སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་བྱིས་པའི་སློབ་གསོ་གླེང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» མཐར་ཕྱིན་འོས་སྦྱོར། »སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་བྱིས་པའི་སློབ་ག
སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་བྱིས་པའི་སློབ་གསོ་གླེང་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-03-05ལྟ་ཀློག (11049)རྩོམ་ཁུངས: གླིང་སྲས་དྲ་ཚིགས།པར་འདེབ།

སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་བོད་ཁུལ་གྱི་བྱིས་པའི་སློབ་གསོ་ཐེངས་བཞི་བའི་བགྲོ་གླེང་ཚོགས་འདུའི་སྟེང་གནང་བའི་བཀའ་སློབ།

ཟིན་འགོད་པ། ཁྲི་ཐོག་རྒྱ་མཚོ།

    འོ་ལགས་སོ།། ད་ཐོག་མར་ད་ཐེངས་ང་ཚོ་བོད་ཁུལ་གྱི་བྱིས་པའི་སློབ་གསོ་ཡི་བགྲོ་གླེང་འདི་སྒྲུབ་མཁན་དང་། བགྲོ་གླེང་འདི་ལ་སྦྱིན་བདག་བྱེད་མཁན་གྱི་ཚོགས་པ་རྣམ་པ་གཉིས་གང་ཡིན་ནའང་འདི་ལྟ་བུའི་གོ་སྐབས་ཤིག་བྱིན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་དེ་རིང་འདི་ན་མཁས་པའི་དབང་བོ་དགེ་རྒན་མང་བོ་ཞིག་བྱོན་འདུག འདི་ཐམས་ཅད་ལ་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ང་ལ་མཚོན་ན་དེ་རིང་གྲ་སྒྲིག་ཅི་ཡང་བྱེད་ཐུབ་མ་སོང་། དེའི་རྒྱུ་མཚན་གྱིས་ཐད་ཀར་ཞུ་རྒྱུ་དེ་ཡིན། གྲ་སྒྲིག་བྱས་ནའང་ཡ་མཚན་དེ་འདྲའི་ཉམས་མྱོང་ཅན་ཅི་ཡང་མེད། ཡིན་ནའང་རང་ལ་མཚོན་ན་ལོ་ཉི་ཤུ་རྩ་གཉིས་ཙམ་ལ་སྒེར་བཙུགས་སློབ་གྲྭ་བསྒྲུབས་པ་རེད། འདི་སྒྲུབ་པའི་གོ་རིམ་གྱི་ཁྲོད་ནས་རང་གི་མཐོང་ཐོས་དོགས་གསུམ་བྱུང་བ་དེ་དང་འབྲེལ་ཏེ་རང་གིས་འདི་ནས་མར་བཤད་བསམ་པ་དཀར་ཆག་ཙམ་ཞིག་ཞུ་རྒྱུ་ཡིན། ད་དུས་ཚོད་ཐུང་བའི་དབང་གིས་མང་བོ་བཤད་ཐུབ་རྒྱུ་མ་རེད།དུས་ཚོད་ཀྱིས་ཀྱང་འདངས་རྒྱུ་མ་རེད།

    སྤྱིར་བཏང་བཤད་ཡོང་ན། བྱིས་པའི་སློབ་གསོ་ནི་མིའི་རིགས་ཀྱི་རྨང་གཞི་ལྟ་བུའི་སློབ་གསོ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཚང་མས་ཀྱང་བཤད་བཞིན་ཡོད་པ་རེད། མི་རིགས་དང་རྒྱལ་ཁབ་གང་ཡིན་ནའང་འདི་འཕེལ་རྒྱས་སུ་འགྲོ་དགོས་ན་ཐོག་མར་རྨང་གཞི་ལྟ་བུའི་སློབ་གསོ་འདི་དམ་དུ་འཛིན་དགོས། འདི་དམ་དུ་མི་འཛིན་པའི་མི་རིགས་དང་རྒྱལ་ཁབ་གང་ཡིན་ནའང་རྗེས་སུ་ལུས་འགྲོ་བ་ནི་བཤད་མ་དགོས་པ་ཞིག་ཡིན་མོད། ཡིན་ནའང་རང་རེའི་བོད་མི་རིགས་ལྟ་བུ་ལ་མཚོན་ན། བྱིས་པའི་སློབ་གསོ་འདི་ལ་དམ་འཛིན་བྱ་མིན་དང་ལྟ་ཚུལ་གྱི་ཐད་ནས་ཧ་ཅང་འདང་གིན་མེད། དེའི་རྒྱུ་མཚན་གྱིས་ང་ཚོ་བླ་མ་དང་དཔོན་པོ་ཡིན་ནའང་འདྲ། མང་ཚོགས་དང་ལས་བྱེད། ཁྱིམ་བདག་དང་བྱིས་པ་རང་ཉིད་ཀྱིས་གཙོ་བྱས་ཏེ་འདི་གལ་ཆེན་རང་བཞིན་ཞིག་ཡིན་པ་ཤེས་རྒྱུ་དང་འདི་ལ་མཐོང་ཆེན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་སེམས། དེ་བས་ང་རང་གི་ངོས་ནས་བལྟས་འོང་ན། གལ་ཏེ་འདི་ལ་མཐོང་ཆེན་བྱ་དགོས་ན་དོན་ཚན་བཞིའི་སྟེང་ནས་མཉམ་པར་འཇོག་དགོས་པར་སེམས། 

