སློབ་གླིང་གསར་འགོད་པས་བོད་ཀྱི་ཡིག་མཁན་ཀརྨ་བསམ་འགྲུབ་ལགས་ལ་བཅར་འདྲི་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སློབ་གླིང་གསར་འགོད་པས་བོད་ཀྱི་ཡིག་མཁན་ཀརྨ་བསམ་འགྲུབ་ལགས་ལ་བཅ
སློབ་གླིང་གསར་འགོད་པས་བོད་ཀྱི་ཡིག་མཁན་ཀརྨ་བསམ་འགྲུབ་ལགས་ལ་བཅར་འདྲི་བྱས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-30ལྟ་ཀློག (8570)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ཀྱི་ཡིག་མཁན་ལྷག་བསམ་ཅན་ཀརྨ་བསམ་འགྲུབ།

   བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོར་ཉམ་ཆུང་ཞི་དུལ་དང་། ཤིན་ཏུ་སྦས་པའི་ཚུལ་གྱིས་རིག་གནས་རྒྱུད་འཛིན་དང་། དམ་ཆོས་ཉམས་ལེན་གྱིས་མི་ཚེ་སྐྱེལ་མཁན་མང་བོ་ཞིག་ཡོད་ལ། ཁོང་རྣམས་ནི་གཞན་གྱི་དོན་ཁོ་ནར་བྱ་དཀའ་བའི་སྤྱོད་པ་བརྒྱ་ཕྲག་དང་དུ་བླངས་པའི་བྱང་ཆུབ་སེམས་དཔའ་དང་མཚུངས་ཕྱིར།འུར་སྒྲོག་འུར་བསྟོད་ལ་ཁྱོན་ནས་ཐུགས་མཉེས་པོ་མི་བྱེད།ཡིན་ན་ཡང་།བཟང་བོ་ལ་བཟང་བསྟོད་མེད་ན་བཟང་བོ་ཇེ་ཉུང་དང་།ངན་པ་ལ་ཆད་པ་མེད་ན་ངན་པ་ཇེ་མང་ཞེས་པ་ལྟར།ཆོས་དང་རིག་གཞུང་ལ་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་མཁན་དག་ནི་ཅིས་ཀྱང་བོད་རིགས་བྱིངས་ཀྱིས་ངོ་ཤེས་ཤིང་བཀའ་དྲིན་ངོས་ཟིན་པར་བྱ་རྒྱུ་ནི་བོད་ཀྱི་ཡ་རབས་གོམས་སྲོལ་དང་ཤིན་ཏུ་མཐུན་པ་ཞིག་རེད།ཚུལ་འདིར་དམིགས་ནས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པས།མི་ལོ་བཅུ་བཞིའི་རིང་རོང་འབྲོག་མང་ཚོགས་ཀྱི་ཡིག་རྨོངས་བསལ་རྒྱུ་དང་།སློབ་མའི་བོད་སྐད་ཡིག་དང་ཡིག་གཟུགས་ཆུ་ཚད་གོང་འཕེལ་ཆེད་སྐུ་ངལ་བསྐྱོན་ཏེ་ཕྱག་ལས་སྒྲུབ་མཁན་གྲྭ་བཙུན་ཀརྨ་བསམ་འགྲུབ་བམ་བོད་སྙུག་ལགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་བཅར་འདྲི་ཞུས་པ་དེ་གཤམ་དུ་གཟིགས་འབུལ་ཞུ་རྒྱུ་ཡིན།

 

