འཛམ་གླིང་གི་ཆེས་​ལེགས་འགྲུབ་བྱུང་བའི་སློབ་གསོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 12 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་ཀྱི་གདེང་འཇོག »འཛམ་གླིང་གི་ཆེས་​ལེགས་འགྲུབ་བྱུང་བའི་སློབ་གསོ།
འཛམ་གླིང་གི་ཆེས་​ལེགས་འགྲུབ་བྱུང་བའི་སློབ་གསོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-24ལྟ་ཀློག (6442)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འཛམ་གླིང་གི་ཆེས་ལེགས་འགྲུབ་བྱུང་བའི་སློབ་གསོ།

  ཀུན་གྱིས་ཤེས་གསལ་ལྟར། འཛམ་གླིང་གི་མི་རིགས་མང་བོའི་སྤྱི་གླིང་དུ། མི་རིགས་ཚང་མས་རང་རང་གི་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་འཛམ་གླིང་ཤེས་རིག་གི་ནོར་བུའི་བང་མཛོད་གཏམས་པར་བྱས་ཡོད། དེ་དག་ལས་ཀྱང་ཡ་ཧུ་དཱ་པ་ནི་ཧ་ཅང་ཕུལ་དུ་བྱུང་བའི་མི་རིགས་ཤིག་ཡིན་པ་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་དང་མི་རིགས་འདིའི་གྲངས་འབོར་ཧ་ཅང་ཉུང་ནའང་། འཛམ་གླིང་འདིར་སྐད་གྲགས་ཆེ་བའི་ཚན་རིག་པ་དང་ཁེ་ལས་པ། དངུལ་རྩ་བདག་གཉེེར་བ། མཚན་ཉིད་རིག་པ་བ་སོགས་བྱོན་པའི་གྲངས་ཚད་གཞན་ལས་ཀྱང་མཐོ། ཁོ་ཚོས་འཛམ་གླིང་ལ་ལོ་ངོ་སྟོང་ཕྲག་རིང་ནས་བརྒྱུད་འོངས་པའི<<དམ་པའི་གསུང་རབ>>ཕུལ་ཡོད་པར་མ་ཟད་མིའི་རིགས་ཡོངས་ལ་མིན་ཏི་ཨར་སུང་དང་མ་ཁི་སི། ཧེ་ནེ། པི་ཨར། ཧྥེ་ལོ་ཡེ་ཏི། ཨེ་དབྱིན་སི་ཐན་སོགས་རིག་གནས་ཀྱི་བྱེད་པོ་དེ་འདྲའི་མང་བོ་ཞིག་ཀྱང་ཕུལ་ཡོད། ཁོ་རང་ཚོས་མིའི་རིགས་ཀྱི་ཤེས་རིག་ལ་ཕུལ་བའི་མཛད་རྗེས་ནི་མི་རིགས་གཞན་གང་གིས་ཀྱང་དོ་ཟླ་འོང་དཀའ་འོ།།

      མི་མང་བོས་ཡ་ཧུ་དཱ་པ་མི་རིགས་ལ"ཤེས་རབ་ཀྱི་མི་རིགས"དང་ཡང་ན"དཔེ་དེབ་ཀྱི་མི་རིགས"ཞེས་པའི་མཚན་སྙན་ཕུལ་ཡོད་པ་ནི། ཁོང་ཚོས་མི་རིགས་གཞན་གང་ལས་ཀྱང་ཤེས་རིག་སློབ་སྦྱོང་དང་སློབ་གསོ་ལ་དེ་བས་ཀྱང་གཙིགས་ཆེན་བྱེད་བཞིན་ཡོད་པའི་རྒྱུ་མཚན་གྱིས་ཡིན། སྔོན་མ་ཡ་ཧུ་དཱ་པ་མི་རིགས་དང་ཡ་ཧུ་དཱ་པའི་སློབ་གསོ་ལ་རྒྱུས་ལོན་བྱས་པ་ཧ་ཅང་ཉུང་བ་དང<<འཛམ་གླིང་གི་ཆེས་ལེགས་འགྲུབ་བྱུང་སློབ་གསོ>>ཞེས་པའི་དཔེ་དེབ་འདི་ལ་བལྟས་རྗེས། ཡ་ཧུ་དཱ་པ་མི་རིགས་ནི་སྤྱང་གྲུང་ལྡན་ཞིང་ཤེས་རབ་འཛོམས་པ་ཞིག་ཡིན་པ་ཤེས་པ་དང་། དུས་མཚུངས་སུ་བློ་སྒོའང་མི་ཉུང་བ་ཞིག་འབྱེད་ཐུབ་སོང་།