      མ་གཞི་སློབ་གསོ་ནི་ཧ་ཅང་གལ་ཆེན་ཞིག་རེད། སྤྱིར་བཏང་སློབ་གསོ་ཟེར་རྒྱུ་དེ་མ་ཤེས་པ་ཤེས་པར་བྱེད་པ། རང་གིས་གསོ་མ་ནུས་པ་གསོ་བར་བྱེད་པ། མ་སྨིན་པ་སྨིན་པར་བྱེད་པ། ཡང་ན་ལམ་ལོག་ཏུ་སོང་ཡོད་པ་དེ་དག་ཐམས་ཅད་ལམ་དྲང་པོར་འཐེན་ནུས་པ་དེ་ལྟ་བུའི་ཕྱོགས་སུ་འགྲོ་དགོས་རྒྱུ་རེད། ཁྱད་པར་དུ་བྱིས་པའི་སློབ་གསོ་ནི་རང་གི་མི་ཚེ་དེ་ལ་སློབ་མ་མྱོང་བ་དང་གོ་མ་མྱོང་བ་མང་བོ་ཞིག་གསར་དུ་གོ་དགོས་པ་དེ་ལྟ་བུ་ཞིག་རེད། དེ་བས་ཆེས་ཐོག་མའི་བྱིས་པའི་དགེ་རྒན་ནི་རང་གི་ཕ་མ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་རང་གི་ཨ་མ་རེད། དེའི་རྒྱུ་མཚན་གྱིས་ངས་ཀྱང་སློབ་གྲྭ་ཐེངས་གཉིས་པ་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་བཙུགས་པ་རེད། དེའི་སྐབས་ཀྱི་རང་གི་བསྒྲགས་གཏམ་ཟེར་ནའང་ཆོག བུ་མོའི་སློབ་གྲྭ་འཛུག་པའི་དམིགས་ཡུལ་ཟེར་ནའང་ཆོག སྐབས་དེར་བཤད་རྒྱུར། བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན། དེའི་རྒྱུ་མཚན་གྱིས་མིའི་རིགས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས་ན་ཐོག་མར་བུ་མོའི་སློབ་གསོ་གལ་ཆེན་དུ་འཛིན་དགོས། ཞེས་དེ་ལྟ་བུའི་སྐད་ཆ་ཞིག་བཤད་ཡོད། 

    སྐད་ཆ་དེ་ལ་བརྟེན་ནས་ཧོ་ལན་གཞུང་ཚབ་ཁང་དང་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པ། ཡ་གླིང་མཐུན་སྒྲིལ་ཚོགས་པ་འདི་ཐམས་ཅད་ཀྱིས་དམིགས་གསལ་དུ་རྒྱབ་སྐྱོར་བྱས་ཏེ་སློབ་གྲྭ་འདི་བསྒྲུབས་པ་ཡིན། རང་གི་ཆ་ནས་བཤད་ནའང་གཙོ་བོ་ཨ་མ་ནི་ཡ་མཚན་པའི་གལ་ཆེན་ཞིག་ཡིན་པ་དང་། དཔེར་ན་བྱིས་པ་ཞིག་ལ་ཨ་མ་བྱང་སེམས་ཅན་དང་ལྷག་བསམ་ཅན་དེ་ལྟ་བུའི་ཨ་མ་ཡག་པོ་ཞིག་ཡོད་ན། དེའི་སློབ་མ་འམ་བྱིས་པ་ཐམས་ཅད་ལམ་ཡག་པོ་ཞིག་ལ་འཁྲིད་ཐུབ་ཀྱི་འདུག་སྙམ་པའི་འདུ་ཤེས་དེའི་སྟེང་བསྒྲུབས་པ་ཡིན། ཁྱད་པར་དུ་མི་རིགས་ཤིག་ལ་མཚོན་ནས་བཤད་ན། མི་རིགས་དེ་ལ་ཨ་མ་ཡག་པོ་ཞིག་འབྱུང་ཐུབ་མིན་དེ་ཧ་ཅང་གལ་ཆེན་པོ་རེད། དེའི་རྒྱུ་མཚན་གྱིས་སྐབས་དེའི་འདུ་ཤེས་སུའང་བོད་མི་རིགས་ཀྱི་འབྲོག་པའི་བུད་མེད་ཅིག་གིས་དཀའ་ངལ་མཐོང་བའི་རྣམ་པ་དང། འདི་ལ་བསམ་བློའི་ཆུ་ཚད་དང་ཡོན་ཏན་སྦྱོང་བའི་གོ་སྐབས་མ་རྙེད་པ་འདིར་བསམ་ཏེ། ད་ནས་བཟུང་འདི་ངེས་པར་དུ་ཐོ་བརྒལ་དང་ཐག་གཅོད་བྱེད་མ་ཐུབ་ན་ང་ཚོས་མི་རིགས་ཤིག་གི་སྤུས་ཀ་དང་ཡར་རྒྱས་ཟེར་ཏེ་ཇི་ལྟར་འུར་བརྒྱབ་ཀྱང་རྩ་བ་ནས་ཕན་པ་མེད་པར་བསམ་སྟེ་སྐབས་དེར་དེ་ལྟར་བཤད་པ་ཡིན། དེའི་རྒྱུ་མཚན་གྱིས་ཕ་མའི་སློབ་གསོ་ནི་ཧ་ཅང་གལ་ཆེན་པོ་རེད། 