༈ དང་པོ། ངོ་སྤྲོད་ཉུང་བསྡུས། 

 བོད་ཀྱི་ཡིག་མཁན་ཀརྨ་བསམ་འགྲུབ་བམ།སྙུག་མིང་ལ་བོད་སྙུག་ཅེས་འབོད་པ་ཁོང་ནི།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ཉག་སྒང་སྡེ་བའི་ཁྱིམ་ཚང་ཕལ་བ་ཞིག་ཏུ་༡༩༨༢ ལོར་སྐྱེས། དུད་ཚང་དེར་གནའ་ནས་ད་ལྟའི་བར་ཡིག་མཁན་གྱི་རྒྱུད་པ་ཟམ་མ་ཆད་པ་བྱུང་ཞིང་། ལྷག་པར་མགར་ཀརྨ་རབ་བཟང་ལ་སངས་རྒྱས་གཉིས་པ་༧ དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེས་ཀྱང་གཙིགས་ཆེན་མཛད་དེ། ཟུར་མང་སེ་འོ་བསྟན་དགའི་གསུང་འབུམ་ཆ་ཚང་བྲི་དགོས་པའི་བཀའ་གསུང་སྤྱི་བོར་སྩལ། རྒྱལ་བའི་དབང་པོ་ཉིད་ཀྱིས་འབྲི་གཞི་ཤོག་གུ་འབྲུག་ཡུལ་ནས་བསྣམས་པ་དང་།འབྲི་བྱེད་གསེར་སྣག་དང་བཅས་པའི་མཐུན་རྐྱེན་ཡོད་ཚད་གནང་སྟེ་འབྲིར་བཅུག་པའི་པོ་ཏི་མདའ་ཚད་མ་བརྒྱད་ཙམ་དང་།གཞན་རང་གཞན་གཉིས་ལ་ཕན་དུ་རེ་བས་བྲིས་པའི་ཆོ་ག་ཆོས་སྤྱོད་ཀྱི་གླེགས་བམ་ནི།གྲངས་ལས་འདས་པ་དེང་གི་ཆར་ཡང་དངོས་སུ་མཐོང་དུ་ཡོད་པས་འདས་སོང་གི་ལོ་རྒྱུས་རྟོགས་སླ་བས་རགས་རིམ་ཙམ་ལས་རྒྱས་པར་སྤྲོ་བའི་ངལ་བ་བྱེད་མི་དགོས་སོ། །

དེང་ཆར་བྲིས་ཀྱི་བརྒྱུད་འཛིན་པ་ཀརྨ་བསམ་འགྲུབ་ཁོང་ལ་ལོ་གསུམ་ཐོག་ནས་ཨ་མྱེས་མགར་ཀརྨ་རབ་བཟང་གིས་ཀློག་བསླབ་ཞོར་འབྲི་ཚུལ་ལ་ཡང་བག་ཆགས་ཟབ་མོ་འཇོག་ཏུ་བཅུག །དེ་ནས་༡༩༨༨ ལོར་ས་གནས་དེ་གའི་སློབ་ཆུང་འགྲིམས་ཏེ་མཐར་ཕྱིན། སྤྱི་ལོ་༡༩༩༩ལོར་འགྲོ་མགོན་བཀའ་བརྒྱུད་ཀྱི་གདན་ས་ཟུར་མང་དགོན་ཆེན་དུ་ཞུགས། སྤྱི་ལོ་༢༠༠༠ ལོར་ཟུར་མང་བཤད་གྲྭ་མདོ་སྔགས་ལེགས་བཤད་ཆོས་གླིང་དུ།ངེས་པ་དོན་གྱི་བཤེས་གཉེན་༧མཁན་ཆེན་ཀརྨ་མཆོག་ལྡན་དང་།ཀུན་བཟང་དགའ་བ་སོགས་ཀྱི་ཞབས་ལ་གཏུགས་ཤིང་ཐུན་མོང་སྔོན་འགྲོའི་ཆོས་སྐོར་དང་།མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་བྱས།སྤྱི་ལོ་༢༠༠༨ལོར་གསེར་ལྗོངས་བླ་མ་རུང་དུ་རྒྱུན་ཞུགས་མཛད་དེ་ཐུན་མོང་རིག་གནས་ལ་ད་བར་ཆེད་སྦྱོང་སློབ་གཉེར་མཛད། ཁོང་གི་མི་ཚེའི་རྒྱུད་རིམ་ཁྲོད་ཆེས་དགའ་མོས་དང་གྲུབ་འབྲས་གཡུར་དུ་ཟ་བ་འཐོབ་ས་དེའང་བོད་ཀྱི་ཡིག་གཟུགས་འབྲི་རྩལ་འདི་རེད།  

