ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་
ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-04-01ལྟ་ཀློག (6520)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།

       རྩོམ་པ་བོ། ལྡོང་ཡོན་ཏན་རྒྱ་མཚོ།

སེམས་ཀྱི་འགྱུར་བ་རེས་ཀྱང་མཐའ་མེད་སྣོད་བཅུད་དུས་གཅིག་བསྐྲུན། །

ཟག་བཅས་ལུས་ཕུང་གཅིག་ལ་འདྲེན་བྱེད་སྟོང་གི་རྒྱུ་སྐར་བཀྲ། །

འཇུག་པ་བཅུ་ལྡན་མེ་ཏོག་ལྔ་ལྡན་གཙུག་ན་ཟླ་བའི་རྒྱན་ལྡན་སོགས། །

  ལྷ་ཆེན་བྱེ་བས་ཕྱོགས་ཙམ་བསྒྲུན་མིན་ཕུལ་བྱུང་མཁྱེན་པའི་རྒྱལ་བོར་བསྟོད། །


ཆེ་དགུའི་བསོད་ནམས་རི་བོའི་སྤོར། །

གསང་གསུམ་གཟི་བྱིན་འབར་བའི་གཏམ། །

སྙན་ཚིག་དོ་ཤལ་ལ་འཁྱུད་པའི། །

ངོ་མཚར་རང་ཞལ་དེང་འདིར་འཛུམ། །

    དེ་ལ་འདིར་རྒྱ་གར་གྱི་གནའ་བོའི་བསྟན་བཅོས་གྲགས་ཅན་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་ཙམ་འགོད་པ་ལ། བྱུང་བ་མདོ་ཙམ་བརྗོད་པ་ དང་། མཚན་གྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་དང་བཞི་ལས།

དང་བོ། བྱུང་བ་མདོ་ཙམ་བརྗོད་པ།

  དེ་ཡང་རང་ཅག་ནང་བ་བའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ འཇིག་རྟེན་པའི་ལྷ་ལས་ཕུལ་དུ་བྱུང་བའི་ཚུལ་བརྗོད་པའི་བསྟོད་རྩོམ་གྲགས་ཅན་ འདིའི་རྩོམ་པ་བོ་ནི་ནང་བའི་དགེ་བསྙེན་བྲམ་ཟེ་བདེ་བྱེད་བདག་པོ་ཞེས་བྱ་བ་དེ་ ཡིན་ཞིང་། འདིའི་བྱུང་རབས་ལ་རྒྱ་གར་རང་གི་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་ཚུལ་བརྗོད་པའི་རྒྱ་ཆེར་འགྲེལ་དང་། དེས་མཛད་པའི་ཁྱད་པར་འཕགས་བསྟོད་ཀྱི་རྒྱ་ཆེར་འགྲེལ། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་སོགས་ལས་ཟུར་ཅུང་མི་འདྲ་བ་ཁ་ཤས་གསུངས་ཏེ། 

  དགེ་བསྙེན་བྲམ་ཟེ་བདེ་བྱེད་བདག་པོ་ཁོང་ནི་འཕགས་ཡུལ་ཤར་ཕྱོགས་ཀྱི་ཡུལ་ཞིག་ཏུ་མི་རབས་མི་བརྒྱུད་ནས་ལྷ་དབང་ཕྱུག་ཆེན་པོ་ལ་མཆོག་ཏུ་དད་ཅིང་ མཆོད་པ་དང་། རིག་བྱེད་ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། མཆོད་སྦྱིན་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་སྟེ་དྲུག་ལ་མཁས་ཤིང་དེ་ལ་ཤིན་ཏུ་དགའ་བའི་བྲམ་ཟེའི་རིགས་ལས་སྐུ་འཁྲུངས་ཏེ་མཚན་ལ་བདེ་བྱེད་བདག་པོ་ཞེས་གསོལ། ཁོང་ལ་ཕུ་བོ་ཞིག་ཡོད་པའི་མཚན་ལ་མཐོ་བཙུན་གྲུབ་རྗེ་ཞེས་འབོད་དོ། །ཁོང་གཉིས་ཆུང་ངུའི་དུས་ནས་བྲམ་ཟེ་རིག་བྱེད་སྤྱི་དང་། ལྷག་པར་དུ་ཕྱི་རོལ་བའི་བསྟན་བཅོས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པ་བྱས་པས། མཁས་པའི་གྲགས་པ་ཐོབ། མེས་པོའི་ཁྱིམ་གྱི་རྒྱུན་སྲོལ་ལྟར་དུས་རྟག་ཏུ་ལྷ་དབང་ཕྱུག་ཆེན་པོ་མཆོད་ཅིང་ཕྱི་རོལ་བའི་བསྟན་བཅོས་ཀུན་ཀློག་པར་མ་ཟད། ནང་བའི་བསྟན་བཅོས་ཀྱང་བཀླགས་ཤིང་དོན་ཐམས་ཅད་ཁོང་དུ་ཆུད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ནི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་ལྡོག་པའི་ལམ་མ་ནོར་བར་སྟོན་པའི་བསྟན་བཅོས་དོན་ལྡན་ཁྱད་པར་ཅན་དང་། གཞན་ནི་དེ་ལྟ་མ་ཡིན་པར་མཐོང་སྟེ་དུས་ནམ་ཞིག་གི་ཚེ། མཐོ་བཙུན་གྲུབ་རྗེ་དང་། རང་གི་གཅུང་བདེ་ བྱེད་བདག་པོ་གཉིས་འདི་སྙམ་དུ་སེམས་ཏེ། འུ་བུ་ཅག་གིས་རྒྱུན་དུ་མཆོད་པའི་ལྷ་དབང་ཆེན་པོ་ཁྱད་པར་དུ་འཕགས་པ་ཡིན་ནམ། ཡང་ན་སངས་རྒྱས་བཅོམ་ལྡན་ འདས་ཁྱད་པར་དུ་འཕགས་པ་ཡིན་པར་བརྟག་ཅིང་འདྲི་བར་བྱའོ་སྙམ་ནས་རང་གི་ཕ་ལ་དྲིས་པས། ཕས་འུ་བུ་ཅག་གིས་ནི་མེས་པོའི་དུས་ནས་བྲམ་ཟེ་རིག་བྱེད་ཀློག་ཅིང་དབང་ཕྱུག་ཆེན་པོ་མཆོད་པར་བྱེད་པ་ཡིན་མོད། དོན་དམ་དུ་གང་ཁྱད་པར་ དུ་འཕགས་ངས་མི་ཤེས། གལ་ཏེ་ཤེས་པར་འདོད་ན་མ་དྲོས་པའི་མཚོ་ཆེན་པོའི་འགྲམ་དུ་རི་བོ་ཏི་སེ་ཞེས་བྱ་བ་དུས་བཞིར་ཁ་བས་གཡོགས་པའི་གངས་དཀར་གྱི་རི་བོ་ཞིག་ཡོད་པ་དེ་ན། ངེད་ཅག་གི་ལྷ་དབང་ཕྱུག་ཆེན་མོ་ཆུང་མ་ལྷ་མོ་ཨུ་མ་དང་བཅས་པ་མངོན་སུམ་དུ་བཞུགས་པར་གྲགས་སོ། །གལ་ཏེ་སྤོབས་པ་དང་ལྡན་ན་ཡུལ་དེར་སོང་ནས། ལྷ་ཆེན་པོ་ཉིད་དངོས་སུ་མཇལ་ཞིང་དྲིས་ན་དེས་སྟོན་ནོ། །ཞེས་རྗེས་སུ་གནང་བ་བསྩལ་ཏོ། །

