འདྲེ་རྡོ་རྒྱག་མཁན། སྒྲུང་གཏམ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དཔྱད་རྩོམ། »འདྲེ་རྡོ་རྒྱག་མཁན། སྒྲུང་གཏམ།
འདྲེ་རྡོ་རྒྱག་མཁན། སྒྲུང་གཏམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-04-03ལྟ་ཀློག (4821)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གླེང་གཞི།

    དེ་ཡང་རང་ཅག་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་བྱོན་ཡབ་མེས་དག་གི་ངག་ནས་བརྒྱུད་འོང་བའི་འདྲེ་སྒྲུང་དང་ལྷ་སྒྲུང་། རོ་སྒྲུང་སོགས་མང་བོ་ཞིག་བྱུང་མྱོང་ལ།   ད་རེས་འདིར་སྐབས་སུ་བབས་པའི་དངོས་བྱུང་འདྲེ་སྒྲུང་འདི་ནི་ང་ཚོ་དང་ཆེས་ཁ་ཐག་ཉེ་བ་ཞིག་སྟེ་ངའི་ཨ་ཁུ་ནས་བརྒྱུད་འོང་བའི་དངོས་བྱུང་གཏམ་བརྒྱུད་ཅིག་གོ། །

གཏམ་རྒྱུད་དངོས།

    འདི་ནས་ཡར་བགྲང་ན་ལོ་ལྔ་ཡས་མས་ཀྱི་མཚམས་སུ་གནའ་སྒྲུང་གྲགས་ཅན་ཞིག་བྱུང་མྱོང་ལ་ཆེས་བཟོད་བརླགས་དཀའ་བ་དང་འཇིགས་སུ་རུང་བའི་ལོ་རྒྱུས་ཤིག་གི་རྗེས་ཤུལ་དུ་རུ་སྡེ་ཆུང་ཆུང་ཞིག་ལ་འདས་དོན་ཆེན་པོ་ཞིག་གི་དབུ་ཁྱུད་བྲིས་མྱོང་ཟེར།

     དེ་ནི་ང་ཚོ་ཆེས་ཁ་ཐག་ཉེ་བའི་སྤྱི་ལོ་ཉིས་སྟོང་ཐམ་པའི་སྐབས་ཀྱི་དངོས་བྱུང་འདྲེ་སྒྲུང་ཞིག་སྟེ། རྒན་པོ་བཀྲ་ཤིས་དང་ཡུམ་ལྷ་སྒྲོན་ཟེར་བ་གཉིས་ལ་བུ་སྟག་འདྲ་བ་གསུམ་སྐྱེས་པ་དེ་ཡིན། བུ་དེ་ཚོར་རང་རང་ལ་ཐུན་མོང་མ་ཡིན་པའི་ལག་ཤེས་ཡོད་པར་མ་ཟད་གཞན་རྣམས་ཀྱིས་འགྲན་ཟླ་བྲལ་བའི་ནུས་རྩལ་དང་ཐབས་ཤེས་ཀྱང་ཡོད།  བུ་དེ་གསུམ་ནར་སོན་རྗེས་རང་རང་གི་འདོད་མོས་ལྟར་ཕ་མ་གཉིས་ཀྱིས་བུ་གཅིག་སློབ་གྲྭར་བཞག་པ་དང་བུ་ཆེ་བ་དང་འབྲིང་བ་གཉིས་རང་ཁྱིམ་ནས་འདུག་ཏུ་བཅུག་སྟེ་འཁོར་བའི་ལས་ཀར་ཞུགས་ཤིང་སྒོ་ཕྱུགས་སོགས་འཚོ་རུ་བཅུག་ནས་མི་ལོ་བཅོ་ལྔ་ལྷག་ཕར་བསྐྱལ་བ་ཡིན།

