ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་
ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-14ལྟ་ཀློག (3531)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༅།།ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།


རྩོམ་པ་བོ། ལྡོང་ཡོན་ཏན་རྒྱ་མཚོ།

བཞི་བ། བྱམས་བརྩེ་རིས་སུ་ཆད་མིན་ལས་ཕུལ་དུ་བྱུང་ཚུལ་བསྟན་པ།

རྩ་བར།

ང་ཡིས་འདི་ལ་གནོད་བྱ་འདི་ཉིད་བསྲུང་བྱ་འདི།  །

བསད་བྱ་ཞེས་པ་ལྷ་ཡི་མཆོག་གི་གཞུང་ལུགས་ཡིན། །

སངས་རྒྱས་ལ་ནི་དགྲ་དང་མཛའ་བཤེས་མི་མངའ་བར། །

ངེས་པར་ལེགས་དང་མངོན་པར་མཐོ་བས་ཕན་འདོགས་མཛད། །

 ཅེས་གསུངས་ཏེ། དོན་ནི། དེ་ཡང་ལྷ་ཆེན་པོ་ཁྱབ་འཇུག་གིས་ནི་ལྷ་མ་ཡིན་སྟོབས་ལྡན་ཚར་བཅད་པ་སོགས་དང་། སྒྲ་གཅན་གྱིས་ཟླ་བ་མིད་པ། དྲང་སྲོང་གཽ་ཏ་མས་དམོད་བོར་ཏེ་བརྒྱ་བྱིན་གྱི་ལུས་ལ་མོ་མཚན་སྟོང་དང་ལྡན་པར་བྱས་པ། ལྷ་མོ་ཨུ་མས་གངྒའི་བུ་ལ་མགོ་མེད་པར་བྱས་པ་སོགས་ཕྱི་རོལ་བའི་ལྷ་དང་སྲང་སྲོང་དག་གིས་ནི་འདིས་ང་ལ་གནོད་ཅིང་འཚེ་བར་བྱས་པས་དེའི་ལན་དུ་ང་ཡིས་ཀྱང་འདི་ལ་གནོད་པར་བྱ་བ་ཡིན་ལ། ཡང་ཁྱབ་འཇུག་དང་། དབང་ཕྱུག ཚངས་པ། བརྒྱ་བྱིན་(ཁྱད་པར་འཕགས་བསྟོད་ལས། ཁྱབ་འཇུག་དབང་ཕྱུག་ལ་སོགས་པ། །དེ་ལ་སྐྱེ་བོ་དགའ་དད་པས། །དེ་ཡི་ཡོན་ཏན་གང་བསྒྲགས་པ།།ཁྱོད་ཀྱི་བསྟན་ལ་དེ་དག་སྐྱོན། །ཞེས་གསུངས་པ་ལྟར་རོ། །)སོགས་གཞན་སྡེའི་སྟོན་པ་དེ་དག་གིས་གཞན་རྣམས་རང་ལ་དགའ་ཞིང་དད་ན་དེ་ཚོའི་སྐྱོན་ཡང་ཡོན་ཏན་དུ་བསྒྲགས་པ་སོགས་འདི་ཉིད་ནི་ངའི་གཉེན་དང་གྲོགས་སོ་ཞེས་ཕྱོགས་ལྷུང་གི་བསམ་པ་ཤུགས་དག་པོས་བསྲུང་བར་བྱ་བ་མ་ཟད། མཆོད་སྦྱིན་གྱི་ཆེད་དུ་ཕྱུགས་སོགས་འདི་དག་ནི་གང་འདོད་དུ་བསད་པར་བྱ་དགོས་པ་ཏེ། དེ་ལ་སྡིག་པ་མེད་ཅིང་དགེ་བ་ཆེན་པོར་འགྱུར་རོ་ཞེས་པ་ནི་ལྷ་ཡི་མཆོག་གི་བདག་ཉིད་དུ་རློམ་པའི་ཚངས་པ་དང་། ཁྱབ་འཇུག དབང་ཕྱུག