དེ་ནས་སྤུན་མཆེད་ཟུང་གིས་ལྷ་ཆེན་པོ་དེ་ཉིད་རང་ཅག་གཉིས་ཀྱིས་མངོན་ སུམ་དུ་མཐོང་ཞིང་དེའི་ལུང་མ་ཐོབ་བར་དུ་རང་གི་དགེ་བའི་རྩ་བ་ཅུང་ཟད་ཀྱང་མི་བྱ་སྙམ་པར་དམ་བཅས་ཏེ་ཡུལ་དེར་ཕྱིན་པ་དང་།དེར་ལྷའི་དགའ་ཚལ་ཤིན་ཏུ་ ཉམས་དགའ་བ་ཞིག་ཏུ། ལྷ་ཆེན་པོའི་བཞོན་པ་གླང་ཆེན་ཁྱུ་མཆོག་དཀར་བོ་དང་ལྷ་ཆེན་པོའི་ཆུང་མ་ཨུ་མར་མཇལ་ཞིང་འོང་དོན་ཞུས་པས། ལྷ་མོ་ཨུ་མས་ཚོགས་བདག་གཞོན་ནུར་བསྐུལ་ཏེ་ལྷ་ཆེན་པོའི་མདུན་དུ་ཁྲིད། ཁོ་གཉིས་ཀྱིས་ཕྱག་བྱས་ཤིང་གུས་པ་དང་བཅས། ངེད་གཉིས་ནི་འདིར་དངོས་གྲུབ་ཀྱི་དོན་དུ་འོང་བ་མ་ཡིན་པར།   སྟོན་པ་གང་དང་། བསྟན་བཅོས་གང་ཕུལ་དུ་བྱུང་བའི་ཁྱད་པར་མ་རྟོགས་པས། ལྷ་ཆེན་པོ་ཁྱོད་ཀྱིས་སྟོན་པ་དང་བསྟན་བཅོས་མཆོག་དམན་གྱི་ཁྱད་པར་གསལ་བོར་ བཤད་དུ་གསོལ། ཞེས་ཞུས་པར། ལྷ་ཆེན་པོས་གང་ཞིག་ཁྱད་པར་དུ་འཕགས་པ་དེ་རྟོགས་པར་འདོད་ན་འདིར་རེ་ཞིག་བསྒུག་ཅིག་ཅེས་སྨྲས་སོ། ། དེ་ནས་ཤཱཀྱའི་དགེ་སློང་རྣམས་ཀྱི་ཉིན་གུང་ཁ་ཟས་གསོལ་བའི་དུས་ལ་ཉེ་བར་གྱུར་བ་ན། ནམ་མཁའ་ནས་ཆོས་གོས་ངུར་སྨྲིག་གི་ན་བཟའ་གསོལ་ཞིང་། ལྷུང་བཟེད་དང་འཁར་གསིལ་ཕྱག་ཏུ་ཐོགས་པའི་དགེ་སློང་དགྲ་བཅོམ་པ་ལྔ་བརྒྱ་བྱ་ལྟར་འཕུར་ནས་ཡོང་སྟེ་ལྷ་ཆེན་པོའི་ཕོ་བྲང་ག་ལ་བ་དེར་བྱོན་པ་ན། ལྷ་ཆེན་ཨུ་མ་འཁོར་ཚོགས་དང་བཅས་པས། མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་ཏེ་གུས་པ་དང་བཅས་མདུན་བསུས་ནས། བཟའ་བཅའ་བཏུང་བའི་རིགས་སོགས་ཞལ་ཟས་རོ་བརྒྱ་ཕུན་སུམ་ཚོགས་པ་ཕུལ་བས། དགྲ་བཅོམ་པ་རྣམས་ཀྱིས། ཡོན་བསྔོ་མཛད་ཅིང་སྦྱིན་པའི་བསོད་ནམས་ལས་བརྩམས་པའི་དམ་པའི་ཆོས་ཇི་སྙེད་ཅིག་བཀའ་བསྩལ་ཏེ་སླར་ནམ་མཁའ་ལ་བྱ་ལྟར་འཕུར་ནས་རང་གནས་སུ་གཤེགས་པ་མཐོང་ངོ་། །