    དེའི་རྗེས་བྱིས་པའི་སློབ་གསོའི་ཁ་ཕྱོགས་ཀྱི་རྣམ་པ་དེ་རེད། དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། ཡིན་ནའང་བྱིས་པའི་སློབ་གསོའི་ཁ་ཕྱོགས་འཛིན་མ་ཤེས་ན་ཇི་ལྟར་བཤད་ཀྱང་ཡོང་དཀའ་མོ་ཞིག་རེད། དེ་བས་ང་ཚོས་བྱིས་པའི་སློབ་གསོའི་ཁ་ཕྱོགས་འཛིན་པའི་ཚེ་ན་མི་རིགས་དང་རྒྱལ་ཁབ་གཞན་ལ་མ་དཔེ་བྱ་དགོས་ས་ཡོད་ནའང་ཐང་སྟེ་ཡིན་གཅིག་མིན་གཉིས་དགོས་དོན་མི་འདུག ད་རུང་གཞན་ཏག་ཏག་ལ་མ་དཔེ་བྱས་པ་ཡིན་ན་ཕན་པ་ལས་གནོད་པ་ཆེ་འགྲོ་བ་རེད་བསམ་གྱིན་ཡོད། ང་ཚོས་ད་ལྟའི་བར་དུ་སློབ་གསོའི་ཁ་ཕྱོགས་འཛིན་པའི་ཚེ་ན་མང་ཆེ་ཤོས་ཤིག་གིས་ཕྱི་རྒྱལ་གྱི་མཁས་པ་དང་ཡང་ན་རྒྱ་མི་རིགས་ཀྱི་མཁས་པ་ཞིག་ལ་ཁུངས་གཏུགས་ཀྱི་ཡོད། འདི་རྣམ་པའི་ཁྲོད་ན་ཡ་མཚན་པའི་མཁས་པའི་དབང་བོ་ཡོད་ནའང་ང་ཚོས་དེ་དག་ལ་ཁུངས་གཏུགས་པ་ནི་ཧ་ཅང་ནོར་བ་རེད། དེ་དག་ལ་ཁུངས་གཏུགས་པ་དེས་དོན་ངོ་མར་རང་གི་སློབ་གསོའི་ཁ་ཕྱོགས་བསྒྱུར་བཞིན་ཡོད་པ་རེད། བྱིས་པའི་སློབ་གསོ་ལ་མཚོན་ནའང་དེ་དང་གཅིག་མཚུངས་རེད།

    དེ་བས་རང་ལ་ཐུན་མོང་མ་ཡིན་པའི་བསམ་བློ་ཞིག་དང་ཐུན་མོང་མ་ཡིན་པའི་མིང་འདོགས་སྟངས་ཤིག་ཡོད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། ཡིན་གཅིག་མིན་གཉིས་ཆུ་སྣ་གར་ཁྲིད་བྱས་ཏེ་ཡོད་ཚད་གཞན་ཏག་ཏག་ལ་མ་ལྟོས་ན་བཟང་། དེའི་རྒྱུ་མཚན་གྱིས་ང་ཚོས་བྱིས་པའི་སློབ་གསོ་འདི་རིམ་པ་གསུམ་ལ་བསྡུས་ཏེ་ཐ་སྙད་ལ་བརྟན་ཆགས་སུ་འགྲོ་ཐུབ་ན་ཡག་རྒྱུ་རེད་བསམ་གྱིན་ཡོད། གཅིག་མངལ་ཞུགས་སློབ་གསོའམ་བྱ་བཅོས་སློབ་གསོ་ཞེས་མིང་བཏགས་ན། འདི་ནི་ཨ་མའི་མངལ་ལ་ཆགས་པ་ནས་བཟུང་ཞིབ་ཏུ་ཨ་མའི་མངལ་དུ་བཙོས་ཏེ་བཟའ་བཏུང་སོགས་ལ་བསྒྱུར་བཅོས་གཅིག་ཀྱང་མ་བྱས་པའི་ཡར་སྔོན་གྱི་རྣམ་པ་འདི་ལ་མངལ་གྱི་སློབ་གསོ་ཞེས་བརྗོད་ན་བཟང་། ཨ་མའི་ནུ་ཞོ་སྣུན་པ་ནས་བཟུང་ཕྱིའི་དངོས་པོ་མཐོང་ཐོས་གྲ་རིམ་དུ་གྱུར་བ་དང་བསྟུན་ཁོ་རང་ཉིད་ཀྱི་ལྟ་བ་དང་། ཁོ་རང་ཉིད་ཀྱི་རང་བཞིན་འཕེལ་རྒྱས་སུ་འགྲོ་བ་འདི་ལ་འགྱུར་ལྡོག་བྱུང་ཟིན་པ་རེད།