བོད་ཀྱི་ཡིག་འབྲིའི་ཁུངས་བཟང་ཞིང་བྲིས་རྒྱུན་མ་ཉམས་པ་བོད་ཀྱི་ཡིག་གཟུགས་ཀྱི་རྒྱུད་པ་ཡོད་དོ་ཅོག་གི་མཛུབ་ཁྲིད་མན་ངག་རྣམས་དཀའ་ཚེགས་ལ་མ་ལྟོས་པར་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་རྣམས་ཀྱི་མདུན་ནས་ཚུལ་བཞིན་ལེན་སའི་ཡིག་མཁན་དག་ནི། ཨ་མྱེས་མགར་ཀརྨ་རབ་བཟང་། ནང་ཆེན་རྒྱལ་སྲས་ཨ་ཆེན། ཟུར་མང་བླ་རྒན་སངས་ཆོས། སྨིན་གྲོལ་གླིང་འགྱུར་མེད་ཚུལ་ཁྲིམས།བཞད་པ་བསྟན་པ་རྒྱ་མཚོ།ཨ་རིག་ཐུབ་སྨོན།བླ་བྲང་ཨ་ཁུ་དཀོན་མཆོག་རྒྱ་མཚོ།ཀརྨ་དགོན་ཀརྨ་བཤད་སྒྲུབ་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་གང་མང་ཞིག་གི་མདུན་དུ་ཡུན་རིང་མཛུབ་ཁྲིད་ཞུས་ནས་སྦྱངས་པ་མཛད་པས། ལཉྫ་དང་ཝརྟུ། དབུ་ཅན་ལས་ཁྱུང་བྲིས། སྙེན་བྲིས། དཔར་བྲིས། ཐུ་མི་མཛུབ་བྲིས། མགྱོགས་བྲིས། དབུ་མེད་ལས་སུག་རིང་། སུག་ཐུང་། ཀརྨའི་སྒར་བྲིས། འབྲུ་ཚ། ཚུགས་མ་འཁྱུག །འཁྱུག་ཆེན། འཁྱུག་ཆུང་། འབྲུག་བྲིས། ཡིག་གསར་རྙིང་གི་མཛེས་རྩལ་སྣ་ཚོགས་སོགས་ལ་མངའ་བརྙེས་ཤིང་། ཁྱད་པར་དུ་བོད་ཀྱི་རྩ་བའི་ཡི་གེ་དྲུག་ལ་སྦྱང་བ་ཕུལ་དུ་སོན་ཡོད་པ་རེད།  

 