  དེ་ནས་ལྷ་ཆེན་པོས་བྲམ་ཟེ་སྤུན་གཉིས་ལ་སྨྲས་པ། གང་གི་སློབ་མ་བདག་ཅག་ཉིན་རེ་དགའ་བས་མཆོད་བྱེད་ཡོན་ཏན་དམ་པར་ལྡན། །འཇིག་རྟེན་ཉེས་སེལ་ཡོན་ཏན་ཆེན་པོའི་མཚན་གྱི་མཆོག་ནི་རབ་ཏུ་གྲགས་གྱུར་ཅིང་། ། ཤིན་ཏུ་དགའ་བའི་ཡིད་ཀྱིས་ཡང་དག་མཆོད་བྱེད་ཚེ་ན་མྱ་ངན་འདས་འདྲར་སེམས། །འཇིག་རྟེན་གསུམ་གྱི་བླ་མ་ཡོན་ཏན་མཉམ་མེད་སངས་རྒྱས་དེ་ནི་མཁས་པས་མཆོད། ། དེ་བས་ན་ཁྱེད་ཅག་གཉིས་ཀྱིས་ཀྱང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་སྟེ། དེའི་གསུང་རབ་དང་། དེའི་རྗེས་འཇུག་འཕགས་པའི་དགེ་འདུན་དག་ལ་བཀུར་སྟི་དང་མཆོད་པར་བྱའོ། ། ཞེས་གསུངས་པས། ཁོ་གཉིས་ཀྱིས་དེའི་དོན་ཐམས་ཅད་ལེགས་པར་རྟོགས་ནས་ཡིད་ཚིམ་སྟེ་ཕྱིར་ལོག་ནས། རིག་བྱེད་ཀྱི་བསྟན་བཅོས་དང་དེའི་སྟོན་པ་རྣམས་སྙིང་བོ་མེད་པར་རྟོགས་ནས་རྩྭ་ལྟར་བོར་ཞིང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་དེས་བསྟན་པའི་གསུང་རབ་རྣམས་ནི། སྡུག་ཀུན་སེལ་ཞིང་ཐར་བ་མཆོག་གི་གོ་འཕང་འཐོབ་པའི་ཐབས་ཡང་དག་པ་ཁོ་ནར་ངེས་པ་བརྟན་པོ་རྙེད་ནས། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་ པ་དང་། ཁས་བླངས་པ་དང་། གཞན་དུ་མི་སྨྲ་བ་བཞིའི་སྒོ་ནས་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་སྟེ། འཁོར་བ་མཐའ་དག་ལ་སྙིང་བོ་མེད་པར་མཐོང་བའི་ངེས་འབྱུང་གི་བསམ་པ་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེས་ཏེ། རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པར་ཞུགས་སོ། །ཞུགས་ནས་ཀྱང་བྲམ་ཟེ་སྤུན་མཆེད་གཉིས་ཀྱིས་སྟོན་པ་ཐུགས་རྗེ་ཆེ་ཅན་ལ་རབ་ཏུ་དད་པའི་སེམས་ཀྱིས་ཕྱི་ནང་གི་སྟོན་པ་དང་བསྟན་པའི་མཆོག་དམན་གྱི་ཁྱད་པར་དང་སྐྱོན་ཡོན་གྱི་ཁྱད་ཆོས་ལས་བརྩམས་ཏེ། གཅུང་བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་དང་། གཅེན་མཐོ་བཙུན་གྲུབ་རྗེས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཁྱད་པར་དུ་འཕགས་པའི་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་རྨད་དུ་བྱུང་བ་ཞིག་བརྩམས་སོ། །  ཡང་ན་བཀའ་བསྡུ་བ་གསུམ་པའི་མཇུག་ཐེག་ཆེན་གྱི་བསྟན་པ་དར་ཞིང་རྒྱས་པའི་མགོ་བརྩམས་པའི་སྐབས་སུ། མ་གདྷཱར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་བྱུང་སྟེ། རིགས་ཀྱི་ལྷ་ནི་དབང་ཕྱུག་ཆེན་པོ་མཆོད་པར་བྱེད་པ་ཡིན་ལ། དེ་གཉིས་ཀས་ཀྱང་ཕྱི་ནང་གི་གྲུབ་མཐའ་གཉིས་ཀར་མཁས་པར་ཤེས་སོ། ། འོན་ཀྱང་མཐོ་བཙུན་ནི་ཐེ་ཚོམ་ཅན་དུ་གནས་ཤིང་ལྷ་དབང་ ཕྱུག་ཆེན་པོ་ཉིད་བཟང་བར་སེམས་ལ། བདེ་བྱེད་བདག་པོ་ནི་སངས་རྒྱས་ཁོ་ན་ལ་དད་པ་ལས། མའི་ཚིག་གིས་བསྐུལ་ནས་སྤུན་མཆེད་གཉིས་ཀྱིས་རྐང་མགྱོགས་བསྒྲུབས་ཏེ་རིའི་རྒྱལ་བོ་ཀེ་ལ་ཤ་སྟེ་གངས་ཏི་སེར་སོང་ནས། དབང་ཕྱུག་ཆེན་པོའི་གནས་ན་བཞོན་པ་ཁྱུ་མཆོག་དཀར་བོ་དང་། ལྷ་མོ་ཨུ་མས་མེ་ཏོག་འཐུ་བ་སོགས་ཀྱང་མཐོང་། མཐར་ལྷ་ཆེན་པོ་ཉིད་སེང་གེའི་ཁྲི་ལ་འདུག་ནས་ཆོས་སྟོན་པ་མཐོང་། ཇི་ཙམ་ཞིག་ན་ཡིད་ཀྱི་མཚོ་ནས་དགྲ་བཅོམ་པ་ལྔ་བརྒྱ་འཕུར་ཏེ་བྱུང་བ་ལ། དབང་ཕྱུག་ཆེན་པོས་ཕྱག་བྱས་ཤིང་གདུགས་ཚོད་གསོལ་ནས་ཆོས་ཉན་ནོ། །

  དེའི་ཚེ་བྲམ་ཟེ་སྤུན་མཆེད་གཉིས་ཀྱིས་ལྷ་ཆེན་པོ་ལ་དྲི་བ་བྱས་པས། ལྷ་ཆེན་ པོས། ཐར་བ་ནི་སངས་རྒྱས་ཀྱི་ལམ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ་ཞེས་བཤད་པས། དེ་གཉིས་རབ་ཏུ་དགའ་སྟེ་རང་ཡུལ་དུ་ཕྱིན་ནས་བྲམ་ཟེའི་ཆ་ལུགས་རྣམས་བོར་ཏེ་དགེ་བསྙེན་བཙུན་པ་སྟེ་གོ་མིའི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་བླངས། ཐེག་པ་ཆེ་ཆུང་གི་ཆོས་ལ་མཁས་པར་སྦྱངས་ཏེ་སྟོན་པ་སངས་རྒྱས་དང་མུ་སྟེགས་པའི་སྟོན་པའི་བཟང་ངན་གྱི་ཤན་འབྱེད་པའི་ཕྱིར་མཐོ་བཙུན་གྱིས་ཁྱད་པར་འཕགས་བསྟོད་དང་། བདེ་བྱེད་ཀྱིས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས་ཏེ་ཚོང་འདུས་དང་རྒྱལ་བོའི་ཕོ་བྲང་ཐམས་ཅད་དུ་བསྒྲགས། སྐབས་དེར་ཡུལ་དེའི་སྐྱེ་བོ་ཕལ་ཆེར་གྱིས་བསྟོད་པ་དེ་གཉིས་ཀྱི་ཚིག་གླུ་དབྱངས་སུ་ལེན་པ་སོགས་ཁྱབ་བརྡལ་ཤིན་ཏུ་ཆེ་བ་བྱུང་། མཐོ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར་ཞིང་། ནཱ་ལེན་དྲར་ཐེག་ཆེན་པ་ལྔ་བརྒྱ་རེ་ལ་འཚོ་བའི་བསྙེན་བཀུར་ བྱས་པར་བཤད་དོ། །