    གཉིས་པ་མ་འབྱར་སློབ་གསོ་ནི་ཨ་མའི་མངལ་ལས་སྐྱེས་ནས་བཟུང་ལོ་གསུམ་གྱི་བར་དེ་ལ་མ་འབྱར་སློབ་གསོ་ཞེས་བརྗོད་ན་བཟང་འདུག་བསམ། རྒྱུ་མཚན་མ་འབྱར་ཞེས་པའི་ཐ་སྙད་འདིའང་ང་ཚོ་རང་གི་ཐ་སྙད་རེད་ལ་དོན་གྱི་ཆ་ནས་ཀྱང་འོས་འཚམས་རེད། དཔེར་ན་བྱིས་པ་ཆུང་ཆུང་གི་དུས་ནས་བཟུང་ཨ་མ་དང་ཁ་བྲལ་མ་ཐུབ་པར་ཨ་མའི་དྲོས་ཀྱིས་བསྐྱངས་པ་དང་། ཨ་མ་དང་ཁ་མ་བྲལ་བར་ཨ་མའི་མིག་གིས་འཚོ་བ། ད་རུང་མིག་གིས་མཐོང་ནའང་བྱིས་པ་སྒོ་ཕྱི་ནང་གང་དུ་ཡོད་ཀྱང་ཨ་མའི་སེམས་ཀྱིས་འཚོ་བ་སྟེ་འདི་ན་འདི་འོ་བསམ་པའི་ཁྱིམ་གཅིག་གི་འདུ་ཤེས་འཛིན་ཐུབ་པ་ལྟ་བུ་རེད། ལུས་དང་སེམས་འདུ་ཤེས་སོགས་གང་གི་ཐད་ནས་ཀྱང་ཁ་མ་བྲལ་བར་ཨ་མ་དང་འབྱར་བསྡད་པའི་རྣམ་པ་འདི་ལྟ་བུའི་སྣ་ཁ་གང་མང་ཞིག་གི་ཐོག་ནས་མ་འབྱར་སློབ་གསོ་ཞེས་བརྗོད་ན་བཟང་འདུག་བསམ། འདི་ལྟར་སོང་བ་ཡིན་ང་ཚོ་རང་ལ་ཐུན་མོང་མ་ཡིན་པའི་འགྲེལ་བཤད་ཅིག་དང་ཐུན་མོང་མ་ཡིན་པའི་ཐ་སྙད་ཅིག་ཆགས་ཐུབ་ཀི་ཡོད། 

    གསུམ་པ་ལོ་བཞི་དང་དྲུག་གི་བར་དེ་ལ་ཁྱེའུ་སློབ་གསོ་འམ་བྱིའུ་སློབ་གསོ་ཞེས་བརྗོད་ན་ཡག་འདུག་བསམ། འདི་ལའང་ལོ་བཅུའི་མན་དང་། ལོ་བརྒྱད་དང་དྲུག་གི་མན་ཞེས་འགྲེལ་བ་རྒྱག་སྟངས་མང་བོ་ཞིག་འདུག ཡིན་ནའང་ལོ་དྲུག་གི་མན་དེ་ལ་ངོས་འཛིན་རྒྱུ་ཡིན་ན་རྒྱལ་སྤྱིའི་བཤད་སྟངས་དང་གཞན་གང་ལའང་མཐུན་པོ་རེད། འདུལ་བའི་ནང་དུའང་གྲྭ་པ་རབ་ཏུ་བྱུང་བའི་སྐབས་སུ་ཁྱེའུ་ཞེས་པ་ནི་ཁྱེའུ་བྱ་རོག་དཀྲོགས་ནུས་པ་ཞེས་ལོ་དྲུག་ལ་ཐོན་དུས་ད་གཟོད་རབ་ཏུ་བྱུང་ཆོག་པ་རེད། དེ་འདྲའི་ཐ་སྙད་ཅིག་ཡོད་བཞིན་དུ་ང་ཚོས་ཀྱང་དེ་ལྟ་བུའི་ཁ་ཕྱོགས་འཛིན་རྒྱུ་ཡིན་ན་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་གི་སྟེངས་ནས་འགྲོ་ཐུབ་འདུག་བསམ་གྱི་ཡོད། 

    དེ་ནས་ང་ཚོའི་སློབ་གསོ་ཞེས་པ་དེ་རེད། དཔེར་ན་བྱིས་པ་ཞིག་ལ་མཚོན་ན་སློབ་གསོ་ཞེས་པའི་སྐབས་སུ་བསླབ་རྒྱུ་གང་རེད། གསོ་རྒྱུ་གང་རེད། དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དཔེར་ན་བསམ་བློའི་སློབ་གསོ་འདི་ལ་མཚོན་ན་བསམ་བློའི་ཤེས་ཡོན་དེ་ཉིད་གོང་འཕེལ་དུ་གཏོང་རྒྱུ་གལ་ཆེན་པོ་རེད། འདི་གསོ་སྟངས་ཀྱི་ཆ་ནས་བཤད་ནའང་ང་ཚོ་ཐུན་མོང་མ་ཡིན་པའི་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ཀྱིས་གསོ་དགོས། སྤྱིར་འདི་གསོ་སྟངས་དང་གསོ་བྱེད་ཀྱི་ཆ་ནས་མང་བོ་ཞིག་ཡོད་ནའང་གཙོ་བོ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་དེའི་བརྗོད་བྱའི་ནང་དོན་དང་ལྡན་པའི་ཐོག་ནས་འགྲོ་དགོས། དེའི་འཕྲོ་ནས་གཅིག་ཀུན་སྤྱོད་གསོ་བ་ཞེས་པ་དེ་རེད། ཀུན་སྤྱོད་གསོ་བ་ཞེས་པ་ནི་རང་གི་འགྲོ་ཆགས་ཉལ་འདུག་གང་གི་ཆ་ནས་བཤད་ནའང་བག་དང་ལྡན་པ་སྟེ་བོད་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་ལམ་ནས་གསོ་སྐྱོང་བྱེད་རྒྱུ་དེ་རེད། དེའི་འཕྲོ་ནས་ད་རུང་ཡང་གཅིག་ཡོད་པ་ནི་ལུས་གསོ་བ་ཞེས་པ་དེ་རེད། དེ་ནི་ཅི་ནས་ཀྱང་གལ་ཆེན་ཞིག་རེད།མིའི་རིགས་ཀྱི་འཕེལ་རྒྱས་དང་དེའི་གོ་རིམ་གྱི་ཆ་ནས་བཤད་ནའང་གཅིག་བསམ་བློ་གསོ་བ།གཉིས་ཀུན་སྤྱོད་གསོ་བ། ད་རུང་ཡང་གནད་འགག་ཆེན་པོ་གཅིག་ཡོད་པ་ནི་ལུས་གསོ་བ་ཞེས་པ་དེ་རེད། དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། 

