ་བསྟན་པ།

རྩ་བར།

བརྒྱ་བྱིན་རྡོ་རྗེ་ཐོགས་ཤིང་སྟོབས་ཅན་གཤོལ་ཐོགས་ཁྱབ་འཇུག་འཁོར་ལོའི་མཚོན་ཐོགས་དང་། །

སྐེམ་བྱེད་མདུང་ཐུང་ཐོགས་ཤིང་ལྷ་ཆེན་རྩེ་གསུམ་མཚོན་ཐོགས་དུར་ཁྲོད་གནས་ གྱུར་བ། །

དེ་དག་བྱིས་པ་སྙིང་བརྩེ་མེད་པ་སྣ་ཚོགས་མཚོན་ཐོགས་སྡུག་བསྔལ་འཇིགས་པས་ཉེན། །

རྟག་ཏུ་སྲོག་ཆགས་འཛོམས་པར་བརྩོན་པ་དེ་ལ་མཁས་པ་སུ་ཞིག་འདུད་པར་བྱེད།  །

  ཞེས་གསུངས་ཏེ། དོན་ནི། དགྲ་རྣམས་གསོད་པར་ནུས་པས་བརྒྱ་བྱིན་དུ་གྲགས་པ་ལྷའི་དབང་བོས་ནི་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པའི་དྲང་སྲོང་ཞོ་འཐུང་ཞེས་བྱ་བའི་རྩིབ་ལོག་གི་རུས་པ་བླངས་ཏེ་བཟོ་བོ་ལས་ཐམས་ཅད་པས་རྡོ་རྗེའི་མཚོན་ཆར་བྱས་པ་དེ་ཉིད་ཕྱག་ཏུ་ཐོགས་ཏེ་ལྷ་མ་ཡིན་སྒྲ་གཅན་སོགས་གཞོམ་པར་བྱས་ཤིང་། ནོར་ལྷ་སྲེད་མེད་དང་དེའི་ཆུང་མ་སྣར་མ་གཉིས་ཀྱི་བུ་ཡིན་པས་སྣར་མ་སྐྱེས་དང་། ཀླུའི་རྒྱལ་བོ་ནོར་རྒྱས་ཀྱི་སྤྲུལ་བ་དང་ཁྱབ་འཇུག་གི་ཕུ་བོར་གྲགས་པ། རྩལ་སྟོབས་ཆེ་བའི་ཆ་ནས་སྟོབས་བཟང་དང་སྟོབས་ཅན་དུ་འབོད་པས་ནི་ལག་ན་ཞིང་རྨོ་བྱེད་ཀྱི་ཐོང་གཤོལ་ཐོགས་ཏེ་གཞན་ལ་འཚེ་ཞིང་ས་ཆེན་པོ་འཛིན་པར་བྱེད་པ་དང་། སྣ་ཚོགས་གཟུགས་ཅན་དང་། གོས་སེར་ཅན། མི་ཡི་སེང་གེ། མེ་ཏོག་ལྟོ་སོགས་མིང་གི་རྣམ་གྲངས་དུ་མ་དང་ལྡན་པའི་ལྷ་ཆེན་པོ་ཁྱབ་འཇུག་གིས་ནི། སྔོན་དྲང་སྲོང་ལས་ཐམས་ཅད་པས་ཉི་མ་ཆ་བཅུ་གཉིས་སུ་བཏང་བ་གཟི་བྱིན་ཞེས་པས་བསྡུས་ཏེ་འཁོར་ལོར་བྱས་པ་ཤིན་ཏུ་འབར་བས་ལྟ་ན་སྡུག་པར་གྲགས་པ། ཕྱིས་སུ་ཁོ་ལ་བརྒྱ་བྱིན་གྱིས་གནང་བའི་འཁོར་ལོའི་མཚོན་ཆ་དེ་ཐོགས་ནས་ལྷ་མིན་གྱི་དཔུང་ཚོགས་བག་མེད་དུ་གསོད་པ་དང་། དབང་ཕྱུག་དང་ཨུ་མ་གཉིས་ཀྱི་བུ། རྟག་ཏུ་ལོ་བཅུ་དྲུག་གི་ན་ཚོད་དུ་གནས་ཤིང་། མདུང་ཐུང་འཆང་བ། ལྷའི་དམག་དཔོན་བྱེད་ནུས་པ། ཚུལ་ཁྲིམས་བརྟུལ་ཞུགས་ཀྱི་ཚངས་སྤྱོད་ལ་གནས་པ། རྨ་བྱ་ལ་ཞོན་པ། ཨུ་མ་དང་། གང་གཱ། མེ་ལྷ། སྨིན་དྲུག