  རྒྱ་གར་ཆོས་འབྱུང་ལས། དེ་ལ་ནཱ་ལེན་དྲ་ནི་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང་། མཐར་ཤཱ་རིའི་བུ་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ། བར་སྐབས་ཤིག་ཏུ་བྲམ་ཟེའི་གྲོང་ནི་སྟོངས། འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་གཅིག་ཡོད་པ་ལ་རྒྱལ་བོ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ། །དེ་ནས་ཕྱིས་ཐེག་ཆེན་གྱི་དང་བོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ་བརྟགས་པས།  གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ཐེག་པ་ཆེན་པོའི་ཆོས་དར་ཞིང་དེ་ལ་དད་པར་འགྱུར་བ་མང་བའི་མཚན་མ་དང་། གལ་ཏེ་འཕགས་པ་མོའུ་འགལ་གྱི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་དབང་ཆེ་བ་ཙམ་དུ་འགྱུར་གྱི་ཆོས་འཕེལ་བ་ཁོ་ན་མ་ཡིན་པའི་མཚན་མ་གཟིགས་ནས། བྲམ་ཟེའི་སློབ་དཔོན་མཐོ་བཙུན་སྐུ་མཆེད་ཀྱིས་ནཱ་ལེན་དྲར་གཙུག་ལག་ཁང་བརྒྱད་   བཞེངས་ཏེ། དེར་ཐེག་པ་ཆེན་པོའི་གླེགས་བམ་མང་དུ་བཞུགས་པར་བྱས་སོ། །དེ་  ལྟར་ནཱ་ལེན་དྲའི་གཙུག་ལག་ཁང་ཐོག་མར་འདེབས་པ་བོ་རྒྱལ་བོ་མྱ་ངན་མེད། དེར་ཐེག་ཆེན་གྱི་ཆོས་གཞི་ནས་དར་བར་མཛད་པ་བོ་ནི་སློབ་དཔོན་ལྔ་བརྒྱ་དང་མཐོ་ བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་བོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། །ཞེས་གསུངས་སོ། །

  བྲམ་ཟེ་འདི་གཉིས་དུས་ནམ་ཞིག་གི་ཚེ་བྱོན་པ་དང་། བསྟོད་པ་འདི་དུས་ནམ་ཞིག་གི་ཚེ་བརྩམས་པའི་ལོ་ཚིགས་གསལ་བོར་བཀོད་པ་མ་མཐོང་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་སྔོན་ཙམ་དུ་བྱོན་པར་ངེས་པས་དེ་ལས་དུས་རབས་ཀྱི་ཕྱོགས་ཙམ་དཔོག་ཐུབ་ཅིང་། ལོ་ཙཱ་བ་རྨ་རིན་ཆེན་མཆོག་དང་དཔལ་བརྩེགས་ཀྱིས་ཐོག་མར་བོད་སྐད་དུ་བསྒྱུར་བའི་དུས་ཚིགས་ལ་དཔྱད་ན་སྤྱི་ལོའི་དུས་རབས་དགུ་བ་ཙམ་ཞིག་ལ་བོད་དུ་ཐོག་མར་བསྒྱུར་བར་རྟོགས་ནུས་སོ། །ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་བ་ཐུབ་དབང་དགྱེས་པའི་མཆོད་སྤྲིན་དུ་སྤྱི་ལོའི་དུས་རབས་བདུན་པའི་སྔོན་ཞིག་ལ་བོད་སྐད་དུ་བསྒྱུར་བར་གསུངས་ཀྱང་། དེ་ནི་སྲོང་བཙན་སྒམ་པོའི་ཡང་སྔོན་ཞིག་ཡིན་དགོས་པར་འགྱུར་བས་ལོ་ཚིགས་ལ་འགྲིག་ཐབས་མེད་དོ། །

  ལྷ་ལས་ཕུལ་བྱུང་གི་བསྟོད་པ་འདི་ལ་ཤོ་ལོ་ཀ་ཉེར་གཅིག་ཙམ་ཡོད་ཅིང་། རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་རྒྱ་ཆེར་འགྲེལ་དང་། དྷཱི་ཚ་ཡེ་ཤེས་རྒྱ་མཚོས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་བ་རྨད་བྱུང་གཏམ་གྱི་མུ་ཏིག་ཕྲེང་བ་སོགས་འགྲེལ་བ་ཉུང་ངུ་ཞིག་ལས་མེད་པར་སྣང་ངོ་། །


གཉིས་པ་མཚན་གྱི་དོན། 

གཉིས་པ་མཚན་གྱི་དོན་ལ། མཚན་དོན་དངོས་དང་། འགྱུར་ཕྱག་གཉིས་ལས། དང་བོ་ནི། རྩ་བར། 

རྒྱ་གར་སྐད་དུ། དེ་ཝ་ཨ་ཏི་ཤ་ཡ་སྟོ་ཏྲཿ། བོད་སྐད་དུ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ།