གཟེགས་ཟན་པ། རྒྱལ་དཔོག་པ་སོགས་ལ་སོགས་པའི་དྲང་སྲོང་དག་གིས་བསྟན་པའི་རིག་བྱེད་གཞུང་ལུགས་ཀྱི་ དགོངས་པ་དང་བྱ་བའི་ལས་ཉིད་ཡིན་ལ། ཚད་མའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ལ་ནི། ཇི་སྐད་དུ། བདེན་པ་བོའི་ལེའུ་ལས། རྒྱལ་བོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིག །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕངས། །དེ་བས་ཡུན་རིང་ཚེ་སྲུང་སུ་འདོད་པས། །ཡིད་གྱི་དགུ་ལ་(གཏིང་ངམ་ཀུན་སློང་)སྲོག་གཅོད་མི་བསམ་མོ། །ཞེས་དང་། ནད་དང་མྱ་ངན་རྣམ་པ་མང་དག་གིས། །ཤིན་ཏུ་གཙེས་པའི་སྐྱེ་དགུ་  ཉོན་མོངས་རྣམས། །གཟིགས་ནས་སྡུག་བསྔལ་མ་ལུས་བསལ་སླད་དུ། །སྟོབས་བཅུ་མངའ་བའི་ཐུགས་རྗེ་རབ་ཏུ་སྐྱེ། །ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། ། ཞེས་གསུངས་པ་ལྟར། ལུས་ཅན་མཐའ་དག་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན། སྡུག་བསྔལ་མེད་པའི་བདེ་བ་དང་མ་བྲལ་ན། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་ན་ཅི་མ་རུང་སྙམ་པ་སོགས་རིས་སུ་མ་ཆད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་ལྷག་བསམ་སོགས་ཀྱི་ཡོན་ཏན་མཐའ་དག་དང་ལྡན་པ་ཡིན་པས། འདི་དང་འདི་ནི་ངའི་དགྲ་དང་། འདི་དང་འདི་ནི་ངའི་གཉེན་ཉེ་དུ་དང་གྲོགས་མཛའ་བཤེས་ཡིན་ནོ་ཞེས་ཕྱོགས་སུ་ལྷུང་བའི་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་མི་མངའ་བ་སྟེ་མེད་པར། དབུགས་ལྡན་སྐྱེ་འགྲོ་ཡོད་དོ་ཅོག་ངེས་པར་ལེགས་པ་སྟེ་གདོན་མི་ཟ་བར་བདེ་ལེགས་སུ་གྱུར་བའི་ཐར་བ་དང་ཐམས་ཅད་མཁྱེན་པ་དང་།  མངོན་པར་འདོད་ཅིང་ཕུལ་དུ་བྱུང་བའི་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ངན་ འགྲོ་ལས་མངོན་པར་མཐོ་བ་ལྷ་མིའི་གོ་འཕང་ལ་འགོད་པར་བྱེད་པས་ཕན་འདོགས་རྒྱ་ཆེན་པོ་མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ ལྡན་ནོ། ། ཞེས་པའོ། །


