ཐོན་མིའི་སློབ་ཚོགས་ཀྱི་སྤྱི་ཕན་བྱ་འགུལ་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཐོན་མིའི་སློབ་ཚོགས་ཀྱི་སྤྱི་ཕན་བྱ་འགུལ་གསར་འགྱུར།
ཐོན་མིའི་སློབ་ཚོགས་ཀྱི་སྤྱི་ཕན་བྱ་འགུལ་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-24ལྟ་ཀློག (7089)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༡༦ལོའི་ཐོན་མིའི་སློབ་ཚོགས་ཀྱི་ཕྱོགས་བསྡུས་གསར་འགྱུར་སྤྱི་ཕན་བྱ་འགུལ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ནི་མ་ཡུམ་སློབ་གླིང་དབུ་བརྙེས་ནས་བགྲང་བྱ་ཉི་ཤུ་འཁོར་བའི་འཁྲུངས་སྟོན་གྱི་སྐབས་སུ།    བོད་མདོ་དབུས་ཁམས་གསུམ་གྱི་མཁས་པ་བརྒྱད་ཅུ་ལྷག་ཞལ་འཛོམས་པའི་སྐབས་སུ་གསུང་གླེང་བྱས་པའི་དགོངས་དོན་གཞིར་བཞག་ཐོག་རྩ་འཛུགས་བྱས་པའི་སློབ་གྲོགས་མཐུན་སྒྲིལ་ཚོགས་པ་ཞེས་པ་དེ་ཡིན་ལ།   སློབ་གླིང་འདི་གའི་དགེ་སློབ་ལས་བཟོ་བ་དང་བཅས་པ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན་པ་མ་ཟད།   སློབ་གླིང་འདིར་མཐར་ཕྱིན་ཟིན་པའི་སློབ་མ་དང་མཐར་ཕྱིན་འགྱུར་གྱི་སློབ་མ་ཡོངས་རྫོགས་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན།   ཐེངས་འདིར་ཡང་།  སློབ་གླིང་གིས་ཆེད་དུ་རྩ་འཛུགས་བྱས་པ་མ་ཡིན་པར་ཚོགས་མི་རྣམས་ཀྱིས་དང་བླངས་སྒོས་དགུན་གནང་སྐབས་ཀྱི་གུང་གསེང་གི་དུས་ཚོད་བེད་སྤྱད་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་མང་རྫོང་།   འབའ་རྫོང་།  ཁྲི་ཀ་རྫོང་། བྲག་དཀར་རྫོང་སོགས་དང་།  མགོ་ལོག་ཁུལ་དགའ་བདེ་རྫོང་།  རྨ་ཆེན་རྫོང་།    རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་།   གཅན་ཚ་རྫོང་།   སི་ཁྲོན་ཞིང་ཆེན་གྱི་རྔ་བ་ཁུལ།  སྡེ་དགེ།   ཁྲིན་ཏུ།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་།   ཀླུ་ཆུ་རྫོང་།   རྨ་ཆུ་རྫོང་སོགས་ཀྱི་མངའ་ཁོངས་སུ་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ཕྱོགས་བསྡུས།  


སི་ཁྲོན་ཁྲིན་ཏུའུ་རུ་བཻ་རོ་ཙ་ན་རྩིས་འཁོར་གསབ་སྦྱོང་སྒྲུབ་པ།

ཉེ་ལམ་ཁྲིན་ཏུ་རུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་གངས་ཅན་དབྱངས་འཚོ་སོགས་ཀྱིས་བོད་ཀྱི་དགོན་སྡེ་དང་སློབ་གྲྭ་སོགས་ཀྱི་སློབ་གཉེར་བ་རྣམས་ལ་ཆེད་དུ་ཁ་གཏད་དེ་བཻ་རོ་ཙ་ན་རྩིས་འཁོར་གསབ་སྦྱོང་བསྡུས་པ། བོད་ཡིག་ཏུ་ཕབ་ཡོད་པས་སྐད་ཡིག་གི་ཚད་བཀག་ཡོད་པའི་སློབ་མ་དག་ལ་དམིགས་བསལ་གྱི་རམ་འདེགས་བྱས་པ་དང་།  གཞན་ཡང་གསབ་སྦྱོང་འདིར་རྩིས་འཁོར་ལ་ཐོག་མར་འཇུག་མཁན་དང་ཡང་ན་རྩིས་འཁོར་གྱི་སྦྱོང་བ་སྔོན་སོང་ཅན་དག་ལ་སློབ་དེབ་ཀྱི་སློབ་ཚན་རིམ་པ་སོ་སོར་བགོས་ཏེ་སློབ་མ་རྣམས་ཀྱི་འདོད་བློ་བསྐངས་པ།