ཞེས་གསུངས་ཏེ། རྒྱ་གར་འཕགས་པའི་ཡུལ་གྱི་སྐད་རིགས་བཞི་ལས་མཆོག་ ཏུ་གྱུར་བ་ལེགས་པར་སྦྱར་བ་ལྷའི་སྐད་དུ། དེ་ཝ་ཨ་ཏི་ཤ་ཡ་སྟོ་ཏྲཿཞེས་འབྱུང་བ། བོད་ཁ་བ་གངས་ཅན་པའི་སྐད་དུ། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་ཞེས་བྱ་སྟེ། །དེ་ཝ་ལྷ་དང་།ཨ་ཏི་ཤ་ཕུལ་དུ་བྱུང་བ། ཡ་རྣམ་དབྱེ་གཉིས་པའི་ཕྲད། སྟོ་ཏྲཿབསྟོད་པའི་དོན་ནོ། ། རྒྱ་གར་སྐད་དུ་དང་བོད་སྐད་དུ་ཞེས་པའི་དུ་ཡིག་ནི་གཞི་འཛིན་པའི་ཕྲད་དང་། ལྷ་ལས་ཞེས་པའི་ལས་ནི་མཆོག་ཏུ་དགར་བའི་ཕྲད། ཕུལ་དུ་བྱུང་ཞེས་པ་སྤྱིར་ཚིག་རྒྱན་ཙམ་ཡིན་མོད་ལྷ་ལས་ཞེས་སྦྱར་ཚེ་དེ་ཉིད་ཀྱི་ཕྲད། བར་ཞེས་པའི་རུ་ བསྡུས་པའི་ར་ཡིག་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་ཕྲད་དོ། །

  དེ་ཡང་། སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་ཕྱི་རོལ་བའི་ལྷ་ཚངས་པ་དང་བརྒྱ་བྱིན། དབང་ཕྱུག་དང་ཚོགས་བདག་སོགས་ལས་ཕུལ་དུ་བྱུང་ཞིང་ངོ་མཚར་བའི་ཚུལ་དག་སྙན་ཚིག་གི་ལམ་དུ་དྲངས་ནས་བསྟོད་པ་རྒྱ་ཆེར་བརྗོད་པས་ན་བསྟན་བཅོས་ཀྱི་མཚན་ལའང་བརྗོད་བྱ་དོན་གྱི་སྒོ་ནས་དེ་ལྟར་གསོལ་བ་སྟེ། མིང་མཐོང་བས་དོན་དྲན་པར་འགྱུར་བ་སོགས་ཀྱི་དགོས་པ་དང་ལྡན་ནོ།


གཉིས་པ་འགྱུར་ཕྱག་ནི།

རྩ་བར།

དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་ཏེ། དོན་ནི། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་དེ་བཞིན་ཉིད་ཀྱི་ལམ་ལ་བརྟེན་ནས་བྱང་ཆུབ་ཆེན་པོར་མངོན་པར་གཤེགས་པ་སྟེ་སྲིད་པ་འཁོར་བའི་སྡུག་བསྔལ་གྱི་རྒྱུ་སྤངས་པ་དང་། ཞི་བ་མྱང་འདས་ཀྱི་བདེ་བ་ལ་མི་    གནས་པར་དེའི་ཕ་རོལ་ཏུ་སོང་བའི་དེ་བཞིན་གཤེགས་པ་ཐམས་ཅད་དེ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་མཆིས་པ་ ཡོད་དོ་ཅོག་ལ་ལུས་ངག་ཡིད་གསུམ་གྱིས་ཕྱག་འཚལ་ལོ་ཞེས་པའོ། །

འདི་ནི་ལོ་ཙཱ་བས་བོད་སྐད་དུ་བསྒྱུར་ཚེ་འགྱུར་གྱི་ཕྱག་ཏུ་གསུངས་པ་ལས་རྒྱ་གཞུང་དུ་མེད་དེ། སྔོན་ལོ་ཙཱ་བ་དག་གིས་འཕགས་ཡུལ་སོགས་ནས་བཀའ་དང་བསྟན་བཅོས་ཇི་སྙེད་བོད་སྐད་བོད་ཡིག་ཏུ་བསྒྱུར་བའི་ཚེ་སྡེ་སྣོད་མི་འཁྲིགས་པར་བྱ་བའི་ཕྱིར། ཆོས་རྒྱལ་རྣམས་ཀྱི་བཀས་བཅད་ལྟར། འདུལ་བའི་སྡེ་སྣོད་དུ་གཏོགས་པ་ཐམས་ཅད་ཀྱི་དབུར་ཐམས་ཅད་མཁྱེན་པ་ལ་ཞེས་དང་། མངོན་པའི་སྡེ་སྣོད་དུ་གཏོགས་པ་ཐམས་ཅད་ཀྱི་དབུར་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཞེས་དང་། མདོ་སྡེའི་སྡེ་སྣོད་དུ་གཏོགས་པ་ཐམས་ཅད་ཀྱི་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་འགྱུར་ཕྱག་མཛད་པར་གྲགས་ཏེ། བཀས་བཅད་ཀྱི་ཕྱག་ཀྱང་ཟེར་རོ། །དེ་ལྟར་ན་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་འདི་ནི་མངོན་པའི་སྡེ་སྣོད་དུ་གཏོགས་པ་ཤེས་པར་བྱའོ། །