དང་བོ། ཡ་ཧུ་དཱ་པའི་ཆོས་ལུགས་ནང་གཏན་འབེབས་བྱས་པ་ལྟར་ན། སློབ་སྦྱོང་དང་ཞིབ་འཇུག་ནི་མ་གཞི་ནས་དད་མོས་ཀྱི་ཆ་ཤས་ཤིག་ཡིན་པ་དང་ཡ་ཧུ་དཱ་པའི་བླ་མེད་མཆོག་གྱུར་གྱི་འགན་འཁྲི་ཞིག་ཀྱང་ཡིན། མི་རིགས་འདི་ལས་འཛམ་གླིང་གི་མི་རིགས་གཞན་གྱིས་སློབ་སྦྱོང་དེ་དད་མོས་ལ་བལྟ་མཁན་ཧ་ལམ་མེད་དོ།།

གཉིས་པ། ཡ་ཧུ་དཱ་པའི་མིག་ལམ་དུ་དགེ་རྒན་ནི་ས་སྐྱོང་གི་རྒྱལ་བོ་ལས་ཀྱང་རླབས་ཆེན་ཡིན། ཡ་ཧུ་དཱ་པས་ཤེས་རིག་གཙིགས་ཆེན་དུ་འཛིན་པ་ཡིན་པས་ཡོན་ཏན་པ་དང་ཤེས་ཡོན་གྱི་གདམས་ངག་འབོག་པའི་དགེ་རྒན་ལའང་བརྩི་བཀུར་བྱེད་པ་ཡིན་ནོ།། དོན་ཁ་ཤས་ཤིག་གི་ཐད། ཡ་ཧུ་དཱ་པའི་ཁྲིམས་ལུགས་ཀྱིས་དགེ་རྒན་ལ་གནང་བའི་གོ་གནས་ནི་ཐ་ན་ཕ་མ་ལས་ཀྱང་མཐོ་བ་ཡིན། དེའི་རྒྱུ་མཚན་ནི"ཕ་མས་བུ་ཕྲུག་འཇིག་རྟེན་འདིའི་འཚོ་བའི་ཁྲོད་ཁྲིད་འོངས་པ་དང་དགེ་རྒན་གྱིས་བུ་ཕྲུག་འདི་ཕྱི་གཉིས་ཀྱི་འཚོ་བའི་ཁྲོད་ཁྲིད་འགྲོ་བ་ཡིན་པས་སོ།།"

གསུམ་པ། ཡ་ཧུ་དཱ་པའི་སེམས་ཀྱི་གོ་གནས་གཙོ་བོ་དེ་ཤེས་རབ་ཀྱིས་བཟུང་ནས་ཡོད། ཤེས་རབ་དང་ཤེས་བྱ་མི་འདྲ་བ་དང་། ཤེས་བྱ་ནི་ཁྱེད་ཀྱིས་འཆད་པའི་བྱ་དངོས་གང་རུང་ཞིག་ཡིན་པ་དང་ཤེས་རབ་ནི་ཁྱེད་ཀྱིས་འཆད་པའི་བྱ་དངོས་དེ་དང་ཉིན་རྒྱུན་གྱི་འཚོ་བ་གཉིས་གཞི་གཅིག་ཏུ་སྦྲེལ་ཐུབ་པར་བྱེད་པ་དེའོ།། ཡ་ཧུ་དཱ་པའི་སྟོན་པས་འདི་ལྟར་ཁོ་ཚོར་ལམ་བསྟན་ཡོད་དེ། དཔེ་དེབ་མང་བོ་བཀླགས་མྱོང་བའི་མིས་གལ་ཏེ་དཔེ་ཆའི་ནང་གི་ཤེས་བྱ་སྤྱོད་མ་ཐུབ་ན་ཁོ་རང་ནི་དཔེ་ཆའི་དོ་པོ་མང་བོ་རྒྱབ་ཏུ་ཁུར་བའི་བོང་བུ་ཙམ་ལས་མ་འདས་སོ།།