གསར་འགྱུར་མཁོ་སྤྲོད་པ། གངས་ཅན་དབྱངས་འཚོ།


ཡོན་ནན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨོ་རྒྱན་སློབ་ཆུང་དུ་སྐབས་དང་པོའི་ཐོན་མིའི་སློབ་ཚོགས་ཀྱིས་སྤྱི་ཕན་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

2016/12/19ཉིན་ཐེངས་འདིའི་ཁྲི་ཀའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཆུ་ནག་ཤེས་རབ་རྒྱ་མཚོས་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་གུང་གསེང་སྤྱི་ཕན་གསབ་སྦྱོང་འཛིན་གྲྭ་ཞེས་པ་དེ་ཡོན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨོ་རྒྱན་སློབ་ཆུང་དུ་བསྡུས་པ།  ཁྲིད་གཞི།   བོད་ཀྱི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད།  ཡི་གེ་སྦྱོར་ཀློག་དང་རྨང་གཞིའི་ཤེས་བྱའི་སྐོར་ཆེད་དམིགས་ཀྱིས་ཁྲིད་ཡོད་པ་རེད།  དེའི་ཕྱིར་ཐེངས་འདིའི་ཟབ་སྦྱོང་གི་དགེ་ཕན་དང་འབྱུང་འགྱུར་གྱི་གྲུབ་འབྲས་ལ་ཕྱོགས་ཏེ། ཨོ་རྒྱན་སློང་ཆུང་གི་སློབ་གཙོ་དབང་འདུས་ལེགས་ཀྱིས་དགའ་མགུ་དང་བཅས་རྒྱབ་སྐྱོར་ཐེངས་རྗེས་མ་བླ་མེད་གནང་བ་དང་སླད་མར་ཡངའདི་འདྲའི་གོ་སྐབས་གནང་རྒྱུའི་རེ་བ་ནན་མོ་བཏོན་པ།

 

གསར་འགྱུར་མཁོ་སྤྲོད་པ། ཁྲི་སྙིང་རྒྱ་ཐར།


རྨོངས་སེལ་མཐུན་ཚོགས་ཀྱིས་བསྒྲུབས་པའི་༢༠༡༦ལོའི་གསབ་སྦྱོང་།

   ཀན་ལྷོ་རྨ་ཆུ་དབལ་པཎ་༼རྨོངས་སེལ་མཐུན་ཚོགས་༽ནི་རྨ་ཆུའི་དབན་པཎ་ཚང་ནས་༢༠༠༦ ལོར་འཚར་ལོངས་བྱུང་ཞིང་ལོ་དེ་ནས་ ༢༠༡༧ ལོའི་བར་ལོ་རེར་དམངས་ཚོགས་ཁྲོད་ནས་སྤྱིར་ཀ་ཁའི་མགོ་རྟིང་ཙམ་མི་ཤེས་པ་དག་བསྡུས་ནས་བོད་ཡིག་སྦྱོར་ཀློག་དང་དག་ཡིག རྒྱ་ཡིག་སྒྲ་སྦྱོར། རྩིས་རིག་འཐེན་བགོ་སྒྱུར་གསུམ་སོགས་གཙོ་བྱས་ཉེར་མཁོའི་རིགས་ཉིན་བཅོ་ལྔ་ལ་ཁྲིད་དང་འཁྲིད་ཀྱིན་ཡོད། ད་ལྟའི་བར་མ་ཡུམ་༼གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་༽གི་མཐར་ཕྱིན་པ་དང་ཕྱིན་འགྱུར་གྱི་སློབ་མ་དག་དང་། ཕ་ཡུལ་གྱི་སློབ་ཆེན་པ་རྣམས་གཙོ་བྱས་ལོ་བཅུ་གཉིས་རིང་གསབ་སྦྱོང་འདིའི་སྣེ་ཁྲིད་བྱས་དང་བྱེད་བཞིན་ཡོད།