ལྔ་བ།  སྟོན་པ་ཆེན་པོར་འོས་མིན་ལས་ཕུལ་དུ་བྱུང་ཚུལ་བསྟན་པ།

རྩ་བར།

ཁྱབ་འཇུག་ཚིག་ནི་འདོད་ཆགས་ལ་སོགས་སྐྱོན་རྣམས་བསྐྱེད། །

ལྷ་ཆེན་པོ་ཡི་བྱེད་སྤྱོད་གང་ཡིན་སྨྱོན་པ་བཞིན། །

དེ་བཞིན་གཤེགས་པ་ཉེས་པ་མ་ལུས་སེལ་མཛད་ན། །

སུ་ཞིག་སྟོན་པ་ཆེན་པོར་འོས་པ་དཔྱད་པར་གྱིས། །

  ཞེས་གསུངས་ཏེ། དོན་ནི། དྲང་སྲོང་ནོར་ལྷ་སྲེད་མེད་དང་ལྷ་མོ་གཏུམ་མོ་གཉིས་ཀྱི་སྲས། ལྷ་ཆེན་པོ་ཁྱབ་འཇུག་གིས། ཇི་སྐད་དུ།ཉི་མའི་ནང་ན་བདག་ཁྱབ་ འཇུག །སྐར་ནང་འོད་ལྡན་ཟླ་བ་ཡིན། །རླུང་ནང་ན་ནི་འོད་ཟེར་ཅན། །སྣང་བ་ཅན་ནང་ཉི་མ་ཡིན། །རིག་བྱེད་ནང་ན་སྙན་ཚིག་ང་། །ལྷ་ནང་ན་ནི་བརྒྱ་བྱིན་ཏེ། །དབང་བོའི་ནང་ན་ཡིད་ཡིན་ལ། །འབྱུང་བའི་ནང་ན་སེམས་ཡིན་ཞིང་། །ང་ནི་བདེ་བྱེད་དྲག་པོའང་། །སྲིན་པོ་གནོད་སྦྱིན་ནང་ནོར་བདག །ནོར་ལྷའི་ནང་ན་མེ་ལྷ་ང་། །རི་བོའི་ནང་ན་ང་རི་རབ། །ང་ནི་ཡི་གེའི་ནང་ན་ཨ། །ཞེས་དང་། བདག་ནི་མཚོན་གྱིས་མི་ཆོད་ཅིང་། །མེས་ཀྱང་མི་འཚིག་ཆུས་མི་འདྲུལ། །ཞེས་པ་ལ་སོགས་པའི་རྫུན་ཚིག་ནི་དུ་མ་སྨྲས་ནས་སྲིད་སྒྲུབ་རྨོངས་པར་བྱས་ཏེ་དགྲ་ངན་དཔུང་ཚོགས་བརླགས་པར་མཛད་པ་སོགས་དང་། རྟོག་གེ་འབར་བ་ལས། སྲེད་མེད་ཀྱི་བུ་ནི་འདོད་ཆགས་དང་བཅས་པ་ཡིན་ཏེ། བུད་མེད་སྟོང་ཕྲག་བཅུ་དྲུག་འཕྲོག་པར་བྱེད་པའི་ཕྱིར་རྒྱལ་བོ་ངན་པ་བཞིན་ནོ། །སྲེད་མེད་ཀྱི་བུ་ནི་ཞེ་སྡང་དང་བཅས་པ་ཡིན་ཏེ། རྔོན་པ་དང་བྱ་བ་ལ་སོགས་པ་བཞིན་ནོ། །སྲེད་མེད་ཀྱི་བུ་ནི་གཏི་མུག་དང་བཅས་པ་ཡིན་ཏེ། ཟླ་བ་བཞིའི་བར་དུ་གཉིད་ལོག་པའི་ཕྱིར་སྦལ་བ་དང་སྦྲུལ་ལ་སོགས་པ་བཞིན་ནོ། །ཞེས་གསུངས་པ་ལྟར། ཆུང་མ་དཔལ་མོ་དང་མངག་གཞུག་མ་ལ་སོགས་པའི་བུད་མེད་དྲུག་སྟོང་དང་ལྷན་ཅིག་དགའ་མགུར་སྤྱོད་པས་འདོད་ཆགས་ཆེ་བ་ལ་སོགས་སྐྱོན་གྱི་རིགས་རྣམས་བསྐྱེད་ཅིང་དེའི་ཁོལ་བོ་ལྟ་བུར་གྱུར་ནས་ཡོད་པ་དང་། གངས་རི་ཏི་སེ་ན་ལྷ་མོ་ཨུ་མ་དང་ཁྱུ་མཆོག་ལ་སོགས་པའི་འཁོར་གྱི་ཚོགས་སྟོང་གིས་བསྐོར་ནས་གནས་པའམ། རི་རབ་ཀྱི་བྱང་ཤར་ཐོད་པ་དགུ་བརྩེགས་ཀྱི་ཕོ་བྲང་ན། ཁྱབ་འཇུག་དང་དགའ་བྱེད་དབང་ཕྱུག་ལ་སོགས་པ་ཕོ་དང་། ཨུ་མ་དང་དྲུག་ལྡན་མ་ལ་སོགས་པ་མོའི་འཁོར་ཉི་ཤུ་རྩ་རེ་རེ་དང་། གཞན་ཡང་གནོད་སྦྱིན་དང་རིམས་ཀྱི་བདག་མོ་ལ་སོགས་པ་དུ་མས་བསྐོར་ནས་གནས་པར་བཤད་པའི་དབང་ཕྱུག་གིས་ནི། པི་ཝང་སྦྲེང་ཞིང་གླུ་ལེན་པ་དང་། དགའ་བར་བྱེད་པ་ཉན་ཅིང་གར་བྱེད་ལ། དེས་བདེ་བ་ཐོབ་པར་འགྱུར་བ་དང་། གཅེར་བུར་གནས་པས་འབྱོར་བ་ཐོབ་པར་འགྱུར་ཞེས་ འཛེམ་མེད་དུ་སྨྲ་ལ། བདག་ཉིད་བཞད་གད་ཀྱི་སྤྱོད་པ་ལྟ་བུར་བསྟན་པར་དགའ་བ། རང་གི་རིགས་ཀྱི་མཚང་བརྟོལ་བར་དོགས་ཏེ་ཚངས་པའི་སྟེང་གདོང་ཡང་སེན་མོས་བཅད་པ། དྲང་སྲོང་མང་བོའི་ཆུང་མ་དང་བུ་མོ་རྣམས་ཀྱི་མདུན་སར་མཚན་མ་བསྒྲེངས་ཏེ་བསྟན་ནས་སེམས་གཡོ་བར་བྱས་པས་དྲང་སྲོང་དག་ཁྲོས་ཤིང་དམོད་པའི་སྟོབས་ཀྱིས་རང་གི་མཚན་མ་ས་ལ་ལྷུང་བ་མེས་བྱིན་ཞེས་པའི་དྲིན་གྱིས་སླར་སོས་པ། ལྷ་མ་ཡིན་ལོང་བ་ལྷ་མོ་ཨུ་མར་ཆགས་པ་ཤེས་ནས་མདུང་རྩེ་གསུམ་ལ་བསྐྱོན་པ་སོགས་དང་། ཡང་རྟོག་གེ་འབར་བ་ལས། སྐྱེ་དགུའི་བདག་བོ་གསལ་བ་མཆོད་སྦྱིན་བྱེད་པའི་དུས་སུ་ལྷ་ཐམས་ཅད་ཚོགས་པ་ན། ལྷ་ཆེན་པོས་ཐོད་པའི་ཕྲེང་བས་མགོ་བརྒྱན་ཅིང་ཐལ་བ་ལུས་ལ་བསྐུས། ལག་ན་ཐོད་པ་ཐོགས་ཏེ་སྨྱོན་པའི་བརྟུལ་ཞུགས་འཛིན་བཞིན་དུ་ཤིན་ཏུ་འཕྱི་བ་ན་འོངས་སོ། །དེ་མཐོང་ནས་རྒྱལ་བ་ཞེས་བྱ་བའི་ཉི་མས་གད་མོ་བྱས་སོ། །བཟང་བོ་ཞེས་བྱ་བའི་ཉི་མས་མིག་བཙུམ་པར་བྱས་སོ། །དེས་བདེ་བྱེད་ཁྲོ་བོའི་མེས་ཚིག་ནས་རྒྱལ་བ་ཞེས་བྱ་བའི་སོ་རྣམས་ལྷུང་བར་བྱས་སོ། །བཟང་བོའི་ནི་མིག་ལྷུང་བར་བྱས་སོ་ཞེས་འབྱུང་བ་བཞིན།ལྷ་ཆེན་པོ་ཡི་ནི་བྱེད་སྟངས་དང་སྤྱོད་ལམ་གང་ཡིན་ན་ཡང་ཤེས་པ་རྣལ་དུ་མི་གནས་པའི་སྨྱོན་པ་བཞིན་ལགས་ལ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་དེ་བཞིན་ཉིད་ཀྱི་ལམ་ལ་བརྟེན་ནས་བྱང་ཆུབ་ཆེན་པོར་མངོན་པར་གཤེགས་པའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། རང་གི་སྒོ་གསུམ་ཉེས་པ་དྲི་མ་དང་བཅས་མ་ལུས་པ་དྲུངས་ནས་སྤངས་པར་མ་ཟད། མྱ་ངན་ནད་ལ་ཤིན་ཏུ་ཕན་པའི་སྨན། །ཀུན་རྨོངས་མུན་པ་སེལ་བ་སྒྲོན་མེའི་མཆོག །དེ་ཉིད་ཡེ་ཤེས་བསྐྱེད་པའི་མིག་འབྱེད་པས། །རྒྱ་ཆེན་སངས་རྒྱས་གསུང་ནི་མཉན་པར་གྱིས། །ཞེས་གསུངས་པ་བཞིན། ཐུགས་རྗེ་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ་གསུང་དབྱངས་དམ་པས་ཆོས་བསྟན་ཏེ་གཞན་གྱི་ཉེས་སྤྱོད་མཐའ་དག་ཀྱང་སེལ་བར་མཛད་ན།དེ་དག་ལས་སུ་ཞིག་ནི། ལེགས་སྦྱར་སྐད་དུ་ཤཱསྟཱ་སྟེ་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་སྟོན་པའི་སྟོན་པ་ཆེན་པོར་བཀུར་ཞིང་སྐྱབས་སུ་འགྲོ་འོས་པ་ཡིན་འདུག་གཟུ་བོའི་བློ་ཡིས་མཐའ་ཆོད་ཆོད་དུ་དཔྱད་པར་གྱིས་ཤིག ཅེས་པའོ། །

མུ་འགོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504964
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།