   ལོ་དེའི་དགུན་ཁའི་ཉིན་ཞིག་ལ་ཁོང་ཚང་ལ་ཁུར་བོ་མང་བོ་ཁུར་ཡོད་པའི་ལོ་ན་ཧ་ཅང་བགྲེས་པའི་ཨ་ཁུ་མཚམས་པ་བ་ཞིག་གནས་ཚང་གཡར་དུ་བསླེབས་བྱུང་བས་བུ་ཆེ་བས་ཕ་རྒན་ལ་གྲོས་མོལ་བྱས་ནས་ད་གཟོད་གནས་ཚང་གཡར་བ་ཡིན། ཨ་ཁུས་མཆོད་ཁང་གི་གཡས་འགྲམ་དུ་ངལ་གསོ་བྱས་ཤིང་རྒན་པོ་བཀྲ་ཤིས་ཀྱི་རེ་འདོད་ལྟར་རྨི་ལམ་བརྟག་ཐབས་ལ་བརྟེན་ནས་མཚན་གང་བོར་རྒན་པོ་བཀྲ་ཤིས་ཚང་གི་མ་འོངས་པའི་བདེ་སྐྱིད་ཀྱི་སླད་དུ་ལྷ་བླ་མ་ཡི་དམ་ལ་གསོལ་འདེབས་གང་མང་བྱས་ནས་མཚན་ལམ་ལ་བརྟག་པ་རེད། མཚན་ལམ་དུ་རྟགས་དང་མཚན་མ་འདྲ་མིན་སྣ་ཚོགས་བྱུང་བས་གསལ་ཁ་མཛད་མ་ཐུབ་པར་ལུས། ཞོགས་པར་རྒན་པོ་བཀྲ་ཤིས་སྔ་མོར་ཡར་ལངས་ནས་བསང་མཆོད་ཆེན་པོ་ཞིག་བྱས་ཏེ་མཚམས་པ་བའི་མདུན་སར་བཅར་ནས་གཞིས་ཀྱི་ལུང་བསྟན་ག་འདྲ་རེད་ཅེས་དྲིས་པ་ན། མཚམས་པ་བས་མངོན་ལྐོག་དང་སྤ་གསང་མེད་པར་ད་ལོ་ཁྱོད་ཀྱི་གཞིས་འདི་ཧ་ཅང་རྩུབ་མོ་རེད་ཅེས་གསུངས། དེ་བས་བུ་གསུམ་གང་དུ་ཡང་འགྲོ་རུ་མ་འཇུག་ཅེས་ཡང་དང་ཡང་དུ་ལག་པར་འཇུས་ནས་བཤད།

   རྗེས་སུ་མཚམས་པ་བ་ཕྱིར་རི་ཁྲོད་ལ་ཕེབས་ཤུལ་དུ་བུ་འབྲིང་བ་དོན་གྲུབ་ཟེར་བ་དེས་མཚམས་པ་བ་ལྡོམ་པོ་ཞིག་གི་སྐད་ཆ་ལ་དེ་འདྲ་མཐོང་ཆེན་དང་ཡིད་ཆེས་མི་དགོས་ཞེས་བཟའ་མི་ཚང་མའི་གྲལ་ནས་ཡར་ལངས་ཏེ་བཤད།  དེ་ནས་རྒན་རྒོན་གཉིས་ཀྱིས་བསླབ་བྱ་མང་བོ་བྱས་ཀྱང་འགྱུར་བ་སྤུ་ཙམ་མེད་པར་སང་ཉིན་ང་རང་ལན་ཚྭ་བཙོང་གི་འགྲོ་རྒྱུ་ཡིན་ཞེས་རང་འདོད་ཀྱིས་བཤད་པས་མི་མངགས་ཐབས་མེད་དུ་གྱུར། ཞོགས་པར་སྐྱ་རེངས་དང་ལྷན་དུ་མེ་མདའ་དང་མདའ་སོགས་ཕྲག་ཏུ་ཁུར་ཏེ་ཕྱིར་སྒོ་ལ་བུད་ནས་ལྷ་བསང་གྱི་ལི་མ་ཞིག་ཕུད་དེ་ཁོ་ཚོ་ཕོ་གསར་མི་བཅུ་ལྷག་གིས་ཚྭ་ཁུ་བཀལ་ནས་ཡུལ་[1]སྟོང་སྐོར་གྱི་ཕྱོགས་སུ་ལམ་ལ་ཆས་པ་རེད།  