ཡིག་གཟུགས་མཛུབ་ཁྲིད་གནང་བཞིན་པ།


སྐབས་བཅུ་བཞི་བའི་བོད་སྙུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ།


སློབ་མ་རྣམས་ཀྱིས་ཡིག་གཟུགས་སྣ་ཚོགས་སྦྱོང་བཞིན་པ།


སློབ་མ་རྣམས་ཀྱིས་དཔེ་ཀློག་ཁང་དུ་དཔེ་ཀློག་གནང་བཞིན་པ།


གསབ་སྦྱོང་གི་མཇུག་ཏུ་སྦྱངས་འབྲས་ལེགས་པའི་སློབ་མར་ཡིག་གཟུགས་གཟེངས་རྟགས་ཕུལ་བ།


ཡིག་གཟུགས་ལེགས་པའི་ཕུལ་བྱུང་སློབ་མར་བྱ་དགའ་གནང་བ།


ཁོང་གིས་བྲིས་པའི་ཡིག་གཟུགས་བརྩམས་ཆོས།


ཁོང་གིས་བྲིས་པའི་ཡིག་གཟུགས་བརྩམས་ཆོས།


ཁོང་གི་ཐུགས་འདུན་གཙོ་བོ་ནི། སྙན་གྲགས་དང་ཁེ་དབང་ལ་མ་ལྟོས་པར་བོད་ཀྱི་སྲོལ་རྒྱུན་མཛུབ་བྲིས་འདི་དག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་རྒྱུར་ཡར་སྐུལ་གྱི་འགན་དང་བླངས་མཛད་དེ་མི་ལོ་བཅུ་བཞི་ཙམ་སོང་ཡོད་སྟབས།བོད་ཡུལ་གྱི་ཞིང་ཆེན་དང་ཁུལ་རྫོང་ཡུལ་ཚོ་སྡེ་བ་སོགས་སུ་ཡོད་པའི་སྤྱི་སྒེར་གཉིས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་།གཞན་དགོན་པ་དང་མི་སྒེར་བཅས་ཡིག་གཟུགས་མཛུབ་ཁྲིད་བྱས་པ་ཤིན་ཏུ་མང་བ་མ་ཟད།ཁྱད་པར་དུ་ལོ་བརྒྱད་ཙམ་གྱི་རིང་གསེར་ལྗོངས་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་འཛིན་གྲྭ་སྤྱི་དང་མི་སྒེར་ཅི་རིགས་སུ་ཡིག་གཟུགས་མཛུབ་ཁྲིད་གནང་ཡོད།ཁྱོན་ཁོང་གི་ཡིག་གཟུགས་སྣ་ཁ་ཅི་རིགས་རེ་མཇུག་གྲུབ་པར་བསླབས་མྱོང་ཚད་ཀྱི་སློབ་མའི་རྣམ་གྲངས་རགས་རྩིས་ཙམ་བྱས་ན། ཕལ་ཆེར་སྐྱ་སེར་གཉིས་ཀྱི་ཕྱོགས་ནས་ཁྲི་ལ་ཉེ་བ་ཙམ་དང་།སུམ་རྟགས་དག་གསུམ།ཡི་གེ་སྦྱོར་ཀློག །སློབ་ཆུང་ནས་མཐོ་སློབ་བར་གྱི་བོད་ཡིག་སྦྱང་གཞི་སོགས་ཟུར་ཁྲིད་བྱས་ནས་དངོས་མཐོང་ལག་ཟིན་གྱིས་ཕན་འབྲས་མི་དམན་པ་རེ་ཐོབ་པ་ཡང་ཁྲི་ལས་བརྒལ་ཅིང་།ཁྱོན་འབྲི་ཀློག་བཤད་གསུམ་གྱིས་བསྐྱངས་ཤིང་མཛུབ་སྟོན་བླ་མེད་ཀྱིས་སྣེ་ཁྲིད་པའི་སློབ་བུ་ཁྲི་གཉིས་ལས་བརྒལ་བ་སྐྱེད་སྲིང་གནང་ཡོད་འདུག །དེ་དག་ལས་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་ནས་མ་འོངས་བོད་ཀྱི་ཡིག་གཟུགས་འཕེལ་རྒྱས་ལ་ཕན་ཐོགས་མཁན་དང་། རྒྱལ་ཁབ་རིམ་པའི་སློབ་ཁག་སོ་སོ་ནས་བྲིས་ཀྱི་ཕུལ་བྱུང་གི་རྟགས་མ་འཐོབ་མཁན་ཡང་མང་ཙམ་མཆིས།ཁོང་གིས་ཕ་ཡུལ་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་རྡོ་བརྐོས་ཡིག་འབྲི་ལ་སྦྱངས་པ་ནས། ད་བར་ཡིག་གཟུགས་འབྲི་བ་ནི་འཚོ་བའི་ཁྲོད་ཁ་འབྲལ་ཐབས་མེད་པར་གྱུར་པས། དགེ་རྒན་གྱི་ལས་ཀ་དང་སློབ་གཉེར་གྱི་ཞོར་དུ་འཕགས་པ་ཐར་པ་ཆེན་པོའི་མདོ་དང་། ཟུར་མང་ཚོགས་གར་གྱི་ཟིན་བྲིས། བཟང་པོ་སྤྱོད་པའི་སྨོན་ལམ། རྒྱལ་སྲས་ལག་ལེན། བླ་སྒྲུབ། དམ་པ་དག་གི་ལེགས་བཤད་སྣ་ཚོགས་སོགས་བྲིས་གནང་ཡོད་ལ། དེ་དག་བྲི་གཞི་བྲག་དང་། རྡོ། ཤིང་། རྐོ་བ། ཨར་འདམ། རས་གཞི། བོད་ཤོག་སྣ་ཚོགས། རྒྱ་ཤོག་སྣ་ཚོགས་བཅས་ཀྱི་ངོས་སུ་བརྐོས་མ་དང་འབུར་མ་སོགས་དང་། གཞན་འབྲི་བྱེད་ནི་གསེར། གཡང་ཊི། དངུལ། ཟངས། རག་འདུས། གཡུ། བྱུ་རུ། མུ་ཏིག །དུང་། མུ་མེན། པདྨ་རཱ་ག །མཆོང་། མཚལ། སྣག་བཅས་རིན་པོ་ཆེ་སྣ་ཚོགས་སོགས་ཀྱིས་བྲིས་ཡོད་པ་རེད། མདོར་ན། ཁོང་གིས་ད་སྔོན་ལོ་གང་མང་ཞིག་ལ་ཡིག་གཟུགས་མཛུབ་འཁྲིད་ཀྱི་ཕྱག་ལས་གནང་བར་མ་ཟད། ད་དུང་མུ་མཐུད་རྒྱུན་བསྐྱངས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ལོན་པའི་ཡིད་ཆེས་དང་རེ་བ་འཆང་ཆོག་པར་འདུག་གོ། །