གསར་འགྱུར་མཁོ་སྤྲོད་པ། རྨོངས་སེལ་མཐུན་ཚོགས།


མཚོ་ལྷོ་མང་རྫོང་དུ་གངས་ལྗོངས་པད་དཀར་བྱ་དགའ་ཚོགས་པས་སྤྱི་ཕན་བྱ་དགའ་གནང་བ།

  ༢༠༡༦ ལོའི་སྤྱི་ཟླ་༡༡ ཚེས་ ༡༤ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་བན་ཤུལ་འཇམ་དབྱངས་སོགས་ཀྱིས་ཉིས་སྟོང་བཞི་ལོར་གསར་དུ་རྩ་འཛུགས་བྱས་པའི་པད་དཀར་བྱ་དགའ་ཚོགས་པས་མཚོ་ལྷོ་ཁུལ་མང་རྫོང་སུམ་མདོ་གྲོང་རྡལ་བྱེ་སྣ་ས་ཁུལ་གྱི་སྒེར་བཙུགས་བྱིས་སྐྱོང་སློབ་གྲྭ་གསར་སྐྱེས་མེ་ཏོག་བྱིས་གཉོར་གླིང་གསར་འཛུགས་གནང་མཁན་གྱི་དགེ་རྒན་ཡི་དམ་ཚེ་རིང་གཙོས་དགེ་རྒན་ལས་བཟོ་བ་ཡོངས་ལ་པད་དཀར་ལྷག་བསམ་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་ཤིང་། དེར་བཞུག་སློབ་བུ་ཡོངས་ལ་འབྲི་དེབ་དང་སྨྱུ་གུ་སོགས་སློབ་སྦྱོང་མཁོ་ཆས་སྐོར་གྱི་རྒྱབ་སྐྱོར་བྱས་པ།


གསར་འགྱུར་མཁོ་སྤྲོད་པ། བན་ཤུལ་འཁྱམ་བསེ་རུ།


རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པ།


   སྤྱི་ལོ༢༠༡༧ལོའི་ཟླ༡ཚེས༡༦ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་ཆོས་རྩོམ་སྒྲིག་ཁང་གི་སྐབས་དང་བོའི་གླེང་མོལ་ཚོགས་འདུ་དང་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་བསྡུས་པའི་རིག་གཞུང་བགྲོ་གླེང་རྔ་བ་རུ་གཟབ་རྒྱས་ངང་འཚོགས་པར་མ་ཟད།  ཚོགས་ཐོག་ཏུ་མཐར་ཕྱིན་སློབ་མ་སོ་སོས་རང་གི་བསམ་ཚུལ་ལྷུག་བརྗོད་གནང་བ་དང་།  གསུང་གླེང་ལ་ཉན་མཁན་དག་གིས་རང་རང་གི་ལྟ་ཚུལ་གྱི་རྒྱབ་རྟེན་འོག་དགེ་རྒན་རྣམ་པའི་གསུང་གླེང་ཐད་ལ་དྲི་བ་བཏོན་པ་དང་།  དགེ་རྒན་རྣམ་པས་ཀྱང་དུས་ཚོད་དམ་འཛིན་ངང་རྣམ་དཔྱོད་དང་ལྡན་པའི་ལན་གནང་བས་ཚོགས་ཞུགས་པ་ཡོངས་ཀྱིས་དགའ་བསུ་བླ་མེད་གནང་།  ཐེངས་འདིའི་བགྲོ་གླེང་དུ་ཞུགས་པའི་མི་སྣ་ནི་དམའ་འབྲིང་སློབ་མ་ནས་བཟུང་མཐོ་འབྲིང་།    སློབ་ཆེན།   དགེ་རྒན།  སྨན་པ།   གཞུང་ཞབས་པ།   ཚོང་བ།  དགེ་བཤེས་སོགས་སྐྱ་སེར་ཕོ་མོ་རིས་སུ་མ་ཆད་པར་སུམ་བརྒྱ་ལྷག་འདུ་འཛོམས་བྱས་ཡོད།

གསར་འགྱུར་མཁོ་སྤྲོད་པ། སེང་དཀར།


བདུད་ཤུལ་ཚང་ཐོན་མིའི་སློབ་ཚོགས་ཀྱིས་སློབ་གསོ་དང་རིག་གནས་ཁེ་ལས་སྐོར་གྱི་བྱ་འགུལ་སྤེལ་བ།

2017ལོའི་སྤྱི་ཟླ་1 པོའི་ཚེས་16 ཉིན་མཚོ་སྔོན་ཁྲི་ཀ་རྫོང་བདུད་ཤུལ་སྡེ་བའི་ན་གཞོན་སློབ་ཆེན་པ་སྐོར་ཞིག་དང་། ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཁྲི་བདེ་གྲོལ་དང་ཁྲི་ཀླུ་ཐར་སོགས་ཀྱིས་ས་གནས་སློབ་གསོ་དང་བོད་ཀྱི་ཚོང་ལས་དཔལ་འབྱོར་འཕེལ་རྒྱས་སོགས་ལ་ཆེད་དམིགས་ཀྱིས་༼བདུད་ཤུལ་ཚང་གི་འབྲོག་དམངས་སློབ་གསོ་དང་རིག་གནས་ཁེ་ལས་༽ཞེས་པའི་བྱ་འགུལ་ཉིན་བདུན་གྱི་རིང་གཟབ་རྒྱས་ངང་འཚོགས་པ། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བོད་ཀྱི་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་རྒན་པདྨ་བསྟན་འཛིན་ལགས་དང་།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཁྲི་ཀའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཁྲི་གླིང་པདྨ་ཡང་གསང་གཉིས་ཀྱི་སློབ་གསོ་དང་ཚོགས་ལས་འཕེལ་རྒྱས་སྐོར་གྱི་གཏམ་བཤད་གནང་བར་ས་གནས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ།