     ཉིན་ཞིག་གི་དགོང་མོར་ཁོ་ཚོ་རྨི་ལམ་གྱི་ཞིང་ཁམས་འགྲིམས་ནས་མཚན་དཀྱིལ་དུ་སླེབས་པ་ན་དོན་གྲུབ་ཀྱི་རྣ་ལམ་དུ་སྒྲ་འདྲ་མིན་སྣ་ཚོགས་ཤིག་གྲགས་ཏེ། གང་བྱུང་འདི་བྱུང་མ་ཤེས་པར་རྟ་དང་ཁལ་མ་སོགས་འདྲོགས་པས་ཁོ་རང་ཡར་མི་ལངས་ཐབས་མེད་དུ་གྱུར། སྔས་མགོའི་མེ་མདའ་བཟུང་ནས་སྒོར་བུད་པ་ན། ཕྱོགས་ཡོངས་སུ་མུན་ནག་གིས་བསྒྲིབས་ཤིང་གསལ་ལ་མི་གསལ་བའི་ཁལ་མ་འགའ་ཕར་འགྲོ་བ་མཐོང་བས་འཚུབ་ཆའི་ངང་ནས་རྗེས་ལ་སོང་། གློ་བུར་དུ་སེམས་ཀྱིས་ཟིན་པ་ནི་རང་ཉིད་ཀྱི་གོམ་སྒྲའི་རྗེས་ན་ད་དུང་སྒྲ་གཞན་པ་ཞིག་གྲགས་པའི་ཚོར་བ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་ཡོང་། མུ་ནས་མུ་མཐུད་དེ་སྔར་བཞིན་མདུན་དུ་སོང་བ་ན་ལུང་མདོ་ཞིག་ཏུ་སླེབས་པ་ཤེས། མགོ་བོ་ཡར་བཏེགས་ཏེ་བལྟས་པ་ན་གཞིས་སྒར་ཆེན་པོ་ཞིག་གི་རྩར་ཐོན་ཡོད་པ་མ་ཟད་མི་མགོ་དང་ཀང་རུས་སོགས་ཐང་ལ་བརྡལ་བ་བཞིན་ཡོད་པས་ཡུད་ཙམ་ཞིག་ལ་ཅི་བྱ་གཏོལ་མེད་དུ་གྱུར། དལ་གྱིས་ལྷོད་ལ་བབས་ཏེ་ཞིབ་ཏུ་བལྟས་པ་ན་ད་དུང་དེ་ལས་ཀྱང་མི་ཚད་པའི་སྐྱི་གཡའ་བ་ཞིག་སྟེ། སྔོན་ནས་ཐོས་ཤིང་འཇིགས་པའི་དམྱལ་ཁམས་སམ་འདྲེ་གདོན་ཡི་དྭགས་ཀྱི་འཚོ་བའི་འཐབ་ར་དེ་མངོན་སུམ་དུ་མཐོང་བའི་འཇིགས་སྣང་སྦྱིན། གཟུགས་གཞི་ལུས་ཀྱིས་འདེགས་དཀའ་བའི་ངང་རང་ནུས་གང་ཡོད་བཏོན་ཏེ་ཕར་བལྟས་ཙམ་ན། རུལ་རྫོབ་ཆགས་ཤིང་དྲི་ངན་འཐུལ་བའི་གསེབ་ན་འཚང་ཁ་ཤིག་ཤིག་གིས་རྒྱུ་བ་ནི་ལ་ལ་གནམ་ལ་མཆོངས་ཤིང་བྲང་བརྡུངས། ལ་ལས་ས་ངོས་བལྡགས་ཤིང་མཆེ་བ་བདར། དེ་དག་གི་དབུས་སམ་དཀྱིལ་ན་ཅུང་ཙམ་མཐོ་ལ་རྣག་ཁྲག་གིས་རྫོབ་པའི་སྟེགས་བུ་ཞིག་ཡོད་པ་དེའི་གང་ནས་བྱུང་བ་མ་ཤེས་པར་གློ་བུར་ལ་ནག་ཡོར་ཡོར་གྱི་གཟིགས་གཞི་ཞིག་བབས་པ་དེས་སོད་སོད་རྒྱོབ་རྒྱོབ་ཀྱི་སྐད་འབོད་ཅིག་བྱས་ཚེ་སྟེགས་བུ་དེའི་མདུན་རྒྱབ་དང་གཡས་གཡོན་ན་གནས་པའི་ཉམ་ཐག་མ་རུང་བ་དེ་དག་གིས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་ཁྲོད་ནས་གཅིག་སྲོག་གཅིག་གིས་འཕྲོག་སྟེ། ལ་ལས་གློ་སྙིང་བྲང་གསུམ་དང་། ལ་ལས་ཤ་ཁྲག་རུས་གསུམ་ཁྱེར་ནས་ནག་ཅིང་ཤོ་རགས་ཆགས་པའི་གཟུགས་གཞི་དེ་ལ་འབུལ། དེ་མ་ཐག་གཟུགས་གཞི་དེའི་ངོ་བོའི་འགྱུར་བ་ནི་ཞལ་ངོ་ནག་ལ་སྐྲ་ལོ་གཟེངས་པ། མཆེ་བ་གཙིགས་ཤིང་རུས་རྐང་གི་རལ་གྲི་འཆང་བའི་འཇིགས་སུ་རུང་བ་དེས་ཡིད་ཚིམས་པའི་ངང་རེ་རེ་བཞིན་ལོངས་སུ་སྤྱོད་པ་མཐོང་བས། ཁོ་བོ་འགྱོད་གདུང་དྲག་པོས་ཀུན་ནས་མནར་ཏེ་ཐར་བའི་ལམ་ལ་རེ་སྨོན་འཆང་བཞིན་ཕྱིར་འཁོར་ནས་ལམ་ལ་ཆས་པ་ན། གང་བྱུང་འདི་བྱུང་མ་ཤེས་པར་གློ་བུར་དུ་མིག་ལམ་ལ་མེ་སྟག་ཅིག་མཆེད་ཡོང་བའི་གཡང་གཟར་ཆེན་པོ་ཞིག་ཏུ་ལྷུང་ནས་ཚེ་ལས་འདས།