༈ གཉིས་པ། བཅར་འདྲི།

༡༽དྲི་བ། བཀྲ་ཤིས་བདེ་ལེགས།  ཐོག་མར་ཁྱེད་ཀྱིས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བར་སྙིང་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ།

   ལན། ལགས་སོ། ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཟེར་ན་བོད་ཀྱི་རིག་གནས་དར་སྤེལ་གྱི་སྡིངས་ཆའི་སྟེང་གོ་གནས་དང་བྱས་རྗེས་ངེས་ཅན་ཡོད་པ་ཞིག་རེད་ལ། དཔེ་དེ་ག་ནང་བཞིན་དྲ་ཚིགས་འདི་ཉིད་ཀྱང་ཁ་ཕྱོགས་དང་དོ་དམ་གང་གི་ཐད་ནས་ཀྱང་ལེགས་པོ་ཞིག་ཡིན་རྒྱུ་རེད་བསམ་བཞིན་ཡོད།དེ་བས།སྤྱིར་བདག་ལ་བཅར་འདྲི་ཞུ་རིན་ཅི་ཡོད་མ་རེད་དེ།རྭ་རྒྱའི་སློབ་གྲྭ་ལ་དགའ་ཞེན་ཆེ་བས་བཅར་འདྲི་དང་ལེན་ཞུས་པ་ཡིན་ལ།དགའ་ཞེན་ཆེ་དོན་ཡང་བོད་ཀྱི་རིག་གནས་དར་སྤེལ་ལ་དེང་དུས་བྱས་རྗེས་ཆེན་པོ་བཞག་ཡོད་པས་ཡིན། ངོ་མ་བཀའ་དྲིན་ཆེ།