འདམ་བུའི་ཚལ། ས་ག་སྟེ་མ་དྲུག་གིས་བསྐྱེད་བསྲིངས་པ། མ་དྲུག་ལ་བལྟ་བའི་ཕྱིར་གདོང་བ་དྲུག་ཏུ་ སྤྲུལ་བས་གཞོན་ནུ་གདོང་དྲུག་ཏུ་འབོད་པ། ལྷ་མ་ཡིན་གྱི་སྟོབས་སྐེམ་པར་བྱེད་ནུས་པ་དེ་ཉིད་ཀྱིས་ནི། ལྷ་མ་ཡིན་མ་ཧེ་ཞེས་པས་ལོ་ལྔ་བརྒྱའི་བར་དུ་དཀའ་ཐུབ་བསྟེན་ནས་ལྷ་ཆེན་མགུ་བར་བྱས་ཏེ་སྐྱེས་བུ་གསོད་པའི་ཕྱིར་མདུང་ཐུང་གི་མཆོག་བླངས་པ་ལ། ལྷ་མོ་ཨུ་མས་མཐུ་དང་རྫུ་འཕྲུལ་གྱིས་ལྷ་མིན་དེ་ཉིད་བསད་ཅིང་མདུང་ཐུང་འཕྲོག་ནས་ཁོ་ལ་བྱིན་པ་དེ་ཐོགས་ནས་ཕ་རོལ་ལྷ་མ་ཡིན་སྐར་མའི་དཔུང་ཚོགས་སོགས་འཇོམས་ཤིང་། ཇི་སྐད་དུ། གང་ཞིག་མེ་ནི་རྣོ་ལྟར་སྲེག །གང་ཞིག་གཏུན་ཤིང་གཟི་ཅན་ཟ། །ཤ་དང་རྐང་དང་ཁྲག་སོགས་ཟ། །དེས་ན་དྲག་པོར་བཤད་པ་ཡིན། །ཞེས་པ་ལྟར་གདུག་ཅིང་རྩུབ་པའི་ལྷ་ཆེན་པོའམ་དབང་ཕྱུག་གམ་བདེ་འབྱུང་གིས་ནི་དྲང་སྲོང་ཞོ་འཐུང་གི་རུས་པ་ལས་བཟོས་པའི་མདུང་རྩེ་གསུམ་མམ། ཡང་ན་ལྷ་རྣམས་ཀྱིས་ཕུལ་བའི་དྲང་སྲོང་ཞོ་འཐུང་གི་རུས་པ་དང་། ཀླུ་རྣམས་ཀྱིས་ཕུལ་བའི་རི་བོ་མན་ད་རའི་གཞིར་གྱུར་བའི་རུས་སྦལ་གྱི་ཐོད་པ། མི་རྣམས་ཀྱིས་ཕུལ་བའི་རྡོ་རྗེ་བཅས་ལས་ཐམས་ཅད་པས་མདུང་རྩེ་གསུམ་གཅིག་ཏུ་བྱས་ཏེ་ཕུལ་བའི་མཚོན་ཆ་ཐོགས་ཤིང་། ཐོད་པའི་ཕྲེང་བས་མགོ་བརྒྱན་ཅིང་ཐལ་བ་ལུས་ལ་བསྐུས། གླང་བོ་ཆེའི་པགས་པ་རློན་པ་གྱོན་ཞིང་ལག་གཡོན་པར་ཐོད་པ་བཟུང་སྟེ་སྨྱོན་པའི་བརྟུལ་ཞུགས་འཛིན་བཞིན། ཉིན་རེ་བཞིན་དུ་གྲོང་ཁྱེར་ཨུ་ཙ་ཡ་ན་ཞེས་བྱ་བར་དྲག་པོའི་གནས་དུར་ཁྲོད་ཆེན་པོ་ཞིག་ཡོད་པ་དེར་ལྷ་དང་འབྱུང་བོའི་ཚོགས་འདུས་པའི་མདུན་དུ་ལུས་གཅེར་བུར་པི་ཝང་སྒྲེང་ཏེ་གླུ་ལེན་ཞིང་གར་བྱེད་པ་སོགས་ཀྱིས་གནས་པར་གྱུར་བ་ཡིན་ནོ། ། 