ཞོགས་པར་ཚོང་གྲོགས་ཚོས་ཞོགས་ཇ་འཐུང་རྗེས་དོན་གྲུབ་མཐོང་མ་བྱུང་བས་མྱུར་དུ་གཞིས་སྒར་ལ་འབོད་དུ་སོང་ཡང་མེད་པས་ཚོང་གྲོགས་ཚོ་རུ་ཆུང་གསུམ་ལ་བགོས་ནས་འཚོལ་དུ་སོང་། ཉིན་གསུམ་ལྷག་འགོར་ཀྱང་སྐད་ཆ་ཙམ་ཡང་ཐོས་རྒྱུ་མ་བྱུང་བས་མཇུག་མཐར་རྒན་པོ་བཀྲ་ཤིས་ལ་མི་བཤད་ཀ་མེད་བྱུང་།

ཉིན་བཞི་བར་ཚོང་གྲོགས་འགའ་དངོས་སུ་རྒན་པོ་བཀྲ་ཤིས་ཚང་ལ་སོང་ནས་དངོས་བྱུང་གནས་ཚུལ་དེ་དག་མ་ཆད་མ་ལུས་པར་ཡར་ཞུ་བྱས། རྒན་པོ་བཀྲ་ཤིས་ཀྱིས་ཅུང་ཙམ་ལ་ཅང་མ་བཤད་པར་བསྡད། དེ་ནས་མི་མི་རྙེད་ཀྱང་རོ་རྙེད་དགོས་ཞེས་སྡིག་དམོད་བྱས་ནས་མྱུར་དུ་སོང་ཞེས་བཤད། བདུན་ཕྲག་གསུམ་ཙམ་འགོར་ཡང་སྔར་བཞིན་གར་ཡོད་འདིར་ཡོད་མ་ཤེས་པས་འདས་མཆོད་བསྒྲུབས།