 གཙོ་སྒྲུབ་པ།  བདུད་ཤུལ་ཐོན་མིའི་སློབ་ཚོགས།  གསར་འགོད་པ།    ཨོཾ་སྲས་བདེ་གྲོལ།


མཚོ་ལྷོ་ཁྲི་ཀ་རུ་དཔལ་ལྡན་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭ་བསྒྲུབས་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དགུ་བའི་མཐར་ཕྱིན་སློབ་མ་དཔལ་ལྡན་བཀྲ་ཤིས་དང་ཨ་ལགས་བན་གསར།ལྕམ་རིག་སྲས་སོགས་མཉམ་འབྲེལ་སྒོས་༢༠༡༦ལོར་མཚོ་ལྷོ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྙེ་དགོན་དང་སྒྲོམ་དགོན་དུ་༼དཔལ་ལྡན་ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭ༽་དང་བོད་ཡིག་གསབ་སྦྱོང་འཛིན་གྲྭ་བསྒྲུབས་པ། འཛིན་གྲྭ་འདི་བསྒྲུབས་ནས་མི་ལོ་བཞི་འགོར་ཡོད་ལ།  སྦྱངས་བྱ་གཙོ་བོ།  སུམ་རྟགས་དག་གསུམ་དང་ཆོས་སྤྱོད།   ཡིག་གཟུགས།   བསྡུས་གྲྭ    རྒྱ་ཡིག   གྲངས་རིག་བཅས་སོ།།

གསར་འགྱུར་མཁོ་སྤྲོད་པ།  ཁྲི་པདྨ་ཚེ་རིང་།


མདོ་སྨད་རྭ་རྒྱ་དགོན་དུ་སྐབས་བཞི་བའི་བོད་ཡིག་དང་བླངས་འཛིན་གྲྭ་བསྒྲུབས་པ།

སྤྱི་ལོ་༢༠༡༦ལོའི་ཟླ་༡༢ཚེས་༢༣ནས་བཟུང་ཟླ་གཅིག་གི་རིང་ལ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མར་ཁ་གཏད་དེ་སྐབས་བཞི་བའི་བོད་སྐད་ཡིག་དང་བླངས་ཟབ་སྦྱོང་འཛིན་གྲྭ་རྭ་རྒྱ་དགོན་པའི་སློབ་གྲྭ་རུ་བསྒྲུབས།

 ཐེངས་འདིར་རྒྱུད་འགོའི་སློབ་འབྲིང་གཙོས་རྫོང་དང་ཁུལ་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་ཡོང་བའི་དོན་གཉེར་ཅན་གྱི་སློབ་མ་ལྔ་བརྒྱ་དང་སུམ་ཅུར་ཉེ་བ་འདུས་ཤིང་།   སློབ་མ་རྣམས་ཀྱི་ལོ་རིམ་དང་ཆུ་ཚད་ལ།  གང་ལ་གང་འཚམས་ཀྱིས་རྒྱུས་ལོན་རགས་རིམ་ཙམ་བྱས་པ་བརྒྱུད་ནས།  འཛིན་གྲྭ་བདུན་དུ་བསྒོས་ཏེ་གནས་བབ་དང་བསྟུན་ཅི་ཐུབ་ཀྱིས།  བསླབ་དེབ་ལ།  སྦྱོར་ཀློག་བསླབ་དེབ། དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།  སུམ་ཅུ་བའི་སྙིང་བོ་ལེགས་བཤད་ལྗོན་པའི་དབང་བོ། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ལས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ། སྙན་འགྲེལ་ཡང་གསལ་སྣང་མཛོད། རྩོམ་ཡིག་འབྲི་སྦྱོང་ཁྲིད་སྟོན། དབྱངས་ཅན་སྒྲ་མདོའི་མཚམས་སྦྱོར་ལྔ་བ། དབྱིན་ཡིག་གི་རྨང་གཞིའི་བསླབ་དེབ།  རྩིས་རིག་གི་སྤྱི་འགྲོས།  རྒྱ་ཡིག་གི་རྨང་གཞིའི་ཤེས་བྱ།  ཡིག་གཟུགས་ལ་དབུ་ཅན་གཟབ་བྲིས།  མཐོ་རྒྱུགས་ཀྱི་རིག་པ་ཕྱོགས་ཁྲིད་སོགས་བསླབ་གཞི་ཕལ་ཆེ་བ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བསླབ་དེབ་གཞིར་བྱས་ཏེ།  ཤ་ཚ་ཚ་དང་སྙིང་ཉེ་ཉེས་ཟབ་སྦྱོང་གི་སྔ་ཕྱི་བར་གསུམ་དུ་སྒྲིག་གཞི་ལེགས་ཤིང་ཚགས་དམ་པའི་སྒོ་ནས་སློབ་ཁྲིད་ཟབ་རྒྱས་གནང་།