དེས་ན། ཇི་སྐད་དུ། མདོ་ལས། དགེ་སློང་དག ཉེས་པར་སེམས་པ་དང་།   ཉེས་པར་སྨྲ་བ་དང་། ཉེས་པར་སྤྱོད་པའི་ལས་སྤྱོད་པས་བྱིས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། ཕྱི་རོལ་འཇིག་རྟེན་པའི་ལྷ་དེ་དག་ནི། ལས་འབྲས་ལ་རྨོངས་ཤིང་། བླང་དོར་དབྱེ་འབྱེད་མི་ཤེས་པ། སྒོ་གསུམ་བག་མེད་དུ་གཏོང་བའི་བྱིས་པ་བློའི་ནར་མ་སོན་པ། བདག་ཏུ་ལྟ་བའི་ངར་འཛིན་གྱི་སེམས་ཀྱིས་བདག་ཁོ་ན་བདེ་ཞིང་སྐྱིད་པའི་དོན་དུ་འབད་པ་ལས། གཞན་ལ་བྱམས་སྙིང་རྗེ་དང་བརྩེ་སེམས་ཕྲ་མོ་ཙམ་ཡང་མེད་པ། འཁོར་ལོ་དང་མདུང་རྩེ་གསུམ་སོགས་སྣ་ཚོགས་པའི་མཚོན་ཆ་རྒྱུན་པར་ལག་ཏུ་ཐོགས་ནས་གཞན་དག་གསོད་གཏུབ་སོགས་ཅི་བྱེད་དགོས་ཀྱང་བག་ཚ་བ་མེད་པར། གཞན་གྱི་ལུས་དང་སེམས་ལ་སྡུག་བསྔལ་ཞིང་འཇིགས་པས་ཉེན་པ་དང་གདུང་བར་བྱེད་པ། དུས་རྟག་ཏུ་དབུགས་ལྡན་སྲོག་ཆགས་སུ་ཡང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་རྩད་ནས་འཇོམས་པར་འབད་ཅིང་བརྩོན་པ་དེ་དག་ལ་ནི། བླང་དོར་དབྱེ་འབྱེད་བྱེད་པའི་ཤེས་རབ་ཀྱི་རྩལ་དང་ལྡན་ཞིང་ཡོན་ཏན་དང་སྐྱོན་གྱི་བྱེ་བྲག་ཕྱེད་པའི་མཁས་པ་སུ་ཞིག་གིས་གུས་པས་འདུད་པར་བྱེད་ཅིང་ཕྱག་འཚལ་བ་ དང་སྐྱབས་སུ་འགྲོ་སྟེ་གཏན་ནས་སྐྱབས་སུ་མི་འགྲོའོ།  །ཞེས་པའོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506485
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།