ཀླན་ཀས་རྨས་པའི་སེམས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བརྩམས་སྒྲུང་། »ཀླན་ཀས་རྨས་པའི་སེམས་པ།
ཀླན་ཀས་རྨས་པའི་སེམས་པ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-02-10ལྟ་ཀློག (8969)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀླན་ཀས་རྨས་པའི་སེམས་པ།

འབྲོག་སངས།

   མུན་པ་སླར་ཡང་འཐིབས་བྱུང་། ངའི་སེམས་པ་ཉི་ནུབ་ཀྱི་གྲིབ་སོ་དང་མཉམ་དུ་འཁྱག་ལ་འབྱར། སྒོ་ཁྱིའི་ཟུག་སྐད་རེ་ཟུང་དང་དཔྱི་ཆུའི་བཞུར་སྒྲ་ཇེ་གསལ་ནས་ཇེ་གསལ་དུ་ཕྱིན་པ་ཙམ་ལས་མཐའ་ཡས་པའི་རྩྭ་ཐང་ནི་ལྷིང་འཇགས་ཀྱིས་ཡོངས་སུ་མནན། སྦྲའི་ཁ་ཚུབ་ལས་མཐོང་ཐུབ་པའི་སྐར་འབྲུ་དག་གིས་ཁུ་སིམ་མེར་མིག་ཟུང་རྡེབ་ཙམ་རྡེབ་ཙམ་བྱས་པ་འདིས་སྟོང་འཇགས་ཀྱི་མཚན་མོ་འདི་འཁྱོལ་དཀའ་བའི་ཁེར་རྐྱང་གི་ནམ་ཟླ་ཡིན་པ་ལྷག་ཏུ་རྟོགས། མགོ་བོ་རུམ་ལ་བཅུག་ནས་མིག་ཟུང་བཙན་གྱིས་བཙུམས་རུང་ཨ་ཕ་ཁྲོས་པའི་ངོ་མདངས་དང་རེ་ཐག་ཆད་པའི་ཐ་ཚིག་དེ་ཡིད་ལ་ཝ་ལེར་འཆར་ཞིང་རྣ་ལ་ལྷང་ངེར་ཐིངས་འོང་བ་ཞིག་རེད། སྡེ་བ་འདིའི་དར་རྒུད་ཟེར་ན་ངོ་མ་ཨ་ཕས་བཤད་པ་བཞིན་ང་ལ་བབས་མེད་པ་ཞིག་ཡིན་སྲིད་ཀྱང་།  ནུ་བོའི་མི་ཚེ་ལ་ངས་ཀྱང་སེམས་ཁུར་ཞིག་བྱེད་ལོས་ཆོག་སྙམ་མོད། ད་ཐེངས་ཀྱི་ཁ་རྩོད་འདི་ནི་ངེད་ཕ་བུ་གཉིས་ཀྱི་བར་དུ་ཡང་ཡང་བྱུང་མྱོང་བའི་སྔོན་ཆད་ཀྱི་ཉི་གློག་མཁོ་མིན་དང་། བརྙན་འཕྲིན་ཉག་མིན་སོགས་དང་རྩ་བ་ནས་མི་འདྲ་ལ་སྔོན་ཆད་ཀྱི་རྩོད་གླེང་དག་ལས་ང་རང་ངང་གིས་རྒྱལ་སོང་སྟེ། དེང་སང་ངེད་ཚང་ལ་ཉི་གློག་ཆེ་ཆུང་གཉིས་དང་བརྙན་འཕྲིན་འཕྲིན་སླང་དང་བཅས་པ་ཞིག་ཡོད་པར་མ་ཟད། དགོང་མོའི་གོ་འདོན་རིང་པོ་དེའི་མཇུག་གི“འདི་དང་དུས་གསུམ་འབྲེལ་བ་ཡི”ཞེས་བསྔོ་སྨོན་དེ་བཏོན་མ་ཚར་གོང་ནས་ཨ་ཅེ་སྒྲོལ་མས་བརྙན་འཕྲིན་གྱི་ཁ་འབྱེད་པ་ནི་མོ་ལ་ཡོ་བཟུར་ཅུང་ཙམ་ཡང་ཡོད་མི་སྲིད། མཚམས་མཚམས་སུ་བརྙན་འཕྲིན་གྱི་ཁ་ཕྱེས་མ་ཐག་སྒྲ་དཔངས་མཐོན་པོར་སླེབས་ཡོད་ཚེ་ཨ་ཕས་གོ་འདོན་གྱི་མཇུག་སྐྱོང་གིན་མིག་སྡང་རེ་ལྟ་བ་ལས་སྔོན་ཆད་བཞིན“ཨ་ལགས་ཚང་གི་གསུང་བཤད་ལས་རྒྱ་འདྲེའི་ཆོ་འཕྲུལ་དག་ལ་གཏན་ནས་བལྟ་མི་ཆོག”ལྟ་བུའི་ཐ་ཚིག་བཙན་པོ་དང་ལྷག་ཏུ་གོ་འདོན་སྐབས་སུ་བརྙན་འཕྲིན་ལ་ལྟ་བ་ནི་དཔེ་མི་སྲིད་པ་ཞིག་ཡིན་པའི་ཚུགས་ཀ་དེ་མེད་ལ། ཨ་ལགས་ཚང་གི་གསུང་བཤད་དེའང་ད་ནི་ས་ཆུ་མེ་རླུང་གང་ཞིག་ཏུ་འཐིམ་སོང་བ་འདྲ། སྔོན་ཆད་བརྙན་འཕྲིན་ལ་མཐའ་གཅིག་ཏུ་སྡང་མིག་ལྟ་མཁན་གྱི་ཨ་མ་ལྷ་སྐྱིད་ད་ནི་བརྙན་འཕྲིན་ལ་གཞན་སུ་ལས་ཀྱང་དགའ་བོ་འདུག་པ་ནི་དགོད་རེ་བྲོ་ཞིང་། ད་དུང་མཚམས་ལ་ལར་བཟའ་མི་ཚང་མས་བརྙན་འཕྲིན་ལ་ལྟ་ཞོར་དང་གོ་འདོན་འདོན་ཞོར་བྱེད་ལ་མཇུག་ཡུན་རིང་དུ་བསྣར་ནའང་རྫོགས་མི་སྲིད་པས་ཨ་ཕས་ཨ་ཆད་ཀྱི་ངང“འདི་དང་དུས་གསུམ་འབྲེལ་བ་ཡི”ཞེས་མཇུག་བསྡུ་ཐབས་བྱེད། ཉི་གློག་ནི་དེ་བས་ཀྱང་བཤད་མ་དགོས་པ་ཞིག་སྟེ་ཕལ་ཆེར་ནུབ་གཅིག་ལའང་མེད་ཚེ་ཨ་ཕ་རླུང་ལངས་སྲིད་ལ་ཨ་མས་ཀྱང་རྡབ་རྡུབ་མང་པོ་ཞིག་སྨྲ་སྲིད། དེ་ནི་ཨ་ཕས་སྔོན་ཆད“སྣ་ཡི་འོག་ན་ཁ་ཡོད་པ་ལོས་ཤེས། ཕ་མེས་ཡང་མེས་དག་ནས་མཆོད་སྐོང་གི་དཀར་ངོགས་ལས་མེད་རུང་ཅི་ཞིག་མ་མཐོང་བར་ལུས་སོང་རབས་མེད་སོགས”སྐད་ཆ་དེ་དག་ད་ལྟ་ཀུ་རེའི་ཟོལ་གྱི་ཐེངས་རེ་བཤད་པ་ཡིན་ན་ཨ་ཕས་ནག་ཅིང་ལྡུར་བའི་ཇ་རྒོད་དེ་ཧུ་སྒྲ་དང་བཅས་ཧུབ་རེ་འཐུང་སྟེ་མ་གོ་ཁུལ་བྱེད།  ཡིན་ནའང་ད་ཐེངས་ཀྱི་ཁ་རྩོད་འདིས་ཨ་ཕའི་སེམས་ལ་སོས་མི་ཐུབ་པའི་རྨ་དང་ཡལ་མི་ཐུབ་པའི་སྡུག་ཅིག་བཞག་ཡོད་པ་འདྲ་ལ་ང་ལ་བཅངས་པའི་རེ་བ་དང་འདུན་པ་ཡོད་ཚད་ཀྱང་ཐང་ལ་ལྷུང་སོང་བ་འདྲ། དེ་ནི་ང་རང་དབྱར་གནང་ལ་ཕྱིར་འབྱོར་མ་ཐག་པའི་ཉིན་གུང་གི་དོན་དག་ཅིག་རེད།