གསར་འགྱུར་མཁོ་སྤྲོད་པ། རྭ་འོད་ལྡན།


བྲག་དཀར་རྫོང་དུ་ཁོར་ཡུག་སྲུང་སྐྱོབ་གྱི་བྱ་འགུལ་སྤེལ་བ།

༢༠༡༦ལོའིསྤྱི་ཟླ་༡༢བའི་ཚེས་༢ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་ལ་དཀོན་མཆོག་ཆོས་རྒྱན་གྱིས་རྩ་འཛུགས་བྱས་པའི་དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས་བཅས་ཀྱིས་བྲག་དཀར་སྤྲེལ་རྫོང་གི་གནས་རིའི་ཁོར་ཡུག་ལ་གཙང་སྦྲ་བྱས་ཏེ་དགོན་པའི་གླིང་བར་སོགས་ལ་ཆེས་དྭངས་གཙང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་དགོན་པའི་དམངས་གཙོ་དོ་དམ་ཁང་གིས་དགའ་བསུ་རྒྱ་ཆེར་གནངས་ཏེ་སྣེ་ལེན་བྱས་པ་མ་ཟད་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུ་ཡི་ཚེ་ཀྲུའུ་རིན་སོགས་ཀྱིས་གད་སྙིགས་ལ་གཟིགས་ཞིབ་གནང་ནས་ཆེས་བླ་ན་མཐོ་བའི་བསྟོད་བསྔགས་བྱས་པ།

གསར་འགྱུར་མཁོ་སྤྲོད་པ།  དཀོན་མཆོག་ཆོས་རྒྱན།


གངས་རིའི་སྐད་ཡིག་དར་སྤེལ་རྒྱུད་འཛིན་ཚོགས་པའི་སྐབས་བདུན་པའི་གསབ་སྦྱོང་འཛིན་གྲྭ་བསྒྲུབ་པ།

   སྤྱི་ལོ་༢༠༡༧.༡.༡༠ཉིན་ངེད་གངས་རིའི་སྐད་ཡིག་དར་སྤེལ་རྒྱུད་འཛིན་ཚོགས་པས་ཕ་ཡུལ་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་སོགས་ལ་དམིགས་ཏེ་སྐབས་བདུན་པའི་གསབ་སྦྱོང་འཛིན་གྲྭ་ཚོགས་ཤིང་ཉིན་བཅུའི་རིང་ལ་འཛིན་གྲྭ་གཉིས་སུ་ཕྱེས་ཏེ་བོད་ཡིག་གི་སུམ་རྟགས་གཉིས་དང་རྒྱ་ཡིག་རྩིས་རིག་སོགས་ཁྲིད། ཉིན་འདི་དག་གི་རིང་ལ་རང་སྡེའི་འགོ་འཁྲིད་རྣམ་དང་དགེ་གྲོགས་རྣམས་ཀྱིས་རྒྱབ་སྐྱོར་གང་མང་གནང་སོང་བས་ངས་འདི་ནས་སྙིང་ཐག་པ་ནས་བཀའ་དྲིན་ཞུ།  ཚེ་བཅུ་དགུ་ཉིན་གྱི་སྔ་དྲོར་རྒྱུགས་བླངས་ཤིང་ཕྱི་དྲོར་རྒྱུགས་འབྲས་བསྒྲགས་ཏེ་ཕུལ་བྱུང་སློབ་མ་ཚོ་ལ་བྱ་དགའ་གནང་ནས་བདེ་བླག་ངང་མཇུག་གྲོལ་སོང་།   གཙོ་སྒྲུབ་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་འཛིན་གྲྭ་སྐབས་བཅུ་དགུ་བའི་སློབ་མ་དྷཱིཿཕུ་འཇམ་དབྱངས་ཕྱུག་དང་དྷཱིཿཕུ་སྨྱུག་ཞེན་གཉིས་ཡིན། ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཆོས་རྗེ་ནང་བ།

གསར་འགྱུར་མཁོ་སྤྲོད་པ། དྷཱིཿཕུ་ཉི་གཞོན།


རྨེའུ་འཇམ་དབྱངས་སྦྱིན་པ། ཆོས་རྒྱལ་འཕགས་སོགས་སྤྱི་ཕན་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ།

 