   དེ་ནས་ཟླ་གསུམ་དང་ཉིན་བཅུ་གསུམ་ལོན་པའི་རྗེས་སུ། ཟླ་བ་མེད་པའི་མཚན་ལྗོངས་ཤིག་ཏུ་རྒན་པོ་བཀྲ་ཤིས་ཚང་གི་སྒོ་ཁྱིས་ངུ་ཟུག་བྱས་ཤིང་རྟ་རའི་ནང་གི་རྟ་སོགས་ཀྱིས་ཀྱང་འཚེར་སྐད་བསྒྲགས་ནས་ཁྱིམ་མཚེ་དག་ཀྱང་གཉིད་སྐྱིད་པོ་ཞིག་ལོག་ཏུ་མ་བཅུག  དུས་དེར་བུ་ཆེ་བ་སྒོར་བུད་པ་ན་བྲག་རྡོ་རྐྱང་རྐྱང་གི་ཆར་བ་ཞིག་བབས་བྱུང་། གློ་བུར་དུ་ཕྱིར་ཁྱིམ་དུ་ལོག་ནས་ལྟས་ངན་པ་ཞིག་རེད་ཅེས་ཡང་ཡང་བཤད་བཞིན་ཉལ།   མཚན་མོ་དེར་ཁོའི་རྨི་ལམ་དུ་སྤུན་འབྲིང་བ་དོན་གྲུབ་ཀྱི་འདས་དོན་མཐའ་དག་མངོན་སུམ་བཞིན་རྨིས།  ཞོགས་པར་སྔ་མོ་ཡར་ལངས་ནས་ལྷས་རའི་ནང་དུ་སོང་བ་ན་འདས་སོང་བའི་བུ་འབྲིང་བ་ལ་ངེས་བཏགས་པའི་རྟ་ཞིག་ཡོད་པ་དེ་གར་སོང་ཆ་མེད་དུ་གྱུར། དེ་ནས་ནང་ཇ་འཐུང་སྐབས་བུ་ཆེ་བས་ཕ་མ་གཉིས་ལ་དགོང་མོ་དེར་བྱུང་བའི་གནས་ཚུལ་གཅིག་ཀྱང་མ་ཆད་མ་ལུས་པར་བཤད་པ་ན། ཨ་ཕས་འདུག་རན་མ་རེད་འགྲོ་རན་རེད་ཅེས་བུ་ཆེ་བའི་ལག་ཏུ་དྲི་མེད་ལྷ་དར་དཀར་བོ་ཞིག་བཞག་ནས་ཨ་ཁུ་མཚམས་པ་བའི་དྲུང་དུ་འགྲོ་རུ་བཅུག  ལམ་བར་དུ་དོན་དག་དང་རྟགས་མཚན་ཅི་ཞིག་བྱུང་ཡང་གཏན་ནས་འདུག་མི་ཉན་ཞེས་བཤད།  བུ་ཆེ་བ་སོང་སོང་བའི་མཐར་ས་ཡང་རུབ་ལ་ཉེ་བའི་སྐབས་སུ་མཚམས་པ་བའི་སྒྲུབ་ཕུག་སྒོར་ཐོན་བྱུང་། ནང་དུ་འཛུལ་བ་ན་མཚམས་པ་བས་སྒོམ་བརྒྱབ་ནས་ཡོད། བུ་ཆེ་བ་བདེ་ལེགས་ཀྱིས་སྐད་དམའ་མོའི་ངང་བོས་ཏེ། རིམ་གྱིས་གནས་ཚུལ་སོགས་ཡར་ཞུ་བྱས་པ་ན་བོར་སོང་བའི་རྟ་དེ་སྟོབས་ལྡན་གྱི་སྤུན་འབྲིང་བ་འདས་སོང་བ་དེ་ལ་འབྲེལ་བ་དམ་པོ་ཡོད་ལ། ད་དུང་མཚན་དཀྱིལ་ལ་ཁོང་ཚང་གི་ཁྱིམ་མི་རེ་རེ་བཞིན་དུ་མིང་གིས་བཟུང་ནས་འབོད་པ་ལ་བལྟས་ན་བུ་འབྲིང་བ་དེ་མི་མ་ཡིན་གྱི་སྐྱེ་བ་བླངས་ཡོད་པ་རེད་ཅེས་གསུངས།  དེ་ནས་མཚམས་པ་བས་འདས་སོང་བའི་བུ་འབྲིང་བ་དེ་དང་འབྲེལ་ཡོད་ཀྱི་དངོས་པོ་ཅ་ལག་གང་ཡོད་ན་ཉི་མ་ཞིག་གཏན་ཁེལ་བྱས་ནས་སྦྱིན་སྲེག་བྱེད་རོགས།  གོང་གི་བྱ་བ་དེ་དག་བསྒྲུབས་ཚར་རྗེས་ང་ཁྱེད་ཚང་ལ་ཐོན་ཡོང་ཞེས་གསུངས། ཉིན་ལྔ་འགོར་ཡང་ཡུལ་ཕྱོགས་དེར་ནད་ཡམས་དང་གནོད་འཚེ་སོགས་ལ་རྒྱུན་ཆད་མེད་པས་མཚམས་པ་བ་དེ་ལ་རེ་སྒུག་བྱས་ནས་བསྡད།    ཉིན་བདུན་པའི་ཕྱི་དྲོར་ཨ་ཁུ་མཚམས་པ་བ་ཕེབས་ཤིང་མཚན་མོར་སྔར་བཞིན་འདྲེ་རྡོ་བརྒྱག་ཟེར་བ་དེས་ཡུལ་ཕྱོགས་ཀུན་ཏུ་རྡོའི་ཆར་བ་ཕབ་སྐབས་མཚམས་པ་བས་གཅོད་ཚར་གཅིག་དང་མདོ་ཚར་གཅིག་གསུངས་རྗེས་རྡེའུ་ཆར་བ་ཡང་ཡུན་གྱིས་མཚམས་ཆད་སོང་།  དེ་ནས་ཨ་ཁུ་མཚམས་པ་བས་ལྷ་མིན་གདོན་བགེགས་གང་ཡིན་པ་ཁྱོད་ཀྱི་གནས་དེ་འདི་ན་ཡོད་པ་མ་ཡིན་ཞེས་གསུངས་པའི་ཡུལ་ཕྱོགས་ཐམས་ཅད་འོད་ཀྱིས་ཁྱབ་སོང་།