     མང་བོ་ཞིག་གིས་ང་ཚོའི་ལུས་གསོ་བ་ཞེས་པ་ནི་ཚང་མ་གཅིག་མཚུངས་ཡིན་ཏེ་དཔེར་ན་ཟ་མ་ལྟ་བུའི་གང་གིས་གསོས་ན་ཚང་མ་འདྲ་འོ་སྙམ་ན་དེ་ནི་གཏན་ནས་མི་འདྲ། དཔེར་ན་མི་རིགས་ཤིག་ཡིན་ན་རང་རང་ལ་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཤིག་ཡོད་པ་རེད། དེ་བས་ང་ཚོའང་མཐོ་སྒང་གི་ས་ཆ་ན་གནས་ཡོད་པའི་རྒྱུ་མཚན་གྱིས་བྱིས་པ་ཆུང་ཆུང་ཡིན་པའི་སྐབས་དེ་ནས་བཟུང་སྟེ་རང་གི་ལུས་གསོ་བ་ལ་རང་ལ་ཐུན་མོང་མ་ཡིན་པའི་འཚོ་བའམ་ལུས་ཀྱི་བཅུད་གསོ་བྱེད་ཅིག་ཡོད་པ་རེད། དེ་མ་ནོར་བར་འགྲོ་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་ནི་དེང་སྐབས་ང་ཚོའི་སྔོན་ཐོན་ཞེས་ཚད་མཐོ་བའི་བསམ་བློ་དེ་གང་རེད་ཟེར་ན། སྡེར་མ་བཟུང་སྟེ་སྔོ་ཚོད་མང་བོ་འཛིན་རྒྱུ་དང་། ཡང་ན་སིལ་བཅུད་ཀྱི་ཟ་མ་རེ་ཟ་ཐུབ་རྒྱུ་འདི་ནི་ཧ་ཅང་སྔོན་ཐོན་གྱི་བསམ་བློ་རེད། ཡིན་ནའང་མི་རིགས་རང་གི་ཆ་ནས་བཤད་ན་སྔོན་ཐོན་མ་རེདཞ རྒྱུ་མཚན་གང་རེད་ཟེར་ན། དེང་སྐབས་མང་བོ་ཞིག་གིས་ཀྱང་བཤད་བཞིན་ཡོད་པ་རེད། ཁྱེད་ཚོས་གོ་ཡོད་ནའང་ཐང་། གོ་མེད་པ་ཡོད་ནའང་ཐང་། ང་ཚོ་བོད་ལྟ་བུ་ལ་མཚོན་ན་རང་གིས་རང་གསོ་བཞིན་ཡོད། གང་གིས་གསོ་བཞིན་ཡོད་ཟེར་ན། འཚོ་བས་གསོ་བཞིན་ཡོད།མཐོ་སྒང་ལ་གནས་པའི་མི་རིགས་གང་དང་གང་ཡིན་ནའང་མཐོ་སྒང་ལ་འཚམས་པའི་ཟ་མ་ཞིག་ཡོད་པ་རེད།

    ཁྱད་པར་དུ་བོད་མི་རིགས་ལྟ་བུ་ལ་མཚོན་ན་རྩམ་པ་དང་ཆུར་བ་མར་སོགས་ཡོད་པ་རེད། དེ་བས་མིའི་ལུས་ལ་སྟོབས་ཤུགས་ཡོད་པ། ད་རུང་ངོ་མ་བཤད་འོང་ན་འབྲོང་གི་ལུས་སྟོབས་དང་ལྡན་པའི་མི་རིགས་ཤིག་རེད། ཡིན་ནའང་དེང་སྐབས་རང་གི་འཚོ་བ་ཕར་འཕངས་ཏེ་སྔོ་ཚལ་ཏག་ཏག་ཟ་བཞིན་ཡོད་པ་རེད། དེ་ནི་ས་དམའ་ས་དང་མི་རིགས་གཞན་གྱི་འཚོ་བ་འཚོ་བྱེད་རེད། དེ་བས་ང་ཚོའི་ལུས་ཚང་མ་འགྱུར་བཞིན་ཡོད། གལ་ཏེ་ལུས་འདི་འགྱུར་སོང་ན་ཕ་མའི་ཁམས་དཀར་དམར་ལ་སོགས་པའང་འགྱུར་ལྡོག་བྱུང་བསྡད་ཡོད་པ་རེད། འགྱུར་ལྡོག་བྱུང་བ་ནས་བཟུང་དེའི་ལུས་ཕུང་ལ་འཚོ་བ་དེས་བསྐྲུན་པའི་ནུས་པ་ཞིག་མ་གཏོགས་ཡོད་པ་མ་རེད། གལ་ཏེ་བྱིས་པ་ཞིག་སྐྱེས་ནའང་མ་འོངས་པར་ཁོའི་ལུས་ལ་དེའི་ནུས་པ་དེ་ཡོད་པ་མ་རེད། དེ་མ་ཚད་ད་ཕལ་ཆེར་མི་ཚེ་གཅིག་མ་གཏོགས་དགོས་རྒྱུ་མ་རེད་ཅུང་བསྡད་རྗེས་བོད་ཀྱི་བྱིས་པ་ཚང་མ་ཡར་མཐོ་སྒང་ལ་སོང་ན་ས་ཐུབ་རྒྱུ་མ་རེད། སྔོན་ཆད་ལ་མཚོན་ན་རོང་འབྲོག་མང་ཚོགས་ཀྱི་བྱིས་པ་ཞིག་ཡིན་ན་སྟོབས་ཤུགས་དང་ལྡན་པ་ཞིག་ཡིན་པ་རེད། ཡིན་ནའང་འདི་ཐམས་ཅད་མེད་པར་གྱུར་ཏེ་ཨ་ན་མ་ན་མི་རིགས་གཞན་པའམ་དམའ་སའི་མི་རིགས་ཤིག་ཏུ་ལོག་རྒྱུ་རེད། དེ་བས་ང་ཚོས་ཀྱང་ཁ་ཕྱོགས་མ་ནོར་བར་འདི་ལྟ་བུ་རྣམ་པ་གསུམ་གྱི་སྒོ་ནས་གསོ་དགོས་རྒྱུ་རེད་བསམ་གྱི་ཡོད། 