༼རྨེའུ་སྐོར་ཞིང་འབྲོག་རྨོངས་ཟབ་སྦྱོང་འཛིན་གྲྭ༽ནི་ཉིས་སྟོང་བཅུ་གཅིག་ལོ་ནས་ད་བར་དུ་ཐེངས་བདུན་ལ་འཚོགས་ཏེ། ཕ་ཡུལ་གྱི་ཡིག་རྨོངས་སེལ་བར་འབད་པ་བྱེད་བཞིན་ཡོད།  ལྷག་པར་དུ་སློབ་གསོ་བ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་གཙོས་སློབ་གསོ་བ་གང་མང་ཞིག་ཞོར་དུ་གདན་དྲངས་ཤིང་སློབ་སྦྱོང་གི་གོ་སྐབས་སྤྲད་པར་ལམ་ལ་ཆས་པ་ཞིག།  ས་གནས། རྔ་བ་རྫོང་རྨེའུ་སྐོར་ཡུལ་ཚོ།  དུས་ཚོད། ལོ་རེའི་སྤྱི་ཟླ་དང་བོའི་ནང་དུ་འཚོགས་ཀྱིན་ཡོད།   ཁྲིད་བྱ།   སུམ་རྟགས།  བོད་ཀྱི་ལོ་རྒྱུས།  རྒྱ་ཡིག་བཅས་ཡིན།

གསར་འགྱུར་མཁོ་སྤྲོད་པ། འཇམ་དབྱངས་བསོད་ནམས།


དམུ་དགེ་བསོད་ནམས་བཀྲ་ཤིས་ཀྱིས་སྒྲུབ་པའི་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ།

སི་ཁྲོན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་ནོར་བ་ཡུལ་ཚོ་ནས་2012ལོ་ནས་ད་ལོ་སྟེ་2017བར་ཐེངས་ལྔ་ལ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཤིང་།ལོརེ་བཞིན་མུ་མཐུད་དུ་བྒྲུབ་འཆར་འདུག གཙོ་སྒྲུབ་པ་བསོད་ནམས་བཀྲ་ཤིས། ལོ་རེ་བཞིན་སློབ་མ་200ནས་300ལ་ཉེ་བ་རེ་ཡོད། ལོ་རེ་རེའི་ཟླ་དང་བོ་ནས་མགོ་བརྩམས་ཏེ་ཉིན་ཉེར་ལྔ་ཡས་མས་ལ་འཚོག་གིན་ཡོད།

གསར་འགྱུར་མཁོ་སྤྲོད་པ། འཇམ་དབྱངས་བསོད་ནམས།


གཙོ་འགན་པ་བསོད་ནམས་མགོན་པོ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ།

 

མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་སྨད་ཡུལ་ཚོར་རྨ་མདུན་རིག་གནས་སྒྱུ་རྩལ་ཚོགས་ཞེས་པ་ཞིག་གཙོ་སྒྲུབ་བྱས་ཡོད་ལ་ཚོགས་པ་དེའི་ལས་འགན་གཙོ་བོ་ནི་ཁོར་ཡུག་གཙང་སྦྲ་དང་དགུན་གནང་སྐབས་སུ་གསབ་སྦྱོང་བྱེད་བཞིན་ཡོད་ལ་ཚོགས་པ་དེའི་གཙོ་འགན་པ་ནི་བསོད་ནམས་མགོན་པོ་ཡིན་ལ།  གསབ་སྦྱོང་སྐབས་སུ་དགེ་རྒན་གཙོ་བོ་ཡང་ཡིན།    ལོ་རེའི་སྤྱི་ཟླ་དང་བོའི་ཚེས་ལྔ་ཉིན་ལ་གསབ་སྦྱོང་སྒྲུབ་བཞིན་ཡོད།དུས་ཡུན་ཉིན་བཅོ་ལྔ་ནས་ཉི་ཤུ་ཡིན།

སྐབས་བཅོ་བརྒྱད་པའི་སློབ་གྲོགས་བསོད་ནམས་མགོན་པོས་སྒྲུབ་བཞིན་པའི་གསབ་སྦྱོང་འཛིན་གྲྭ་ལོ་རེའི་སྤྱི་ཟླ་དང་བོའི་ཚེས་ལྔ་ཉིན་ལ་གསབ་སྦྱོང་སྒྲུབ་བཞིན་ཡོད། དུས་ཡུན་ཉིན་བཅོ་ལྔ་ནས་ཉི་ཤུ་ཡིན།

གསར་འགྱུར་མཁོ་སྤྲོད་པ། འཇམ་དབྱངས་བསོད་ནམས།


ཨ་རིག་དཔལ་མཆོག་རྡོ་རྗེ་སོགས་ཀྱིས་སྒྲུབ་པའི་གསབ་སྦྱོང་འཛིན་གྲྭ། 

ཨ་རིག་དགོན་ཆེན་གྱི་དོན་དམ་ཁང་གི་མགོ་གཙོ་ཐུབ་བསྟན་རྡོ་རྗེ།   ཨ་རིག་དཔལ་མཆོག་རྡོ་རྗེ་སོགས་ཀྱིས་སྒྲུབ་པའི་གསབ་སྦྱོང་འཛིན་གྲྭ། 2016 སྤྱི་ཟླ་དང་པོའི་ཚེས་བཅོ་ལྔ་ནས་ཚེས་སུམ་ཅུ་བར་ཡིན།    ༢༠༡༦  ནས་བཟུང་དབྱར་གནང་དང་དགུན་གནང་གཉིས་ཀ་ཉིན་བཅོ་ལྔ་རེ་མ་ཆད་པར་འཚོགས་བཞིན་ཡོད།   ད་ལོ་ཐེངས་གསུམ་པ་ཡིན།