༢༽དྲི་བ།ལགས་སོ།། ལགས་སོ།། ད་ངས་ཐད་ཀར་བཅར་འདྲི་ཞུ་རྒྱུ་ཡིན། ཁྱོད་ཀྱིས་གཞི་རིམ་དམངས་ཕན་གྱི་བྱ་བ་དང་དུ་བླངས་ནས་མི་ལོ་མང་པོར་སྐད་ཡིག་གི་ཟབ་སྦྱོང་རིན་མེད་ཀྱིས་བཙུགས་པ་རེད་ཟེར་དེ་དང་པོ་ནམ་མགོ་བརྩམས་པ་རེད།

ལན།དེ་འདྲ་ཡིན་ན་ཉིས་སྟོང་བཞི་ལོར་རང་ཁུལ་དང་ཁུལ་གཞན་གྱི་ཡུལ་ཚོའི་ཟབ་སྦྱོང་འཛིན་གྲྭ་ཁ་ཤས་ལ་རམ་འདེགས་ཞུས་ཏེ་དང་པོ་དེ་འདྲའི་ལས་རིགས་དེའི་ཉསམ་མྱོང་དང་བརྒྱུད་རིམ་རྒྱུས་ལོན་བྱས་པ་ཡིན།


༣ ༽ དྲི་བ།   དེ་འདྲའི་ཟབ་སྦྱོང་འཛིན་གྲྭ་ལ་དོ་སྣང་དང་རྒྱུས་ལོན་དགོས་པའི་ཐོག་མའི་ཀུན་སློང་དེ་སྐྱེ་བའི་རྒྱུ་རྐྱེན་དམིགས་བསལ་ཅི་ཨེ་ཡོད།

ལན།ཐོག་མའི་རྐྱེན་སློང་དེ་ང་ཚོའི་ཕ་ཡུལ་ནས་ཚུར་གྲོང་ཁྱེར་ནང་གནས་སྤོ་བྱས་ནས་ལོ་འཁོར་ལྔ་ལས་མ་ལོན་པའི་མ་བུ་གཉིས་ཀྱི་བར་ལ་སྐད་བརྡ་མ་འཕྲོད་པའི་གནས་ཚུལ་ཞིག་མཐོང་བའི་དངོས་ཚོར་བསམ་ན་མིག་ཆུ་འཆོར་བའི་སྐྱོ་སྣང་གིས་བསྐུལ་ཏེ་རང་ངོས་ནས་ལས་ཀ་འདི་དང་བླང་བྱས་པ་ཡིན།

 

༤༽དྲི་བ། འདི་འདྲའི་ལས་ཀ་བསྒྲུབ་འདོད་ཀྱི་བློ་སྐྱེ་སྐབས་དེ་ལ་དུས་ཡུན་དང་བྱ་བའི་མཇུག་བསྡོམ་ཕྱོགས་ལ་བསམ་གཞིག་དང་གཞི་རྩའི་དམ་བཅའ་ཁྱོད་རང་ངོས་ནས་བཞག་ཨེ་མྱོང་།

ལན། འགན་འཁྲི་འདི་དང་དུ་བླངས་ནས་རང་ངོས་ནས་རེ་བ་འདི་འདྲ་ཡོད་མྱོང་། བྱ་བ་འདི་མི་ལོ་བཅོ་ལྔའི་ཡུན་ལ་བསྒྲུབ་རྒྱུ་དང་། ལོ་ལྔ་རེར་མི་ཁྲི་རེ། བསྡོམས་མི་ཁྲི་གསུམ་ཡིག་རྨོངས་དང་བྲིས་རྨོངས་ལས་བསལ་ཐུབ་ན་བསམ་པ་དེ། དམ་བཅའ་ཟེར་ནའང་འདྲ་འཆར་གཞི་ཡིན།

 

༥༽ དྲི་བ། དེས་ན་ད་ལྟ་བྱ་བ་དེ་བསྒྲུབས་ནས་ལོ་དུ་སོང་ཞིང་ཉིད་ཀྱི་ཞེ་འདོད་ལྟར་སློབ་མ་ག་ཚད་ཀྱི་སློབ་སྦྱོང་ལ་རམ་འདེགས་ཐུབ་སོང་།