   དེ་རིང་གི་གནམ་གཤིས་དེ་ཡང་རྒྱུན་ལྡན་ལྟར་ཁྲི་གདུགས་ཉི་མའི་དྲོད་ཁོལ་ཅུང་ཚ་བ་ཙམ་ལས་བལ་དཀར་འདྲ་བའི་མཁའ་མཐའི་སྤྲིན་པ་དག་ནི་དུམ་བུ་དུམ་བུར་རྒྱུ་བ་ཡི་གར་འོང་ཞིང་། དཀར་སེར་དམར་ལྗང་དུ་བཞད་པའི་མེ་ཏོག་དག་གི་བསུང་ཞིམ་ནི་ཧྲག་འདབས་མཐོན་པོར་བཀྱགས་པའི་སྦྲ་ཡི་ནང་དུ་ཐུལ་འོང་། དབྱར་དུས་ཀྱི་འབྲོག་པའི་འཚོ་བ་ནི་དེ་འདྲའི་སྣང་བ་སྤྲོ་ལ་ཅི་འདྲའི་སེམས་པ་འདྲོང་བ་ཞིག་རེད་ཨང་།“ཨོཾ་མ་ཎི་པངྨེ་ཧྰྃ།

ཨོཾ་མ་ཎི་པངྨེ་ཧྰྃ། ཤ་བཟན་གླང་བུ་འདྲ་འདྲ་བོ་འདི་ཡང་དེ་འདྲ་ཚོ་རྒྱུ་མེད་ཀི་ཕ་ལོ་ཤ་ཟོས”ཨ་ཕས་དེ་ལྟར་བཤད་ཞོར་དུ“ལྷ་སྐྱིད། ངའི་བཟོ་ཁུག”ཟེར། ཨ་མས་ཀོ་བའི་བཟོ་ཁུག་རྙིང་པ་ཞིག་ཚུར་འཕང་སྟེ།“ཞི་ལུ་ཞོ་མཐུང་རྒྱུར་དགའ་ནི་རེད་མ་ལོ་ངས་ཁྱོད་ལ་རློན་ཞོ་ཞིམ་པོ་ཞིག་བསྙལ་ཡོད་ཤ་ཟོས་དང་ཞོ་བླུགས”ཟེར། ལོ་རེ་ལ་ཕ་ཡུལ་དུ་ཐེངས་གཅིག་ལས་མི་ཐོན་པའི་ང་ལ་མཚོན་ན་ཕ་འཛོམས་མ་འཛོམས་ཀྱི་སྤྲོ་དགའ་ནི་རེ་སྒུག་རྫོགས་མེད་ཅིག་ཡིན་པ་བཤད་ཅི་དགོས། “ཨོ། མི་དགོས་ཨ་མ། ངའི་ཕོ་བའང་དེ་འདྲ་མི་བདེ་བས་ཞོ་མི་འཐུང”“ཞོ་འཐུང་ན་ཅི་སྐྱོན་ཤ་མགོ་སྐྱུར་གྱིས་ནོན་ཟེར་བས་ཤ་ཟོས་རྗེས་ཞོ་འཐུང་ན་ཕོ་བ་ལྷག་ཏུ་བདེ་ནི་རེད”ཟེར་ཞོར་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་དཀལ་ཡོལ་སྔོ་ཁྲ་ཞིག་གི་ནང་དུ་སྤྲིས་མ་སེར་ཀོ་རེ་ཆགས་པའི་ཞོ་དཀལ་ཡོལ་གང་ཚུར་ལ་བསྲིངས་ཤིང་།“ཞི་ལུའི་ཁ་ངོའང་ངན་འདུག་རྒྱ་ཁ་རོང་ཁའི་ཟ་མ་དེ་ཚོར་བཅུད་ཅིག་ཡུམ་ཡོད་ཀི་ན”ཟེར་ཞིང་ཨ་མའི་སེམས་ཁུར་དང་དྲན་གདུང་འདྲེས་མའི་མིག་གིས་ང་ལ་ཡང་ཡང་ལྟ།  ངས་གློ་བུར་དུ་ཡར་ལྟ་མར་ལྟ་ཞིག་བྱས་ཏེ“ཨ་ཅེ”ཞེས་དྲིས་པར། ཨ་མས“སྒྲོལ་མ་ད་ནངས་ནས་ནོར་རྫི་ལ་བུད་སོང་”ཟེར་ཞིང་། ཨ་ཕས“རྟ་རྒན་རྐྱང་ཁྲའང་དེ་རིང་ཤོར་སོང་བས་ཞི་མོས་སྡུག་རིག་ཡོད་ངེས”ཞེས་སེམས་ཁུར་གྱི་མིག་གིས་ཡུ་མོ་ལུང་བའི་རྫ་འདབས་སུ་ཡང་ཡང་ལྟ།  མག་པ་གདུགས་དཀར་གྱིས་ལྷམ་དང་རྐང་འབོལ་དག་ཉི་མར་ལྡེས་ཏེ་འཕྲུལ་རྟའི་ལྷུ་ལག་གང་ཞིག་ལ་ཞིག་གསོ་བྱེད་ཀྱིན་པ་འདྲ། རྟ་གཡག་ཀྱང་ཐར་དཀའ་བའི་ད་ནངས་ལམ་ཁའི་ཆུ་འདམ་དང་ན་ཁུག་དག་ནས་མཆོང་ལྡིང་གིས་ཡོང་བའི་སྐྲག་མ་དངངས་ཀྱི་ཚོར་བ་དེ་དག་ཡིད་ལ་དྲན་ན་འཕྲུལ་རྟའི་ལྷུ་ལག་གང་ཞིག་ལ་སྐྱོན་ཤོར་བ་ནི་ཁག་མི་འདུག་ཅིང་འབྲོག་པ་ཚོའི་འཕྲུལ་རྟའི་ཁ་ལོའི་བྱང་ཚད་ནི་ངོ་མ་ཧ་ལས་པ་ཞིག་རེད།