རྩ་བའི་ས་བཅད་གཉིས་པ་གཞུང་གི་དོན་ལ་ཉེར་གཅིག་ལས།

དང་བོ། རིགས་པར་བརྟེན་ཏེ་སྐྱབས་ཡུལ་ངོས་ཟིན་དགོས་པར་བསྟན་པ།

རྩ་བར།

བཅོམ་ལྡན་བདེ་གཤེགས་མངོན་སུམ་མ་གྱུར་ཁྱབ་འཇུག་མིན། །

ཚངས་པ་མ་ཡིན་ལྷ་ཆེན་པོ་ཡང་མ་མཐོང་སྟེ། །

དེ་དག་གི་གཟུགས་མཐུ་དང་སྤྱོད་པ་བསམ་པ་རྣམས། །

ཐོས་ནས་སུ་ལ་ཡོན་ཏན་ཡོད་དམ་མེད་པ་དཔྱད།  །

  ཞེས་གསུངས་ཏེ། དོན་ནི། བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པའམ། སྒྲིབ་གཉིས་བག་ཆགས་ཟད་པར་སྤངས་པ་སྟེ་བཅོམ་ཞིང་། སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། སྲིད་ཞི་གཉིས་ཀྱི་མཐའ་ལས་འདས་པ། འཁོར་བར་མི་ལྡོག་པར་ལེགས་ པར་བདེ་བར་གཤེགས་པའམ། མཆོག་ཏུ་བདེ་བའི་བདག་ཉིད་གྲུབ་པར་གཤེགས་པ་སྟེ། ཕྱི་རོལ་བ་ལས་ལྷག་པ་ལེགས་པར་སྤངས་པ། ཉན་རང་སློབ་པ་ལས་ལྷག་པ་མ་ལུས་པར་སྤངས་པ། ཉན་རང་དགྲ་བཅོམ་ལས་ལྷག་པ་མི་ལྡོག་པར་སྤངས་པ་བདེ་གཤེགས་གསུམ་དང་། དེ་ཁོ་ན་ཉིད་མཁྱེན་པ། མཁྱེན་པ་བརྟན་པ། མ་ལུས་པའི་ཁྱད་པར་མཁྱེན་པ་སྟེ་རྟོགས་པ་བདེ་གཤེགས་གསུམ་ལྡན་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཡང་མངོན་སུམ་དུ་དམིགས་པར་མ་གྱུར་ལ། སྣོད་བཅུད་མཐའ་དག་ལ་ཁྱབ་ཅིང་བཅིངས་པ་དང་འཇུག་པ་བཅུ་ལ་དབང་བར་གྲགས་པའི་ཕྱི་རོལ་བའི་ལྷ་ཁྱབ་འཇུག་ཀྱང་མཐོང་བ་མིན་པ། འདོད་པའི་ཉོན་མོངས་པས་གཙང་བའམ་དག་པས་ན་ཚངས་པའམ། ཁྱབ་འཇུག་གིས་སྟེང་ནས་མར་བལྟས་པ་དང་། དབང་ཕྱུག་གིས་གཤམ་ནས་ཡར་བལྟས་ཀྱང་ལུས་ཀྱི་ཚད་མ་ཟིན་པས་ཚངས་པར་གྲགས་པ་སྟེ་འཛམ་བུ་གླིང་བའི་ཡི་གེའི་ཐོག་མའི་བྱེད་པོར་འདོད་པའི་ལྷ་ཆེན་པོ་ཚངས་པ་ལའང་འཕྲད་ཅིང་མོལ་བ་མ་ཡིན་པ། དེ་བཞིན་དུ་གཟུགས་མཐོང་བ་ཙམ་གྱིས་ཀྱང་འགྲོ་བ་ཀུན་ལ་བདེ་དགའ་བསམ་གྱིས་མི་ཁྱབ་པ་བསྐྱེད་པར་བཤད་པའི་ལྷ་ཆེན་པོ་དབང་ཕྱུག་སྟེ་མགྲིན་སྔོན་ཅན་ཡང་མ་མཐོང་བ་སྟེ་མ་མཇལ་མོད། སངས་རྒྱས་བཅོམ་ལྡན་འདས་དང་ཕྱི་རོལ་བའི་ལྷ་ཆེན་པོ་དེ་དག་གི་སྐུ་གཟུགས་ཀྱི་དབྱིབས་དང་ཁ་དོག་དང་ཕུལ་དུ་བྱུང་བའི་བྱིན་མཐུ་དང་། ལུས་ངག་གི་བྱ་བའི་ལས་ཀྱི་སྤྱོད་པ། ནང་བསམ་པ་བཟང་ངན་རྣམས་ནི་འདི་དང་འདི་ལྟ་བུའོ་ཞེས་ཚད་ལྡན་གྱི་གཞུང་དང་མཁས་པའི་གསུང་སོགས་ལས་རྗེས་སུ་ཐོས་ནས་བརྟགས་ཤིང་ཤེས་པར་བྱས་ཏེ།སུ་དང་གང་ལ་ངོ་མཚར་བའི་ཡོན་ཏན་དངོས་གནས་པ་དེ་ཡོད་དམ་མེད་པ་རེད་ཅེས་ཕྱོགས་སུ་མ་ལྷུང་བའི་གཟུ་བོའི་བློ་གྲོས་ཀྱིས་དཔྱད་པ་ལེགས་པར་བཏང་སྟེ་ཚད་མར་གྱུར་བའི་སྟོན་པ་དང་དེའི་བསྟན་པ་ཁོ་ནའི་རྗེས་སུ་འཇུག་པར་བྱའོ། །ཞེས་པའོ། །

  ཤེས་རབ་གོ་ཆས་མཛད་པའི་རྒྱ་ཆེར་འགྲེལ་ལས། ཀྱེ་མ་བདེ་བར་གཤེགས་པའི་བསྟན་པ་ལ་ཞུགས་པ་རྣམས་ནི་འདིར་གང་ཞིག་གི་ཡོན་ཏན་དང་ལྡན་པ་ཡིན་ཞེས་རྣམ་པར་བརྟག་གི། ཕྱོགས་སུ་ལྷུང་བའི་སྡང་བ་གང་ཡིན་པ་དེ་བསལ་བར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཞེས་གསུངས་སོ།