    དེ་ནས་ཨ་ཁུ་མཚམས་པ་བ་ཕྱིར་རི་ཁྲོད་དུ་འགྲོ་སྐབས་ཁྱེད་ཚང་གིས་བྱང་གི་དགོན་ཆེན་བཞི་ལ་མཆོད་མཇལ་ཐེངས་གཅིག་བྱེད་རྒྱུ་དང་། འདས་སོང་བའི་བུ་འབྲིང་བ་དོན་གྲུབ་ཀྱི་དོན་རྐྱེན་དེ་དགེ་འདུན་པ་དང་བླ་མ་རིན་པོ་ཆེ་རྣམས་ཀྱི་སྙན་ལམ་དུ་ཕུལ་ན་ལེགས་ཤིང་རྗེས་སུ་བསྔོ་སྨོན་སོགས་དགེ་སྒྲུབ་བྱས་ན་མྱུར་དུ་རྣམ་མཁྱེན་རྒྱལ་བོའི་གོ་འཕང་འཐོབ་ངེས་ཡིན་ཞེས་གསུངས།

མཇུག་བསྡུ་བ།

   དེ་ནི་ཐག་རིང་གི་གནས་ཚུལ་ཞིག་མིན་པར་སྤྱི་ལོ་ཉིས་སྟོང་ཐམ་པའི་དུས་སྐབས་སུ་བྱུང་བའི་དངོས་ཡོད་གནས་ཚུལ་ཞིག་གོ། །

བཅར་འདྲི་བྱེད་ས།          སྤྲེལ་ནག་ལྷ་དཔལ་རྒྱ།

བཅར་འདྲིའི་དུས་ཚོད།  2015ལོའི་ཟླ་7ཚེས་17ཉིན་སྒྲ།


[1]湟源རི་བོ་ཉི་ཟླའི་ཉེ་འགྲམ་གྱི་ཡུལ་གྲུ་ཞིག་གི་མིང་།

 སྒྲུང་རྩོམ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མའི་རྩོམ་དེབ་༼ཡུལ་ཆོས་མེས་པོའི་སྙིང་ནོར་༽ལས་བཀོད།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5784755
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号