  སློབ་ཆུང་མཐར་ཕྱིན་ལ་ཉེ་བའི་ནུ་བོ་སྐལ་བྷེས་ངའི་འགྲམ་ནས་བསྡད་དེ་ཁོ་བོ་ད་ལོ་ཡང་སུམ་བཟང་སློབ་མ་ཡིན་པ་དང་རྒྱུགས་འབྲས་ཀྱང་སློབ་གྲྭ་ཡོངས་ཀྱི་ཨང་དང་པོ་ཡིན་པར་མ་ཟད་དགེ་རྒན་གྱིས་ཆེད་དུ་གཟེངས་བསྟོད་བྱས་ཚུལ་སོགས་བཤད་པ་ནི་ལོ་གཉིས་ཀྱི་སྔོན་ངས་ཁྱོད་རང་འཛིན་གྲྭ་ཡོངས་ལས་རྒྱུགས་འབྲས་ཨང་གསུམ་པའི་མན་དུ་མ་ལྷུང་བར་མཐར་ཕྱིན་ཐུབ་ཚེ་རྩིས་འཕྲུལ་སྤུས་ལེགས་ཤིག་ཉོ་བར་ཁས་བླངས་པ་དེ་རུ་གཟས་པ་ཡིན་པ་ལོས་ཤེས་ལ། དེ་ནི་ང་རང་ཡུལ་ལ་ཡོང་ཐེངས་རེ་རེར་ཁོས་དྲན་གསོ་བྱེད་ངེས་པའི་དོན་དག་ཅིག་ཀྱང་ཡིན། སྐལ་བྷེ་ལ་རྫུན་བཤད་པའི་གོམས་གཤིས་མེད་པས་བདེན་ཐག་ཆོད་ཀྱང་། ངས་ཡིད་མ་ཆེས་པའི་ཉམས་ཀྱིས“དེ་འདྲ་ཡིན་ནམ”ཞེས་ཨ་ཕ་ལ་ལྟ་ཙམ་བྱས། ནམ་རྒྱུན་ཡིན་ན་ཨ་ཕས་གདོང་བ་འཛུམ་དམུལ་ལེར་བདེན་པའི་མགོ་བོ་ལྡེམ་ལྡེམ་བྱེད་པར་མ་ཟད། ཁྱོད་རང་སློབ་ཆུང་སྐབས་རྒྱུགས་འབྲས་ཅུང་ལེགས་པ་མ་གཏོགས་སྒྲིག་ལམ་དང་ཀུན་སྤྱོད་བཟང་རྒྱུ་མེད་པས་དགེ་རྒན་མང་ཆེ་བ་ཞིག་ཁྱོད་ལ་མི་དགའ་ཞིང་འཛིན་བདག་དགེ་རྒན་སྟོབས་རྒྱལ་ལྷག་ཏུ་མི་དགའ་ཚུལ་སོགས་སྐལ་བྷེ་ལ་བསྟོད་ར་དང་ང་ལ་འཁང་རའམ་བསླབ་བྱ་གང་ཡིན་ཆ་མི་འཚལ་བ་ལྟ་བུའི་སྐད་ཆ་རིང་པོ་རེ་བཤད་སྲིད་མོད། ཡིན་ནའང་ད་ཐེངས་ཁོས་ངའི་དྲི་བ་དེར་དོ་སྣང་མེད་པར་སློབ་གྲྭ་ལ་སྙིང་པོ་མེད་ཚུལ་དང་ལྷག་ཏུ་སློབ་ཆུང་ཡན་ནས་མི་ལད་པོ་གཏོང་བྱེད་ལས་ཅི་ཡང་མེད་ཟེར་ཞིང་“སྐལ་རྡོ་ཚང་གི་ཀ་ཁར་ལྟོས་དང་རྫོང་བོད་ཡིག་སློབ་འབྲིང་ལས་མཐར་ཕྱིན་ཁུལ་བྱས་མོད། ཁོས་སློབ་གྲྭ་ལས་བསླབ་པའི་ཡོན་ཏན་ནི་ཆང་དང་ཐ་མག་ཅི་བཤད། རྐུན་ལག་གཞན་སུ་ལས་ཀྱང་མྱུར་ཞིང་ཤོབ་རྫུན་ལ་ཐོགས་པ་མེད་པ་དང་མགོ་སྐྲ་ཕག་ཟེ་ལྟར་བསླངས་ཤིང་ཁ་དོག