གཉིས་པ། སུ་ཞིག་མཆོད་པའི་གནས་སུ་འོས་མིན་བརྟག་པར་བསྟན་པ། 

རྩ་བར།

ཁྱབ་འཇུག་དཔུང་དྲག་མཚོན་ཆ་དབྱུག་ཏོ་ཐོགས་པར་བརྩོན། །

ལྷ་ཆེན་མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱིས་བཞག །

སངས་རྒྱས་ཆ་ལུགས་གཅིག་ཏུ་ཞི་བའི་ཕུལ་ཕྱིན་ན། །

ཉེ་བར་ཞི་དང་མ་ཞི་གང་ལ་མཆོད་པར་བྱ། །

  ཞེས་གསུངས་ཏེ། དོན་ནི། གཅེར་བུ་བ་རྣམས་ཀྱི་སྟོན་པར་འཛིན་ཅིང་།    འདོད་པའི་ལྷ་མདོག་ནག་ཅིང་ཁྲོ་ཉམས་དང་ལྡན་པ། ཕྱག་བཞི་བ། ཕྱག་ཏུ་ལྷ་མ་ཡིན་ལྔ་སྐྱེས་ཀྱི་རུས་པ་བསྣམས་པ། སྐྲ་མཐུག་ཅིང་རིང་ལ་རལ་བ་མེད་པ། གོས་སེར་བོ་གྱོན་པ། ཐ་གུའི་སྐ་རགས་བཅིངས་པ། ཐིག་ལེ་དྲུག་གིས་མཚན་པ། ལྟེ་བ་པད་མས་གྲུབ་པ། བརྒྱ་བྱིན་གྱི་ཉེ་གནས་བྱེད་པའི་ཕྱི་རོལ་བའི་ལྷ་ཁྱབ་འཇུག་གིས་ནི་མི་བཟད་པའི་དཔུང་གི་དབུས་ན་ཕྱག་ཏུ་དྲག་པོའི་མཚོན་ཆ་ཤིན་ཏུ་འབར་བས་ལྟ་ན་སྡུག་པ་ཞེས་བྱ་བ་བརྒྱ་བྱིན་གྱིས་བྱིན་པའི་འཁོར་ལོ་དང་དབྱུག་ཏོའམ་བེ་ཅོན་ཐོགས་པར་རབ་ཏུ་བརྩོན་པ་དང་བཅས་ཤིང་། ལེགས་སྦྱར་གྱི་སྐད་དུ་མ་ཧ་དེ་བ་སྟེ་ལྷ་ཆེན་པོའམ་ཨི་ཤྭ་རཿ་སྟེ་དེའི་གོང་ན་རྒྱལ་བོ་གཞན་མེད་པས་དབང་ཕྱུག་ཆེན་པོར་གྲགས་པ། མགྲིན་པ་སྔོ་ཞིང་ཉི་ཟླ་མེ་གསུམ་གྱི་མིག་དང་ལྡན་པ། ཟླ་བའི་དབུ་རྒྱན་འཆང་བ། སྟག་ལྤགས་གྱོན་ཞིང་གླང་ཆེན་བཅིབས་པ། ལག་ན་མིའི་ཐོད་པ་དང་གླང་ཆེན་གྱི་མགོ་བོས་མཚན་པའི་རྒྱལ་མཚན་འཛིན་པ། བྲམ་ཟེ་ལ་གནོད་པ་བྱས་པའི་སྡིག་པ་དང་བྲལ་བས་དགའ་སྟེ། ཉིན་རེར་གྲོར་ཁྱེར་ཨུ་ཙ་ཡ་ན་ཞེས་པའི་དུར་ཁྲོད་དུ། ལྷ་དང་འབྱུང་བོའི་མདུན་སར་གཅེར་བུར་གར་བྱེད་པའི་བརྟུལ་ཞུགས་བླངས་པ། གངས་ཏེ་སེར་དཀའ་སྤྱད་ལ་གནས་པ་དེས་ནི་རང་གི་ལུས་ལ་མི་ཡི་ཐོད་པའི་ཕྲེང་བ་རྣམས་ཀྱིས་བརྒྱན་ཅིང་རོ་བསྲེགས་པའི་ཐལ་བ་བསྐུས་ནས་བཞག་ཡོད་ལ། ལེགས་སྦྱར་གྱི་སྐད་དུ་བུད་དྷཱ་སྟེ། ཉོན་མོངས་ཀྱི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཀུན་སྤངས་ཟིན་པས་ན་སངས་པ་དང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པས་ན་རྒྱས་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་སྟོན་པ་ཐུབ་པའི་དབང་བོ་མཆོག་གི་ཆ་ལུགས་ནི། ཆོས་གོས་གསུམ་མཛེས་པར་གསོལ་ཞིང་གཉའ་ཤིང་གང་ཙམ་ལ་གཟིགས་པ། ཞལ་བྱམས་བརྩེའི་འཛུམ་གྱིས་འཁྱུད་པ། ཕྱག་ཏུ་ལྷུང་བཟེད་དང་མཁར་གསིལ་ཐོགས་པ། དམ་པའི་ཆོས་ཁོ་ན་གསུང་བ། རྣམ་པ་གཅིག་ཏུ་ཐུགས་དུལ་བ་དང་མཆོག་ཏུ་ཞི་བའི་ཕུལ་དུ་ཕྱིན་པ་ཉིད་ཡིན་ན། དེ་དག་ལས་སུ་ཞིག་གི་བསམ་པ་དང་སྤྱོད་པ་ཉེ་བར་ཞི་བ་དང་མ་ཞི་བ་ཡིན་ལ།གང་ཞིག་ལ་བཀུར་ཞིང་མཆོད་པར་བྱ་བ་འོས་པ་དང་མི་འོས་པར་འདུག་ཅེས་བླང་དོར་བློ་མིག་དང་ ལྡན་པ་རྣམས་ལ་དྲིས་པ་ལགས་ཏེ། ཁྱེད་ཅག་གིས་གཟུ་བོའི་བློས་བརྟག་ཅིང་དཔྱད་པའི་སྒོ་ནས་འཇུག་པར་གྱིས་ཤིག ཅེས་པའོ། །