ཁྱིམ་བདག་དག་ལ།   བོད་ཟླ་དགུ་བ་ནས་བོད་ཟླ་གཉིས་པའི་བར་ལ།    ཟླ་རེ་ཐེངས་གསུམ་ལ་ཨ་རིག་དགོན་ཆེན་ནས་འཚོགས།ཁྲིད་བྱ།   སྐྱབས་འགྲོ་དང་ལྟུང་བཤགས་སོགས་གཙོ་བྱས་ཁ་འདོན་སྐོར་བསླབ།   མི་བཞུ་བཅུ།  གཙོ་སྒྲུབས་པ།   ཨ་རིག་དགོན་ཆེན་གྱི་དོན་དམ་ཁང་གི་མགོ་གཙོ་ཐུབ་བསྟན་རྡོ་རྗེ།   ཨ་རིག་དཔལ་མཆོག་རྡོ་རྗེ་གཉིས་ཡིན།

གསར་འགྱུར་མཁོ་སྤྲོད་པ། འཇམ་དབྱངས་བསོད་ནམས།


མཚོ་ལྷོ་མང་རྫོང་བྲག་དཀར་སྡེ་བ་རུ་སྐད་ཡིག་གསབ་སྦྱོང་བསྒྲུབ་པ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་བྲག་དཀར་དཀོན་མཆོག་རྒྱ་མཚོས་ཉིས་སྟོང་བཅུ་དྲུག་ལོའི་སྤྱི་ཟླ་བཅུ་བའི་ནང་མཚོ་ལྷོ་མང་རྫོང་བྲག་དཀར་སྡེ་བའི་ན་གཞོན་སྐོར་ཞིག་དང་སློབ་གྲྭར་འགྲོ་བའི་གོ་སྐབས་མ་འཕྲད་བའི་བྱིས་པ་དག་ལ་ལོ་རེར་བཞིན་བོད་སྐད་ཡིག་ཟབ་སྦྱོང་འཛིན་གྲྭ་ཞིག་སྒྲུབ་བཞིན་ཡོད་ལ།  ད་ལོའི་སྤྱི་ཟླ་བཅུ་བ་ནས་འགོ་བརྩམས་ཏེ་ཟླ་གཅིག་ལྷག་གི་རིང་ས་གནས་དེར་གསབ་ས་སྦྱོང་འཛིན་གྲྭ་ཚུགས་པ་དང་གསར་ཞུགས་སློབ་གཉེར་བ་ན་གཞོན་ལྔ་བཅུ་ལྷག་འཛིན་གྲྭ་གསུམ་དུ་བགོས་ཤིང་དགེ་རྒན་དང་བདེ་སྲུང་བ་མི་བདུན་བཅས་བཀོད་སྒྲིག་མཛད་ནས་ཟླ་འཇུག་ལ་རྒྱུགས་འབྲས་ལྟར་བྱ་དགའི་མཛད་སྒོ་དང་བཅས་ཐེངས་འདིའི་གསབ་སྦྱོང་འཛིན་གྲྭ་བདེ་ལེགས་ངང་མཇུག་བསྡུས་པ་རེད།

གསར་འགྱུར་མཁོ་སྤྲོད་པ  དཀོན་མཆོག་རྒྱ་མཚོ།


ཁྲི་ཀ་བདུད་ཤུལ་ཚང་གི་༼ཨ་མྱེས་བྲག་དཀར་ལོ་སར་སྤྲོ་ཚོགས་ཆེན་མོ་༽གཟབ་རྒྱས་ངང་འགོ་ཚུགས་པ། 

 