་སེར་དམར་ལྗང་གསུམ་བྱས་པ་དེ་ལས་དགོས་པའི་ཡོན་ཏན་ཟེར་ན་རྒྱ་ཡིག་རྒྱ་སྐད་ལྟ་ཅི་བོད་ཡིག་ཤར་ཤར་ཞིག་ཀྱང་ཀློག་མི་ཐུབ།”ད་དུང་དོན་འགྲུབ་མན་རིང་དང་རྡོ་རྗེ་རྩམ་རྐུན་སོགས་དཔེ་རུ་དྲངས་ཏེ་མང་པོ་མང་པོ་ཞིག་བཤད། ཨོ། ཀ་ཁ་ནི་ཁོའི་མཚང་མིང་ཡིན་ཞིང་མིང་དངོས་ལ་འཇིགས་བྱེད་རྡོ་རྗེ་ཟེར། ཁོ་ལ་ཀ་ཁ་ཐོགས་དོན་ནི་ཀ་མད་སུམ་ཅུ་ཡང་སྐོར་བསྐྱར་སྐོར་གྱིས་ལོ་རིམ་དང་པོ་ཡོངས་རྫོགས་ལ་བསླབ་ཀྱང་མ་ལོབ་པས་སློབ་མ་ཚོ་ཅི་བཤད་དགེ་རྒན་དག་གིས་ཀྱང་ཁོ་ལ་ཀ་ཁ་ཟེར་ཞིང་རྗེས་ནས་ཁོའི་ཁྱིམ་མི་དང་གཉེན་ཉེ་རེ་འགའ་མ་གཏོགས་སྡེ་མི་ཚང་མས་ཀྱང་དེ་ལྟར་འབོད། དང་ཐོག་ཁོ་ལ་ཀ་ཁ་ཞེས་བོས་ཚེ་སྤྲོ་ལངས་ཤིང་ཕུ་ཐུང་བརྫེས་ཏེ་ངར་ངར་བྱེད་མོད། ཡིན་ནའང་ཁོའི་ངར་ངར་གྱི་རྣམ་འགྱུར་དེ་ལ་སུས་ཀྱང་དོ་སྣང་མེད་པས་ཀ་ཁ་ནི་ཁོ་ལ་ཡུན་རིང་དུ་འདྲིས་ཤིང་འཇིགས་བྱེད་རྡོ་རྗེ་ཇི་བཞིན་དུ་མཚོན་ཐུབ་པའི་མིང་ཞིག་ཏུ་གྱུར་སོང་བས། དེང་སང་འཇིགས་བྱེད་རྡོ་རྗེ་ཞེས་བོས་ཚེ་མཐོང་ཆུང་ངམ་ཐུབ་ཚོད་ཅིག་ཏུ་བསམས་ནས་སླར་ཡང་ཕུ་ཐུང་བརྫེ།  ཁོ་རང་སློབ་འབྲིང་ནས་ཐོན་མ་ཐག་དངོས་གནས་མགོ་སྐྲ་ཕག་ཟེ་ལྟར་བསླངས་ཤིང་ཁ་དོག་སེར་དམར་ལྗང་གསུམ་བྱས་པ་དེས་སྡེ་བའི་མི་འགས་ཁོ་ལ་མཚང་མིང་ཉིས་བརྩེགས་ཤིག་སྟེ་ཀ་ཁ་པུ་པུ་ཁུ་ཤུད་ཅེས་བཏགས་ནའང་། བསམ་ཡུལ་ལའང་མ་འཁོར་བ་ཞིག་ནི་ཁོ་ལ་པུ་པུ་ཁུ་ཤུད་ཐོགས་ནས་ཟླ་གཅིག་ཙམ་གྱི་ནང་དུ་སྡེ་བའི་གསར་བུ་ཕལ་ཆེར་པུ་པུ་ཁུ་ཤུད་དུ་གྱུར་སོང་བས་འཇིགས་བྱེད་རྡོ་རྗེ་ལ་སླར་ཡང་ཀ་ཁ་ཟེར་བ་ལས་པུ་པུ་ཁུ་ཤུད་ཟེར་མཁན་གཅིག་ཀྱང་མ་བྱུང་། ཀ་ཁ་དང་དོན་འགྲུབ་མན་རིང་། རྡོ་རྗེ་རྩམ་རྐུན། བྱམས་པ་རིག་རིག་སོགས་ནི་སྐྱིད་ཀྱི་དུད་ཆང་མཉམ་རོལ་དང་།