གསུམ་པ། འགྲོ་རྣམས་ཕན་བདེར་འགོད་མིན་ལས་ཕུལ་དུ་བྱུང་ཚུལ་བསྟན་པ།

རྩ་བར།

ཁྱབ་འཇུག་གིས་ནི་འཐབ་དཀའ་ལ་སོགས་རིགས་རྣམས་བརླག་པར་གྱུར། །

ལྷ་ཆེན་པོས་ནི་གྲོང་ཁྱེར་སུམ་བརྩེགས་བཅོམ་པར་གྱུར་ཞེས་གྲགས། །

སྐེམ་བྱེད་ཀྱིས་ཀྱང་མདུང་ཐུང་འཇེབས་བསྣུན་ཀྲུང་ཀྲུང་བསད་པར་གྱུར། །

སངས་རྒྱས་ཉག་གཅིག་འགྲོ་ལ་སྨན་པ་ཐམས་ཅད་མཛད་པ་ལགས། །

   ཞེས་གསུངས་ཏེ། དོན་ནི། པད་དཀར་སྟོང་གིས་དབང་ཕྱུག་མཆོད་ཚེ་གཅིག་གིས་མ་ཚང་བའི་ཚབ་ཏུ་རང་གི་མིག་གཅིག་ཕུལ་བས་པད་དཀར་མིག་གམ། ནོར་ལྷ་སྲེད་མེད་ཀྱི་བུ་ཡིན་པས་སྲེད་མེད་ཀྱི་བུ་དང་ནོར་ལྷའི་བུ་རུ་གྲགས་པའི་ལྷ་ཁྱབ་འཇུག་གིས་ནི། ཡུལ་འཁོར་སྲུང་གི་བུ་འཐབ་དཀའ་ལ། དཔུང་གི་ཚོགས་བཅོ་བརྒྱད་ཁྱེར་རམ་འོན་ཏེ་ནོར་ལྷ་གཅིག་བུ་ཁྱེར་ཞེས་དྲིས་པར། འཐབ་དཀས་དཔུང་གི་ཚོགས་རྣམས་ཁྱེར་བར་སྨྲས་པས། ཁྱབ་འཇུག་ཁྲོས་ཏེ་སྲིད་སྒྲུབ་དང་ལྷན་ཅིག་རྒོལ་བར་བསྐུལ་ཀྱང་སྲིད་སྒྲུབ་ཀྱིས་དང་དུ་མ་བླངས་པས། ཁྱབ་འཇུག་གིས། གང་གིས་མི་ནི་བསད་པ་དང་། །གང་ཞིག་གསོད་པར་བྱེད་པ་དག །དེ་དག་གཉིས་ཀ་མི་དམིགས་ཏེ། ། གསོད་དང་གསོད་པ་བོ་ཡོད་མིན། ། རིགས་དང་འདུལ་བ་ཕུན་སུམ་ཚོགས། ། བྲམ་ཟེ་བ་ལང་གླང་བོ་དང་། ཁྱི་དང་སྨེ་ཤ་ཅན་དག་དང་། །མཁས་པ་རྣམས་ནི་མཉམ་པར་བལྟ། །ཞེས་བྱ་བ་ལ་སོགས་པ་མེད་པར་ལྟ་བའི་ཚིགས་བཅད་མང་བོ་བསྟན་པས་བསླུས་ནས། སྲིད་སྒྲུབ་ཀྱི་ཁ་ལོ་བ་རང་ཉིད་བྱས་ནས་གཡུལ་བཀྱེས་ཏེ་འཐབ་དཀའ་ལ་སོགས་པའི་རིགས་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་རྣམས་བརླག་པར་གྱུར་ལ།(སྐབས་འདིའི་ཐད་དུ། རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆས། རུ་པ་ཏི་ཞེས་བྱ་བའི་རྒྱལ་བོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་རི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་དེང་སང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ། །ཞེས་གསུངས་པས། བོད་ཀྱི་མི་རྒྱུད་རྒྱ་གར་ནས་ཆད་པ་དང་ བོད་ཀྱི་མིང་དེ་བྲོས་ནས་ཟུར་ཆག་པ་སོགས་ཀྱི་བཤད་རྒྱུན་ཞིག་བོད་ལ་བྱུང་ངོ་།།)སྔོན་ལྷ་མ་ཡིན་རྣམས་ཀྱིས་གྲོང་ཁྱེར་སུམ་བརྩེགས་ཞེས་བྱ་བ་ཁང་བུ་ནམ་མཁའ་ལ་ཟུག་པ་ཞིག་བཟོས་ཏེ། དེ་ལས་མི་ཡུལ་དུ་བབས་ཏེ་མི་རྣམས་ལ་གནོད་འཚེ་བྱས་པ་སོགས་ས་གསུམ་པོ་ཤིན་ཏུ་དཀྲུགས་པར་གྱུར་བ་ན། ལྷ་རྣམས་ཀྱིས་དབང་ཕྱུག་ལ་གསོལ་བཏབ་པས།ལྷ་ཆེན་པོས་ནི་ཁོང་ཁྲོ་དང་བཅས་ཏེ་གཞུ་ལ་མེའི་མཚོན་ཆའི་མདའ་སྦྱར་ནས་གྲོང་ཁྱེར་སུམ་བརྩེགས་བསྲེགས་ཤིང་བཅོམ་པར་གྱུར་ཏོ་ཞེས་སུ་གྲགས་ལ། རྟག་ཏུ་ལོ་བཅུ་དྲུག་གི་ན་ཚོད་དུ་གནས་ཤིང་། མདུང་ཐུང་འཆང་བ། ལྷའི་དམག་དཔོན་བྱེད་ནུས་པ། རྨ་བྱ་ལ་ཞོན་པ། མ་དྲུག་གིས་བསྐྱེད་བསྲིངས་པ། མ་དྲུག་ལ་བལྟ་བའི་ཕྱིར་གདོང་བ་དྲུག་ཏུ་སྤྲུལ་བས་གཞོན་ནུ་གདོང་དྲུག་ཏུ་འབོད་པ། ལྷ་མ་ཡིན་གྱི་སྟོབས་སྐེམ་པར་བྱེད་ནུས་པ་དེ་ཉིད་ཀྱིས་ཀྱང་ལྷ་མོ་ཨུ་མས་བྱིན་པའི་ཤ་ཟའི་མདུང་ཐུང་འཇེབས་པ་སྟེ་འཇམ་པོར་བསྣུན་པས་རང་གི་ཞང་བོ་ཀྲུང་ཀྲུང་ཞེས་བྱ་བ་བསད་པར་གྱུར་ཏོ་ཞེས་རིག་བྱེད་གཏམ་རྒྱུད་དག་ཏུ་ཡོངས་སུ་གྲགས་སོ། །དེས་ན། ཕྱི་རོལ་བའི་ལྷ་ཆེན་པོ་དེ་རྣམས་དང་བཅས་པའི་སོ་སོའི་སྐྱེ་བོ་ཡོད་དོ་ཅོག་ནི་ཉོན་མོངས་པའི་ཞགས་ཐག་ནག་པོས་དྲག་ཏུ་བསྡམས་པས་གཞན་ལ་གནོད་ཅིང་ཚེ་སྲོག་གཅོད་པར་ཅི་སྙམ་པ་ཡིན་ལ། ཇི་སྐད་དུ། ཁྱོད་ནི་འགྲོ་བའི་ཉོན་མོངས་དག །སྒྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །ཞེས་གསུངས་པ་ལྟར། ཡང་དག་པར་རྫོགས་པའི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ནི་སྐལ་བ་དང་ལྡན་པའི་འགྲོ་བ་སེམས་ཅན་རྣམས་ལ།ཕན་བཏགས་མ་བཏགས་སོགས་སུ་ལྟོས་པ་སྤུ་རྩེ་ཙམ་ཡང་མེད་པར་གཅིག་ཏུ་སྨན་པ་ཕན་བདེའི་ལམ་ཡང་དག་པ་ཐམས་ཅད་ལ་སྦྱོར་བར་མཛད་པ་བོ་ཉིད་ལགས་པ་སྟེ་ཡིན་པས་མཆོག་དམན་གྱི་ཁྱད་པར་མ་ནོར་བར་གྱིས་ཤིག ཅེས་པའོ། །

མུ་འགོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འབྲུ་འགྲེལ་སྐལ་ལྡན་རི་སྐྱེས་འགུགས་པའི་གླིང་བུ།   སྤེལ་མཁན།: 方法 སྤེལ་དུས:2017/4/1
发发发
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23523552
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།