སྤྱི་ཟླ་1པོའི་ཚེས་22ཉིན་ཁྲི་ཀ་རྫོང་འཕྲང་དམར་བདུད་ཤུལ་སྡེ་བའི་སློབ་ཆེན་པ་སྐོར་ཞིག་སྟེ་བདུད་ཤུལ་སློབ་ཚོགས་དང་།  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཁྲི་བདེ་གྲོལ་དང་ཁྲི་ཀླུ་ཐར།  ཨོཾ་ཚང་གི་རིག་གནས་ཞབས་ཞུ་ཚད་ཡོད་ཀུང་ཟི་བཅས་ཀྱིས་  ཐེངས་འདིར་རིག་རྩལ་འཁྲབ་སྟོན་པ་བརྒྱ་ལྷག་གིས་གྲུབ་ཡོད་ལ་ལྟད་མོ་བ་ལྔ་བརྒྱ་ལྷག་འཛོམས་ཡོད་འདུག   ལོ་སར་རིག་རྩལ་སྤྲོ་ཚོགས་འདི་ནི་ཕ་ཡུལ་གྱི་ཡུལ་མི་ལྷན་འཛོམས་དང་མཉམ་དུ་རིག་གནས་ཀྱི་རྣམ་པ་གསར་བ་ཞིག་ལ་རོལ་བ་ཡིན་ལ་རིག་གནས་སྲུང་འཛིན་ལོ་རྒྱུས་གསར་བ་བསྐྲུན་པ་རེད། སྤྲོ་ཚོགས་འདི་ལ་རོགས་སྒྲུབ་གནང་མཁན་ནི་འཕྲང་དམར་གྲོང་བརྡལ་སྲིད་གཞུང་། བདུད་ཤུལ་སྡེ་དམངས་ལྷན་ཁང་དང་བདུད་ཤུལ་དགོན་པ་སོགས་ཡིན།  མཐར་བདུད་ཤུལ་སློབ་ཚོགས་ཀྱི་གཙོ་སྒྲུབ་པ་དང་སྡེ་དཔོན་སོགས་ལ་བཅར་འདྲིའི་རིམ་པ་བརྒྱུད་སྤྲོ་ཚོགས་རྒྱལ་ཁའི་ངང་མཇུག་བསྡུས།

གཙོ་སྒྲུབ་པ།  བདུད་ཤུལ་ཐོན་མིའི་སློབ་ཚོགས།  གསར་འགོད་པ།  ཨོཾ་སྲས་བདེ་གྲོལ།


མཚོ་ལྷོ་འབའ་རྫོང་དུ་ཕ་ཁྱིམ་བདག་སྐྱོང་ཚོགས་པས་རྨོངས་སེལ་སྤྱི་བསྡོམས་བྱས་པ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མཐར་ཕྱིན་པའི་ནག་བཟའ་ཕ་ཁྱིམ་བདག་སྐྱོང་ཚོགས་པའི་ཚོགས་གཙོ་རྣམས་དང་སྡེ་བའི་ན་གཞོན་ཚན་གཙོ་བཞི་བཅུ་ལྷག་སྟོབས་ཤུགས་མཉམ་གནས་ཀྱིས་སྡེ་བའི་སློབ་གསོའི་ལས་དོན་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལོ་ངོ་ཧྲིལ་བོ་གསུམ་གྱི་རིང་རྒན་གཞོན་ཕོ་མོ་ཉིས་བརྒྱ་ལྷག་གི་ཡིག་རྨོངས་ཡོངས་སུ་སེལ་ཏེ་རང་སྡེ་བ་ཡོངས་ལ་ཡིག་རྨོངས་པ་དཀོན་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་།  ལོ་གསུམ་གྱི་བྱ་བའི་སྤྱི་བསྡོམས་ཁྲོད་ཚོགས་གཙོ་རྣམས་ཀྱི་གཏམ་བཤད་དང་སྡེ་མི་ཡོངས་ཀྱི་བཀྲ་ཤིས་པའི་དགའ་འབོད་ཁྲོད་ཧ་ཅང་ཡག་པོ་བྱུང་སོང་བས་ཚུལ་འདིར་རྒྱབ་སྐྱོར་གནང་བའི་སྡེ་མི་རྣམས་ལ་བཀའ་དྲིན་ཞུ་རྒྱུ་དང་། ལས་འདི་ལ་རྣམ་དཀར་གྱི་འབྲས་བུ་ཅུང་མཆིས་ན་བོད་སྤྱི་བའི་སློབ་གསོའི་དོན་ལ་བསྔོའོ།།

གསར་འགྱུར་མཁོ་སྤྲོད་པ། འབའ་སྣང་གྲོལ།



མཚོ་ལྷོ་ཆབ་ཆ་རུ་བླ་རི་གསེར་ཆེན་ཐོན་མིའི་སློབ་གསོའི་བོད་ཡིག་གསབ་ཁྲིད་འཛིན་གྲྭ་བསྒྲུབས་པ།

    གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་རྟ་ནག་བཟོད་པ་དང་དབང་ཆེན་ཐར་གཉིས་ཀྱིས་མཚོ་ལྷོའི་ཆབ་ཆ་རུ་བླ་རི་གསེར་ཆེན་ཐོན་མིའི་སློབ་གསོའི་བོད་ཡིག་གསབ་ཁྲིད་ཀྱི་འཛིན་གྲྭ་བསྒྲུབས་པ།

གསར་འགྱུར་མཁོ་སྤྲོད་པ། རྟ་ནག་བཟོད་པ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63u9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502922
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།