སྡུག་གི་རྐུན་ལག་མཉམ་སྲིང་ཡིན་པས་ཐེངས་ཤིག་ལ་ཅི་ཞིག་གི་དོན་དུ་ཡིན་པ་མ་ཤེས་མོད།  ཡུལ་ཚོའི་ཉེན་རྟོག་པས་ཁོ་ཚོ་བཟུང་སྟེ་སེར་དམར་ལྗང་གསུམ་གྱི་སྐྲ་དེ་རྩ་བ་ནས་བྲེགས་ཤིང་གད་སྙིགས་དང་སྤྱོད་ཁང་སོགས་ཡིན་ཚིམ་པ་ཞིག་ཉར་དུ་བཅུག་རྗེས་ཕྱིར་བཏང་། ཅི་ཡིན་འདི་ཡིན་མ་ཤེས་པའི་སྡེ་བའི་གསར་བུ་ཉི་ཤུ་ལྷག་གིས་ཁོ་ཚོའི་སྐྲ་ལོ་རྩ་བ་ནས་བྲགས་ཏེ་མགོ་རེགས་བྱས་ཡོད་པ་མཐོང་ནས་རང་ཉིད་ཀྱི་སྐྲ་ཡང་རྩ་བ་ནས་བྲེགས་ཏེ་མགོ་རེགས་བྱས་པ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། བྱམས་པ་རིག་རིག་ནི་རྒོད་ལ་ཤོར་སོང་བའི་ནོར་རྫི་ཚི་སྟུག་ཅིག་ཡིན་པ་ལས་གཞན་གསུམ་གྱི་ངན་གཤིས་དེ་ནི་ཏག་ཏག་སློབ་གྲྭ་ནས་རྙེད་བྱུང་བ་འདྲ་ལ་ཁོ་ཚོ་ཕྱིར་ཐོན་ནས་བཟུང་བྱིས་པ་སློབ་གྲྭར་གཏོང་བ་ནི་ཁྱིམ་བདག་ཚོའི་འདང་རྒྱག་ཅིག་དང་འཇིགས་སྐྲག་ཅིག་ཏུ་གྱུར་སོང་བའང་བདེན་མོད། དེ་ནི་སྤྱི་ཚོགས་དང་དུས་རབས་ཀྱི་འགྱུར་ལྡོག་གམ་ནག་ཉེས་སུ་བགྲང་བ་ལས་སློབ་གྲྭ་གཅིག་པུ་ལ་ཁག་འགེལ་རྒྱུ་མེད་རུང་ཨ་ཕར་དེ་ལྟར་བཤད་པ་ནི་ཆུ་ནང་དུ་རྡོ་གཡུགས་པ་ལས་ཅི་ཡང་ཡོད་མི་སྲིད་སྙམ་སྟེ་རེ་ཞིག་ཁ་རོག་གེར་བསྡད།

  ལྕགས་ཐག་རིང་བོ་རེ་དྲུད་ཡོད་པའི་སྒོ་ཁའི་ཁྱི་རྒན་དོམ་ཆུང་དང་སྡེར་དཀར་གཉིས་ཀྱིས་ཅི་ཞིག་མཐོང་སོང་བ་ལྟར་འབ་འབ་ཀྱིས་ཟུག་ཅིང་། མ་ཁྱིམ་གྱི་སྒོའི་ཧྲག་འདབས་ཀྱི་བསིལ་འོག་ན་ལྕེ་ཐང་ལ་བསྣར་ཅིང་དབུགས་ཁ་ཧལ་ཧལ་གྱིས་ལེན་པའི་ན་སོ་རྒས་པའི་ཁྱི་རྒན་རྒྱ་རྫིག་གིས་ཀྱང་ཡར་ལྟ་མར་ལྟ་ཞིག་བྱས་ཏེ་ཐེངས་འགར་ཟུག་རུང་ཁོའི་དམིགས་ས་གང་ཡང་མ་རྙེད་པའི་ཚུལ་གྱིས་སླར་ཡང་མགོ་བོ་ཐང་བ་བཞག་ནས་སྔར་བཞིན་དབུགས་ཁ་ཧལ་ཧལ་གྱི་ངལ་གསོས། “ཨ་རོག་ཚང་།  ཨ་རོག་ཚང་། ལྷ་སྐྱིད།”ཨ་མས་“ལྷ་ལོ་རེད་”ཅེས་བྲེལ་སྟབས་ཀྱིས་ཡར་ལངས་ཏེ་སྒོ་ལ་བུད།  ང་ལ་ཆ་ཡོད་ཡོད་འདྲ་ལ་མེད་མེད་ཀྱང་འདྲ་བའི་མིང་དེ་ཐོས་པ་དང་ངའི་ཡིད་ལ་མི་མང་པོ་ཞིག་གི་སྣང་བརྙན་ཤར་བའི་སྐབས་སུ་ཨ་ཡེ་ལྷ་ལོ་ཁྱིམ་དུ་སླེབས་བྱུང་། “ཨོ ཨ་ཡེ་རེད”ཅེས་ངའི་ཁ་ནས་དབང་མེད་དུ་ཤོར་བ་དང་མཉམ་དུ་ཡར་ལངས་ནས་ཨ་ཡེ་ལྷ་ལོ་ལ་འཚམས་འདྲི་བྱས།  ཨ་ཡེ་ལྷ་ལོས་ཀྱང་“ཨོ་ཚེ་རིང་ཨེ་རེད་ཡུམ་ཤེས་ཀི་ན།  ཁྱོད་ཐོན་ཡོད་ནས་ཨེ་དཀའ་ཐལ་”ཞེས་ཚུར་ལའང་འཚམས་འདྲི་ཐུང་ཐུང་ཞིག་བྱས་ཏེ་ཐང་ལ་འདུག་གྲབས་བྱས།  ཨ་མས་“ལྷ་ལོ་མ་འདུག་དང་ངས་ཁྱོད་ལ་སྟན་འཐུག་པོ་ཞིག་གདིང་”ཟེར་ནས་པགས་སྟན་ཞིག་ཁྱེར་ཡོང་། ཨ་ཡེ་ལྷ་ལོ་ནི་ང་ལ་ཆ་མེད་ཅིག་ག་ལ་ཡིན་ཏེ་ཆ་ཡོད་ལས་ཀྱང་ཆ་ཡོད་ཅིག་ཡིན་མོད།  དེ་རིང་གློ་བུར་དུ་དེའང་དྲན་མ་སོང་བས་ངས་རང་ཉིད་ཀྱི་དྲན་པ་ལ་གཤེ་གཤེ་གཏོང་བའི་ཞོར་དུ་རང་ཉིད་ནི་ཕ་ཡུལ་གྱི་སྡེ་མི་ཚོ་དང་ཁ་ཐག་རིང་དུ་ཕྱིན་སོང་བའི་སྣང་བ་ཡང་སྐྱེས།  ང་རང་ཆུང་ཆུང་སྐབས་ཨ་མས་རྒྱུན་དུ་ཆུ་ཁར་མ་འགྲོ། ཆུ་ཁ་ན་ཆུ་འདྲེ་རྒན་མོ་ཡོད་ནི་རེད་ཟེར་དུས་ངའི་མིག་ལམ་དུ་ཨ་ཡེ་ལྷ་ལོ་འཁོར་ཡོང་སྟེ་ཆུ་འདྲེ་རྒན་མོ་ནི་ཏག་ཏག་ཨ་ཡེ་ལྷ་ལོ་འདྲ་བ་ཞིག་ཡིན་སྲིད་སྙམ།  དེ་ནི་ཁག་མེད་པ་ཞིག་ཀྱང་ཡིན་ངེས་ཏེ་ཨ་ཡེ་ལྷ་ལོའི་མགོ་སྐྲ་ནི་སྔོ་བོང་བོང་དུ་ཡོད་ཅིང་འགྱིག་གིས་བཟོས་པའི་མ་སོ་ཕྱེད་ཀ་དེ་ཁ་ནང་ནས་ཐེངས་རེ་བླངས་ཚེ་ང་དང་ཨ་ཅེ་སྒྲོལ་མ་གཉིས་སྐྲག་ཐག་ཆོད་དེ་སྒོ་ལ་བྲོས་ནས་སླར་ཡང་སྦྲའི་ཧྲག་བར་རམ་ཁང་པའི་སྒོ་བར་ནས་ལྐོག་ལྟ་རེ་བྱེད་པ་ལས་ནང་དུ་གཏན་ནས་འགྲོ་མི་ཕོད་པ་ནི་མདང་དགོང་རྨིས་པའི་རྨི་ལམ་བཞིན་ཝ་ལེར་དྲན་ཡོང་།