     གསུམ་པ་དགེ་རྒན་གྱི་ཆུ་ཚད་དང་དེའི་བསམ་བློ་ཞེས་པ་དེ་རེད། མིའི་ཆ་ནས་བཤད་ན་ཕ་མ་ནི་ཆེས་ཐོག་མའི་དགེ་རྒན་རེད། དགེ་རྒན་རང་ལ་ཡོན་ཏན་གྱི་ཆུ་ཚད་ཡོད་པ་ཙམ་གྱིས་མ་ཚད་པར་བསམ་བློ་དང་ཀུན་སྤྱོ་ཀྱི་ཆ་ནས་ཀྱང་དབྱེ་ཞིབ་བྱེད་ཤེས་པ། ཡང་དག་པའི་ལམ་ལ་འཁྲིད་ཤེས་པ། དཔེར་ན་བྱིས་པ་ཞིག་ལ་མཚོན་བྱིས་པ་དེས་ཁོག་ལ་ལྡུད་རྒྱུའི་བསམ་བློ་ཙམ་མ་ཡིན་པར་དབྱེ་ཞིབ་ཤེས་སུ་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་སྟེང་ལ་འདིའི་ལྟ་བ་འཛིན་སྟངས་མང་བོ་ཞིག་ཡོད་པ་རེད། ཡིན་ནའང་ང་ཚོ་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་བསམ་ཚུལ་ཞིག་དགོས་རྒྱུ་རེད་བསམ་གྱིན་ཡོད། ཡོད་ཡོད་པོ་ཚང་མ་ཅི་བྱས་ན་བྱེད་དུ་བཅུག་སྟེ་བྱིས་པ་དེས་སྐྱག་པ་ཞིག་ཟོས་ནའང་ཟ་རུ་འཇུག་རྒྱུ་ཡིན་ནམ། བསམ་བློ་ངན་པ་ཞིག་ཀྱང་གསོ་དགོས་ཟེར་ན་གསོ་རུ་འཇུག་རྒྱུ་ཡིན་ནམ། དེ་ནི་ཧ་ཅང་ནོར་འཁྲུལ་རེད་བསམ་གྱི་ཡོད། ང་ཚོས་ཡོད་ཡོད་པོ་ཚང་མ་ཁོག་ཏུ་ལྡུད་རྒྱུ་མ་ཡིན་ནའང་བཟང་ངན་དང་ཁྱད་པར་གྱི་དབྱེ་བ་འབྱེད་ཤེས་པ། མི་ཉན་པ་གང་ཡིན་པ་དེ་བརྟགས་ཏེ་ཤེས་སུ་འཇུག་རྒྱུ་མ་གཏོགས་ཅི་བསམ་གང་དྲན་དུ་སོང་དུ་བཅུག་པ་ཡི་ན་དེས་རང་ཉིད་གཙོ་བོ་བྱས་བཏང་བ་རེད། དེང་སྐབས་ཕྱི་རྒྱལ་གྱི་ཁྲོད་དུ་ཡིན་ནའང་འདྲ་མང་བོ་ཞིག་གིས་ཕ་མ་ངེད་གཉིས་ད་ནས་བཟུང་འབྲེལ་བ་མེད། ང་རང་ལོ་བཅོ་བརྒྱད་ལ་བུད་བཏང་དེ་བས་ཕ་མ་ངེད་གཉིས་རང་རང་སོ་སོར་འགྲོ་དགོས་བསམ་པའི་ཕ་མ་ལ་དུང་བ་མེད་པའི་འདུ་ཤེས་མང་བོ་ཞིག་འབྱུང་གིན་ཡོད་པ་རེད། དེའི་རྒྱུ་མཚན་རང་ཉིད་སྐྱེད་སྲིང་དང་བདག་གཙོ་བོ་བྱས་པས་རེད།དྲང་མོར་བཤད་ན་སྙིང་བོ་དེ་ཡལ་སོང་བ་རེད། 
  