ལན། ད་ལོ་འདྲ་ཡིན་ན་མི་ལོ་བཅུ་བཞི་སོང་ཚར་བ་རེད། སློབ་མའི་ཁ་གྲངས་འདྲ་ཡིན་ན་ཁྲི་གཉིས་དང་སྟོང་གཅིག་བདུན་བརྒྱ་ལྷག་སོང་འདུག །འོན་ཀྱང་གཞི་རྩའི་འཆར་གཞི་ནང་བཞིན་མི་ཁྲི་གསུམ་འགྲོ་བ་ལ་ད་དུང་དུས་ཡུན་ཕར་བསྲིང་དགོས་ས་རེད།

 

༦༽ དྲི་བ།  དེ་ནས་དེ་འདྲའི་ལས་ཀ་བསྒྲུབ་སའི་ཁོར་ཡུག་འདྲ་ཡིན་ན་སྣ་གཅིག་རེད་དམ་ཡང་ན་སྣ་མང་རེད།

ལན།   སྣ་མང་རེད་དགོན་སྡེའི་བཤད་གྲྭ་དང་། རྒྱུན་གྲྭ། རྒྱལ་གཉེར་སློབ་གྲྭ་སློབ་ཆུང་ནས་སློབ་ཆེན་བར། ད་དུང་གཞི་རིམ་འབྲོག་ཁུལ་གྱི་ཕྱུགས་རྫི་ཚུན་ཆོད་མ་འདུས་པ་མེད།

 

༽ དྲི་བ། ལྷག་པར་ད་ལོ་ཁྱོད་ཀྱིས་གནའ་བོའི་ཡིག་མཁན་རྣམས་ཀྱི་ཕྱག་རྒྱུན་ལྟར་བྱང་ཤིང་ཐོག་ནས་སློབ་མ་རྣམས་ལ་ཡིག་གཟུགས་སྦྱོང་བའི་མཐུན་རྐྱེན་བསྒྲུབ་པ་དང་། མ་ཚད་སློབ་མ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་ཆགས་པའི་ཕྱིར་དུ་དཔེ་མཛོད་ཁང་བཙུགས་པ་སོགས་སྔོན་ཆད་ང་ཚོའི་ས་ཁུལ་ནས་མཐོང་མ་མྱོང་བའི་གནའ་དེང་གི་རྒྱུན་ཤེས་མང་པོ་ཉམས་གསོ་བྱས་པ་དེར་ཁྱེད་ལ་དགོངས་གཞི་ག་རེ་ཡོད་པ་འགྲེལ་བཤད་ཉུང་ཙམ་མཛད་རོགས། 

ལན། ལགས་སོ།། དེ་ལ་དགེ་བའི་ཆ་མང་པོ་འདུག་སྟེ་དོན་བསྡུས་གོ་བདེའི་སྒོ་ནས་ཉུང་ཙམ་ཞུས་ན། ཡིག་གཟུགས་བྱང་ཤིང་ཐོག་ནས་སྦྱོང་བ་འདི་སྔོན་ཡིག་མཁན་རྣམ་པ་ཆ་རྐྱེན་ཞན་དྲགས་ནས་འབྲི་ཤོག་མ་རྙེད་དེ་བྱང་ཤིང་བཀོལ་བ་ཞིག་ཏུ་འགའ་རེས་མཐོང་ན་ཐང་སྟེ་དེ་རྩ་བ་ནས་མ་རེད། ཐོག་དང་པོར་ཡིག་གཟུགས་སྦྱང་དུས་བྱང་ཤིང་ཐོག་ཏུ་སྦྱོང་ལོབས་བྱེད་པ་ལ་ལེགས་ཆ་མང་པོ་འདུག །ཡིག་གཟུགས་བྱང་ཤིང་ཐོག་ཏུ་བྱང་ནས་ཡག་པོ་ལོབས་ཚར་དུས་ཤོག་གུ་ཐོག་ཏུ་འབྲི་དུས་དཀའ་ངལ་མེད་པ་དང་ལོབས་པ་དེ་ནམ་ཡང་མི་བརྗེད་པར་རྟག་པར་ལག་ཐོག་ཏུ་གནས་ཐུབ་པའི་དགེ་མཚན་ཆེན་པོ་ཡོད་པ་རེད། དཔེ་མཛོད་ཁང་འདྲ་ཡིན་ན་དེང་སང་གི་སློབ་མ་རྣམས་ལ་དཔེ་ཀློག་གི་འདུ་ཤེས་མེད་པ་དང་བློ་སྒོ་སྣ་མང་ཅན་གྱི་མི་སྣ་འབྱུང་རྒྱུ་མེད་པ་འདི་ཚོ་དམ་པའི་གསུང་རབ་རྣམས་ལ་མ་བལྟས་པའམ། ཡང་ན་མི་སློབ་པའི་སྐྱོན་ཏེ་སྟོང་ཆ་མང་བས་དེ་དག་ལ་ལྟ་ལོབས་དང་ཁ་སྐོང་ཡོང་བའི་ཆེད་དུ་ཡིན།