ད་ནི་ཨ་ཡེ་ལྷ་ལོར་འགྱིག་སོ་ཆ་ཚང་ཞིག་ཡོད་པ་དེས་སྨྲ་ལྕེ་སྔར་ལས་དག་ཅིང་ཁ་ངོ་ལའང་བཀྲག་མདངས་གསར་བ་ཞིག་བསྣན་ཡོད་པས་མིན་ན་མགོ་སྐྲ་སྔོན་པོ་དེ་ཅུང་ཇེ་དཀར་དུ་སོང་བ་མ་གཏོགས་ཅི་ཡང་རྒས་མེད་པ་འདྲ།

ཨ་ཡེ་ལྷ་ལོ་ལའང་མཚང་མིང་ཞིག་ཡོད་ཅིང་དེ་ནི་ལྷ་ལོ་ཀྰང་པོ广播ཟེར་བ་དེ་རེད། ཀྰང་པོ་ནི་རྒྱ་སྐད་ཡིན་ལ་སྡེ་བ་འདིར་མཚོན་ན་ལོ་གཉིས་ཀྱི་སྔོན་དུ་ཨ་ལགས་བསྟན་འཛིན་གྲགས་པ་ཚང་གིས་བོད་སྐད་གཙང་མ་བཤད་དགོས་ཚུལ་གསུངས་ལ་སྡེ་མི་ཕལ་ཆེ་བས་དེ་ནི་ཚེ་འདིར་ཁ་ལས་དགེ་བའམ་ཤི་དུས་བདེ་འགྲོ་སྐྱེ་བ་སོགས་གང་ལྟར་ལྐོག་གྱུར་གྱི་འགྲེལ་བཤད་གཞན་ཞིག་ཡོད་པར་འདོད་དེ་སྡེ་བའི་རྒན་དར་གཞོན་གསུམ་གྱིས་ཧུར་ཐག་འབད་ཐག་གིས་བོད་སྐད་གཙང་མ་བཤད་ཅིང་།  རྐུབ་སྟེགས་ནེམ་པོ་རེའི་སྟེང་ནས་འཕྲེད་ཀྱིས་འགྱིངས་ཏེ་བོད་ཀྱི་ལས་དབང་གླེང་ཞིང་ལ་རྒྱ་ཟློ་ཁུལ་བྱེད་པའི་གྲོང་ཁྱེར་གྱི་ང་ཚོ་ནི་གཞི་རིམ་གྱི་དམངས་ཚོགས་འདི་དག་གིས་ངོ་ཚ་ཁ་སྐྱེངས་པར་བྱེད།  ཡིན་ནའང་ཨ་ཡེ་ལྷ་ལོའི་མཚང་མིང་དེ་རྒྱ་སྐད་ཡིན་པ་འབྲོག་པ་ཚོས་ཤེས་ཀྱིན་མེད་པ་འདྲ་སྟེ།  གལ་ཏེ་ཤེས་པའི་དབང་དུ་བཏང་ན་དེ་ལ་ལྷ་ལོ་ཀྰང་པོ་མི་ཟེར་བར་ལྷ་ལོ་རྒྱང་བསྒྲག་ཟེར་བ་ནི་ཐེ་མི་ཚོམ་པ་ཞིག་རེད། མཚང་མིང་དེར་རྒྱུ་མཚན་ཞིག་ཡོད་པ་འདྲ་སྟེ་མོ་ལ་སྡེ་བ་འདིའི་ནང་གི་དོན་དག་ཆེ་མ་ཆུང་གསུམ་མི་ཤེས་པ་གཅིག་ཀྱང་མེད་དེ་དཔེར་ན་སུ་ཚང་གིས་ས་སྣོག་བྱས་ཚུལ་དང་གང་ཚང་ལ་བཟའ་འཐོར་བྱུང་ཚུལ།