     ང་ཚོ་བོད་མི་རིགས་ལ་མཚོན་ན་དེ་ལྟ་བུ་ཞིག་གཏན་ནས་མ་རེད། ང་ཚོའི་བོད་མི་རིགས་ཀྱི་སྐྱེད་སྲིང་བྱ་རྒྱུ་དང་དེའི་བསམ་བློ་གང་འདྲ་ཞིག་ཡིན་ནམ་ཞེ་ན། བྱམས་སྙིང་རྗེའི་སྙིང་བོ་ཅན་གྱི་རིགས་གནས་འདི་ཁོག་ཏུ་ལྡུད་རྒྱུ་དེ་རེད། དེ་ནི་ད་གཟོད་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཟུང་འཇུག་ཅིག་རེད། དེའི་འཕྲོ་ནས་བརྟེན་ཅིང་འབྲེལ་བར་འབྱུང་བ་སྟེ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་པ་ལྟ་བུའི་རྟེན་འབྲེལ་གྱི་ལྟ་བ་འདིའང་ཁོག་ལ་འཇོག་རྒྱུ་ནི་ང་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིགས་གནས་ཤིག་རེད། བརྟེན་ཅིང་མ་ཚུགས་པར་རང་ཚོད་ཚོད་ལ་སྤྱིའི་རྗེས་སུ་བསྙེགས་པ་ཡིན་ན་རང་མི་རིགས་ཀྱི་ཁྱད་ཆོས་བོར་སོང་བ་རེད། རྒྱུ་མཚན་ཤར་ལྷོ་དང་ཕྱི་རྒྱལ་སོགས་མང་བོ་ཞིག་གི་ལྟ་བ་གཙོ་བོ་ནི་བདག་གཙོ་བོ་བྱེད་པའི་སློབ་གསོ་དེ་རེད། གཞན་ཕལ་བ་སྟེ་རང་ཉིད་གཙོ་བོར་བྱས་ཏེ་ཐོག་མར་རང་ཉིད་ཀྱི་ཁ་སོས་ཙམ་ལ་འབད་རྒྱུ་དང་དེ་ནས་གཞན་བསྒྲུབ་ཐུབ་ན་བསྒྲུབ་ཟེར་རྒྱུ་དེ་རེད། ང་ཚོ་བོད་མི་རིགས་ཀྱི་ལྟ་བ་དེ་མ་ཡིན་པར་མ་ཚད་དེ་ལྟར་བྱས་ན་མི་ཉན་པར་འདོད་པར་འཛིན་པ་དེ་རེད། དཔེར་ན། དཔལ་ལྡན་ཆོས་ཀྱི་གྲགས་པའི་ཀྱི་ཞལ་ནས། བདག་ཡོད་ན་ནི་གཞན་དུ་ཤེས།། བདག་གཞན་ཆ་ལས་འཛིན་དང་སྡང་།། འདི་དག་དང་ནི་ཡོངས་འབྲེལ་ལས།། ཉེས་པ་ཐམས་ཅད་འབྱུང་བར་འགྱུར།། ཞེས་བདག་གཙོ་བོར་འཛིན་མི་རིགས་པར་བསྟན་པ་རེད། འདིའི་ཆ་ནས་ཀྱང་ཧ་ཅང་གིས་མཉམ་པར་འཇོག་དགོས་པར་མ་ཚད་དེའི་ཁ་ཕྱོགས་དེ་འཛིན་མ་ཐུབ་ནའང་ཡོང་གི་ཡོད་པ་མ་རེད། དེའི་འཕྲོ་ནས་རྒྱ་མི་རིགས་ཤིག་གིས་ཀྱང་རིགས་གནས་དང་སློབ་གསོ་ཞིག་བཤད་འོང་ནའང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་རིག་པ་ཡིན་པ་རེད། དཔེར་ན་ཁུང་ཙིས་(人之初,性本善,)(性相近,习相远.)ཞེས་བཤད་པ་རེད། དོན་ངོ་མར་ཁོས་སྐྱེ་བ་གཅིག་གི་སློབ་གསོ་མ་གཏོགས་བཤད་ཀྱི་ཡོད་པ་མ་རེད། ཡང་བོད་མི་རིགས་དེ་ལྟ་བུ་ཡིན་པ་མ་རེད།དེའི་ཁྱད་པར་ཡང་ཤེས་དགོས་པ་རེད། སློབ་དཔོན་ཐོན་མི་སམ་བྷོ་ཊའི་ཞལ་ནས། མཁས་པའི་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། དུས་ད་ལྟ་དགའ་ལ་ཕྱི་མར་སྐྱིད། ཅེས་གསུངས་པ་བཞིན་ང་ཚོའི་སློབ་གསོའི་ལྟ་བ་ནི་མི་ཚེའི་འཕྲེང་བརྒྱུད་ཀྱི་སློབ་གསོ་རེད། དེའི་རྒྱུ་མཚན་གྱིས་ཚེ་འདི་ལ་སློབ་པ་ཙམ་མ་ཡིན་པར་ཚེ་རྗེས་མ། ཚེ་འདི་ལ་ཤེས་པ་ཙམ་མ་ཡིན་པར་ཚེ་སྔོན་མའི་བག་ཆགས་ལ་བརྟེན་པ་དེ་ལྟ་བུར་རེད། དེ་བས་མ་གཅིག་གི་བྱང་ཁོག་ལས་རྒྱུད་པའི་བྱིས་པ་ཞིག་ཡིན་ནའང་འདི་གཉིས་ཀྱི་རིག་པ་མི་འདྲ་བ་རེད།བསླབས་ནའང་མི་འདྲ་བར་བཟང་ངན་གྱི་ཁྱད་པར་ཡོད་པ་ནི་དོན་གྱིས་འདི་ནས་ཡོང་གི་ཡོད་པ་རེད། 