 

༽དྲི་བ། ད་དུང་ཁྱོད་ཀྱིས་དེ་སྔོན་ནང་བཞིན་བྱ་བ་འདི་མུ་མཐུད་དུ་བསྒྲུབ་རྒྱུ་ཡིན་ནམ།ཡང་ན་གོང་ནས་བཤད་པ་ལྟར་ཐོག་མའི་ཞེ་དམ་ལྟར་ལོ་བཅོ་ལྔའི་མཇུག་ནས་མཚམས་འཇོག་རྒྱུ་ཡིན།

ལན། ད་དུང་སྤྱི་ཚོགས་ལ་མཐུན་འཇུག། དུས་རབས་ལ་བསྟུན་ཤེས། མི་རིགས་ལ་ཁེ་ཕན་ཅན་གྱི་བྱ་བ་ཆ་ཙམ་རེ་རང་གཞན་གཉིས་ཀའི་ཕྱོགས་ནས་མཐོང་དུ་ཡོད་ཚེ་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་ཡིན།

 

༽དྲི་བ། འོ་ཡ་ལགས། དངོས་གནས་ཁ་ཡོད་དོན་ཡོད་ཀྱི་རླབས་ཆེན་གྱི་བྱ་བ་དང་བསམ་བློ་རྒྱ་ཆེན་པོ་རེད། ཕྲན་ནས་ཀྱང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་པ་དང་གསར་འགོད་པ་ཡོངས་ཀྱི་ཚབ་བྱས་ནས། སྐུ་ཉིད་ཀྱིས་མི་རིགས་ལ་སྨན་པའི་རླབས་ཆེན་གྱི་བགྱི་བ་མཐའ་དག་བཟང་འགྲུབ་ཡོང་ཞིང་། བོད་ཀྱི་ཡིག་གཟུགས་དར་སྤེལ་ལ་སྔར་ལས་ལྷག་པའི་མཛད་རྗེས་འཇོག་ཐུབ་པ་དང་། སྐུ་གཟུགས་གསལ་དྭངས་ཡོང་བའི་སྨོན་ལམ་ཡང་ཡང་ཞུས་པ་ཡིན། ངོ་མ་བཀའ་དྲིན་ཆེ།

ལན། ལགས་སོ། ། ཁྱེད་རྣམས་ལ་ཡང་དེ་བཞིན་རྗེས་སུ་ཡི་རང་ཞུ་བ་དང་། སྐུ་ཚེ་བརྟན་ཅིང་བསམ་དོན་ཆོས་བཞིན་འགྲུབ་པའི་སྨོན་ལམ་ཡོད་ལགས། །

གསར་འགོད་པ། གླིང་རུ་བསམ་འགྲུབ་ཚེ་རིང་། དབའ་བཀྲ།

གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ། གླིང་བུའི་སྙེ་མ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498608
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།