ཀ་པ་ཚང་ལ་མནའ་མ་སོ་མ་ཡོད་ཚུལ་དང་ཁ་པ་ཚང་ལ་མག་པ་གསར་བ་འདུག་ཚུལ་སོགས་རེ་རེ་བཞིན་གོ་ཡོད་པར་མ་ཟད། དགོན་བདག་ཨ་ལགས་ཀྱི་རིག་མར་རྒྱན་ཆ་མང་རབས་དང་དགོན་མཐའི་ཨ་ཡེ་ཚོའི་མར་ཆུར་རྐུན་མས་ཁྱེར་རབས་ཀྱང་གོ་འདུག དེ་རིང་ཡང་མོ་ཁ་སང་ཡུལ་ཚོར་སོང་ཚུལ། འཕྲུལ་རྟ་ཞིག་གིས་མོ་ལ་ཐུག་རྒྱག་ལ་བྱས་ཚུལ། ཚོང་ཁང་ཞིག་གིས་ཀྱང་མོ་ལ་མགོ་སྐོར་རྩིས་བྱས་ཚུལ། རབ་དགའ་ཚང་གི་བདེ་སྒྲོན་ད་རུང་གཡག་ཅིག་ལ་ཞོན་ནས་ཡོང་ཡོད་ཚུལ་སོགས་ཁ་སང་གི་ཆུ་ཚོད་འགའི་དོན་དག་དེ་ཕལ་ཆེར་དེ་རིང་ཉིན་གང་བོར་བཤད་རྒྱུ་ཡོད་པ་འདྲ།

   “ཨོ  རབ་བརྟན་ཁྱོད་ཚང་གི་སྐལ་བྷེ་དགོན་པར་ནམ་འགྲོ་གི་ཡོད་”ཟེར། ཨ་ཕས་“བཅོ་ལྔ”ཞེས་ཨ་ཡེ་ལྷ་ལོ་ལ་མིག་ཟུར་ཙམ་ཡང་མི་ལྟ་བར་ཨ་མའི་སྟོད་ལྭ་རྙིང་པ་དེར་ལྷམ་པ་ཞིག་རྒྱག་གིན་འདུག་ཚུལ་ལ་བལྟས་ན་མོའི་ཚར་རྒྱུ་རྫོགས་རྒྱུ་མེད་པའི་སྐད་ཆ་དག་ལ་སུན་སྣང་སྐྱེ་ཡིན་ཡོད་པ་འདྲ།  སྔ་མོ་ནས་ཐག་བཅད་ཟིན་པ་འདྲ་བའི་དྲི་བ་དེས་ང་རང་ཧང་སང་བར་བྱས། ངས་དེ་མ་ཐག་“སྐལ་བྷེ་ཅི་བྱེད་དུ་དགོན་པར་འགྲོ་བ་རེད”ཅེས་དྲིས་པར་ཨ་ཕས་ནན་ཏན་གྱི་ཨ་མའི་སྟོད་ལྭར་ལྷན་པ་རྒྱག་ཞོར་དུ་“ཨོ ཨ་ལགས་ཚང་གིས་ད་ལོ་ཤོག་ཀ་ཡོངས་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་དགོས་སེམས་ཅན་གྱི་བདེ་སྐྱིད་གང་ལ་བསམས་ཀྱང་དགེ་འདུན་པ་ལས་གལ་ཆེ་བ་མེད་པས་སྡེ་བའི་བྱིས་པ་མང་པོ་གྲྭ་པ་བྱ་དགོས་ཚུལ་གསུངས་པས།  མཁོ་མེད་བེད་མེད་ཀྱི་སློབ་གྲྭ་པ་དག་ལྟ་ཅི་རྐང་གཡོག་ཚེགས་ལེན་གྱི་ནོར་རྫི་ཚོ་ཡང་”ཞེས་མུ་མཐུད་དུ་བཤད་རྩིས་ཡོད་ནའང་ངའི་སེམས་པ་བློང་བློང་བོར་གྱུར་ནས་ཨ་ཕའི་ཚིག་མཚམས་བཅད་དེ་“ཨ སྐལ་བྷེ་གྲྭ་པ་བྱ་རྒྱུ།  ཁྱོད་ཚོ་སྨྱོས་བཞག་པ་མིན་ནམ། མི་དགོས། ཁོ་གྲྭ་པ་བྱ་མི་དགོས”ཞེས་ཚིག་ཐག་ཆོད་པའི་བཤད། ཨ་ཕས་རེ་ཞིག་ཅི་ཡང་མི་བཤད་པར་ཁ་རོག་གེར་འདུག་ཅིང་ཨ་མ་ལྷ་སྐྱིད་དང་ཨ་ཡེ་ལྷ་ལོ་གཉིས་ཀྱང་ལྷིང་འཇགས་སེ་སོང་བས་ངའི་གདོང་གི་རྣམ་འགྱུར་དང་སྐད་ཤུགས་གང་ཞིག་མ་འགྲིག་པ་འདྲ་མོད།  སྐབས་དེར་རང་གིས་རང་ལ་ཡང་ཚོད་འཛིན་བྱེད་ཐབས་བྲལ་སོང་། ཞིབ་ཏུ་བསམས་ན་དེ་ནི་ཁག་མེད་པ་ཞིག་ཀྱང་ཡིན་པ་འདྲ་སྟེ།  ཀུན་སྤྱོད་ལེགས་ཤིང་རྣམ་དཔྱོད་མྱུར་བའི་སྐལ་བྷེའི་སྦྱང་འབྲས་ནི་སློབ་གྲྭ་ཡོངས་ཀྱི་རྩེ་གྲས་སུ་སོན་པས་ཕ་མ་གཉིས་ཀྱི་རེ་བའི་ལྗང་གཞོན་གསོན་ཤུགས་ཀྱིས་བརྟས་པ་ཞིག་ཡིན་པར་མ་ཟད།  ངས་ཀྱང་སེམས་ཀྱི་རེ་བ་དང་ཡིད་ཀྱི་ང་རྒྱལ་ཞིག་ཏུ་བསམས་ནས་ཡོད་དུས་ཁོ་གྲྭ་པ་བྱེད་པ་ནི་ཅི་འདྲའི་བློ་ཡུལ་དུ་འཆར་དཀའ་ཞིང་དྲན་ཡུལ་དུ་འོང་མི་ཐུབ་པ་ཞིག་རེད་ཨང་།