     ད་རུང་ཁོར་ཡུག་གི་ཆ་ནས་ཀྱང་གནོད་རྐྱེན་ཆེན་པོར་ཐེབས་ཀི་ཡོད་པ་རེད། དཔེར་ན་སྤྱི་ཚོགས་སྟེང་གི་ཁྱད་མཁས་པ་དང་ཡང་ན་མཁས་པ་རྣམས་ཀྱིས་སྐད་ཆ་བཤད་སྟངས། གླུ་བ་གླུ་མའི་གླུ་ཚིག་སོགས་ཀྱི་ཐད་ནས་བྱིས་པ་རྣམས་ལ་ཤུགས་རྐྱེན་ཡ་མཚན་པ་ཐེབས་ཀི་ཡོད་པ་རེད། དཔེར་ན་གླུ་བ་ལ་ལ་ཞིག་གིས། ད་ང་ཚོ་ཕྱུགས་རྗེས་ལ་འདུག་རན་མ་རེད། ཕྱུགས་བསྐྱུར་ཏེ་མར་ལ་འགྲོ་རན་རེད་ཟེར་བ་ཡིན་ན། བྱིས་པ་རྣམས་ཀྱིས་ཀྱང་ཨོ་ད་ངོ་མ་ཕྱུགས་འདི་འཚོས་བསྡད་ན་ཅི་འདྲའི་ངན་པ་ཞིག་ཡིན་འདུག་བསམ་སྟེ་དེའི་རྗེས་སུ་རྒྱུགས་ཀྱི་ཡོད་པ་རེད། དེ་ནི་གོང་དེ་དག་གི་ཤུགས་རྐྱེན་རེད། འདི་ཐམས་ཅད་ཀྱིས་ཁ་ཕྱོགས་མ་ཟིན་པར་རང་ཚོད་ཚོད་ལ་བཤད་ཀྱིན་ཡོད་པ་རེད། རང་ཚོད་ཚོད་ཀྱིས་བཤད་རྐྱང་ཞིག་དང་རང་ཚོད་ཚོད་ཀྱིས་ལེན་རྐྱང་ཞིག་རྩ་བ་ནས་མ་རེད། འདི་ལ་ཧ་ཅང་གིས་འདང་ཞིག་རྒྱག་དགོས་རྒྱུ་རེད་བསམ་གྱིན་ཡོད། དེ་བས་མ་འོངས་པའི་ཁ་ཕྱོགས་ཀྱི་ཆ་ནས་ཀྱང་དེར་བརྟེན་ཏེ་ཡོང་རྒྱུ་ཡིན་ན་བསམ། མ་གཞི་ང་ཚོས་ཕྱུགས་འཚོས་པས་མ་བཟང་བ་མ་རེད། ང་ཚོས་ཕྱུགས་འཚོ་སྲོལ་མ་བཟང་བ་རེད། དེ་བསྒྱུར་དགོས་རྒྱུ་རེད་མ་གཏོགས་ཕྱུགས་འཚོས་འཚོས་རུ་ཚང་མ་བསྐྱུར་ཏེ་འགྲོ་དགོས་ན་ས་ཤོར་བ་རེད། རྒྱུ་ཤོར་བ་རེད། བོད་མི་རིགས་ཀྱི་སྲོལ་རྒྱུན་རིགས་གནས་ཉམས་པ་རེད། དེ་ལས་ལྷག་པ་ཞིག་ང་ཚོ་ལ་ཉམས་རྒྱུ་ཡོད་ནི་མ་རེད། དེའི་རྒྱུ་མཚན་གྱིས་དེ་མི་ཉན་པ་རེད། ད་སྔོན་ང་ཚོ་ལ་བཤད་མི་མང་ནའང་སྒྲུབ་མི་ཉུང་། གཙོ་བོ་ཅི་རེད་ཟེར་ན། གཞུང་ལུགས་རྐྱང་རྐྱང་བཤད་པ་མ་ཡིན་པར་ལག་ལེན་ལ་འདེབས་རྒྱུ་དེ་ཅི་ནས་ཀྱང་གལ་ཆེན་པོ་རེད། ལག་ལེན་ལ་མ་བཏབ། དངོས་པོའི་གནས་ལུགས་དང་མི་མཐུན་པར་གཞུང་ལུགས་རྐྱང་རྐྱང་བཤད་བཏང་ན་ཧ་ཅང་དཀའ་རྒྱུ་རེད། དེང་སྐབས་ཀྱི་གནས་ཚུལ་འདི་འདྲ་ཞིག་རེད། དཔེར་ན།ཡིན་རྒྱུ་འདི་འདྲ་ཞིག་རེད། ཁྲིམས་ལུགས་འདི་འདྲ་ཞིག་རེད་ཅེས་མང་བོ་ཞིག་བཤད་ནས་བསྡད་ཡོད་པ་རེད། ང་ཚོས་ཀྱང་འདི་ལྟར་བཤད་ཀྱིན་འདུག་འཇོག་རྒྱུ་ཡིན་ནམ། ཡང་ན་དེ་དང་མཐུན་པའི་སྒོ་ནས་ཐབས་ལམ་བཙལ་ཏེ་བྱ་བ་ཞིག་སྔོན་དུ་འགྲོ་རྒྱུ་ཡིན། མི་འགྲོ་བར་བཤད་བཤད་ངང་བསྡད་བཏང་ན། ང་ཚོ་ལ་ནམ་ཡང་སྔོན་དུ་འགྲོ་བའི་གོ་སྐབས་ཤིག་མི་འདུག་བསམ་གྱིན་ཡོད། ད་ཚང་མ་བཀྲ་ཤིས་བདེ་ལེགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85xb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505333
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།