ཨ་ཕས་སྔར་བཞིན་ནན་ཏན་གྱིས་ལྷམ་པ་རྒྱག་གིན་ཁ་ཚིག་འཇམ་པོའི་སྒོ་ནས་“ཨ་ལགས་ཚང་ནི་སྡེ་རྒན་འདིའི་ཤི་བོའི་སྔས་གཏད་ས་དང་གསོན་པོའི་སྲོག་བཅོལ་ས་གཅིག་པུ་ཡིན་པས་བཀའ་ལན་སྔོན་མོ་ལ་ཕྱི་ལན་ལྗང་གུ་ཞིག་གི་དཔེ་ག་ལ་སྲིད།  ཡང་གཅིག་བཤད་ན་ཨ་ཞང་མ་གཤེགས་གོང་ཞི་ལུ་གཉིས་ཀྱི་གཅིག་ངེས་པར་དུ་གྲྭ་པ་བྱ་དགོས་ཏེ་ངེད་ཚང་གི་སེར་རྒྱུད་ཆད་དུ་འཇུག་མི་ཉན་ཚུལ་གསུངས་པས་སྤྱིར་ཡིན་ན་ཁྱོད་རང་ལོ་དགུའི་སྟེང་གྲྭ་པ་བྱ་རྩིས་ཡོད་མོད།  ཤོ་ཀྲང校长བདེ་མཆོག་གིས་སློབ་སྦྱོང་བཟང་ཞིང་རིག་པ་རྣོ་རབས་ཀྱི་བསྟོད་ར་ལུང་གང་བྱས་ཏེ་གནང་བ་བྱིན་ཁ་མ་ཉན། རྗེས་ནས་ཨ་ཞང་སྐུ་གཤེགས་ཤིང་ཁྱོད་རང་ཡང་མུ་མཐུན་དུ་སློབ་གྲྭར་སོང་བས་དོན་དག་དེ་བརྗེད་པ་ལྟར་གྱུར།  ད་ལོའང་ཨ་ལགས་ཚང་གིས་བྱིས་པ་ཚོ་གྲྭ་པ་བྱ་དགོས་ཚུལ་གསུངས་པ་དེས་ཨ་ཞང་ཞིང་གཤེགས་ཚང་གི་གསུང་དེ་དྲན་ཞིང་དེ་ནི་ངོ་མ་གཤེགས་ཁའི་ཞལ་ཆེམས་སུ་གྱུར་སོང་བའང་ཡིན་པས་་་་་་”ཞེས་སོགས་ཞེ་འཁྱག་འཁྱག་གིས་བཤད་ཅིང“ཨ་ལགས་ཐུགས་རྗེ་ཅན་དེས་ད་ལོ་ཁོང་ཚང་གིས་དངོས་སུ་འདི་ཕྱི་གཉིས་ལ་བསམས་ཏེ”ཞེས་མུ་མཐུན་དུ་བཤད་རྩིས་བྱས་ནའང་ངས་སླར་ཡང་ཚིག་མཚམས་བཅད་དེ“འདི་ཕྱི་གཉིས། ན་ནིང་ཁོ་ལ eq \o\ac(○,1)1དོམ་བརྡིབས་ཏེ eq \o\ac(○,2)2དོམ་གྲི་ཞེས་པའི་གྲི་ཆུང་ཤོག་སྒོར་བདུན་བརྒྱད་ལས་མི་རིན་པ་ཞིག་ལ་ང་ཚོས་སྟོང་ཆག་གིས་སྟོང་དང་།

ཁྲི་ཆག་གིས་ཁྲི་བྱས་པ་མིན་ནམ། ཁོས་ངལ་མེད་རྩོལ་མེད་ཀྱི་འབུལ་བ་དག་ཟ་རྐྱང་འཐུང་རྐྱང་བྱས་ཏེ་སྒམ་མདོག་ཆེ་མདོག་ཁ་བོ་བྱེད་པ་ལས་ཅི་ཤེས”“ཁྱི་ཁ་ཚུམས”ཨ་ཕ་ཡར་ལངས་ཏེ“རེད། རེད། ཁྱོད་་་་་་ རེད། རེད”ཨ་ཡེ་ལྷ་ལོ་དང་ཨ་མ་གཉིས་ཀྱང་ཡར་ལངས། རེད་དེ་ཨ་ཕའི་སྐད་ཆ་དེས་གཏམ་རྒྱུད་འདིའི་མཇུག་བསྡུས་པ་མ་ཡིན་པར་ཏག་ཏག་མགོ་བརྩམས་པ་རེད།

 

 eq \o\ac(○,1)1དོམ། བུ་ལོན།  eq \o\ac(○,2)2དོམ་གྲི། རྩོམ་པ་པོར་མཐོང་ཐོས་ཡོད་པའི་དོན་དག་ཅིག་སྟེ།  ཨ་ལགས་སམ་སྤྲུལ་སྐུ་འགའ་རེར་བུ་ལོན་ཆེན་པོ་བྱུང་དུས། དམངས་ཚོགས་ལ་སློང་མོ་བྱེད་སྟངས་ཀྱི་རྣམ་པ་ཞིག  འདི་ནི་རྒྱུས་ཡོད་ཀྱི་དཔེ་གཞི་ཞིག་དྲངས་པ་ལས་མཐའ་གཅིག་ཏུ་གྲི་ཡིན་དགོས་པའི་ངེས་པ་མེད་ལ་ཐབས་དང་རྣམ་པ་འདྲ་མིན་ཡོད།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ།  འབྲོག་སངས།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23499103
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།