བཞི་བ། གསར་གཏོད་མཆོག་ཏུ་བཀུར་བའི་ཡ་ཧུ་དཱ་པ། ཁོ་རང་ཚོས་གསར་གཏོད་ཀྱི་རང་བཞིན་མེད་པའི་སློབ་སྦྱོང་ནི་ལད་ཟློས་ཙམ་ལས་མ་འདས་པ་དང་སློབ་སྦྱོང་ནི་བསམ་གཞིགས་ཀྱི་རྨང་གཞི་བྱས་པ་ལ་བརྟེན་དགོས་པར་འདོད། དོགས་འདྲི་བྱེད་སྤོབས་པ་དང་ག་དུས་ཡིན་ཡང་དྲི་བ་གཏོང་དགོས། ཡ་ཧུ་དཱ་པའི་ཁྱིམ་ཚང་མང་བོ་ཞིག་ཏུ་མི་རྒན་པས་སློབ་གྲྭ་གྲོལ་ནས་ཁྱིམ་དུ་ལོག་པའི་བྱིས་པར་ཐོག་མར་འདྲི་བའི་སྐད་ཆ་ནི། ཡང་ཁྱེད་ཀྱིས་དྲི་བ་འདོན་པ་ཡིན་ནམ་ཞེས་པ་དེའོ།།

ལྔ་བ། ཁྱིམ་ཚང་སློབ་གསོས་བྱིས་པའི་རང་སྐྱ་ཐུབ་པའི་འདུ་ཤེས་གསོ་སྐྱོང་བྱེད་པ་གཙིགས་སུ་འཛིན་པ་ཡིན། ང་ཚོ་ཀྲུང་གོ་བ་ལ་མཚོན་ན། འདི་དག་ནི་བསམ་པའི་ཡུལ་ལས་འགོངས་པ་ཞིག་ཡིན་ཏེ། ཡ་ཧུ་དཱ་པའི་བྱིས་པ་རྣམས་ནི་རང་ཁྱིམ་དུ་ཕ་མ་དང་འདྲ་མཉམ་གྱི་རྣམ་པ་ཞིག་གིས་འཚོ་བ་རོལ་བ་ཡིན། དེ་ཡང་ཐད་ཀར་ཕ་མའི་མིང་ནས་འབོད་པ་དང་ཁོ་ཚོར་དངུལ་མཁོ་ན་ངེས་པར་དུ་ཁྱིམ་ལས་ལས་རོགས་བྱེད་དགོས། ཏག་ཏག་འདི་འདྲའི་མཉམ་གྱི་རང་སྐྱ་ཐུབ་པའི་བསམ་བློ་དེས་བྱིས་པས་ཆུང་དུས་ནས་འཚོ་བ་སྤྲོ་སྐྱིད་ཡོད་པ་ཤེས་ཐུབ་པ་དང་། རང་ཉིད་ཀྱི་ནུས་པར་བརྟེན་ནས་བརྩོན་ལེན་བྱེད་པ་ཡིན། དོན་དངོས་སུ། བསམ་བློའི་འདུ་ཤེས་འདི་དག་ཡ་ཧུ་དཱ་པའི་སེམས་ཀྱི་ཟབ་སར་ཉར་ཡོད་པ་ནི་མི་རིགས་འདིས་མྱངས་པའི་དཀའ་སྡུག་དང་ཁ་འབྲལ་ཐབས་མེད་ལ། ཚད་མེེད་ཀྱི་དཀའ་སྡུག་དེ་དག་གིས་ཡ་ཧུ་དཱ་པའི་མི་ལ་གནས་བབ་ངན་པར་འགྲན་རྩོད་བྱེད་ཐུབ་པའི་སྙིང་སྟོབས་དང་བློ་སྤོབས་ཀྱང་བསྩལད་ཡོད་དོ།།

དྲུག་པ། ཡ་ཧུ་དཱ་པས་དུས་ཆེན་སྐབས་རང་གི་བྱིས་པར་སྤྱི་ཚོགས་སློབ་གསོ་ཐོབ་པ་གཙིགས་ཆེན་དུ་འཛིན་པ་ཡིན། ཡ་ཧུ་དཱ་པར་མི་རིགས་ཆོས་ལུགས་ཀྱི་དུས་ཆེན་ཧ་ཅང་མང་ཞིང་། དུས་ཆེན་རེར་སླེབས་དུས་ཡ་ཧུ་དཱ་པའི་མི་རྣམས་ཀྱིས་གཟབ་རྒྱས་ཆེ་བའི་རྗེས་དྲན་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། གོ་རིམ་འདིའི་ཁྲོད་ནས་བྱིས་པ་ཚོར་གནད་དོན་ཁ་ཤས་ཀྱི་དྲི་བ་བཏོན་ནས་བློ་སྒོ་འབྱེད་པར་བྱས་ནས་དཀའ་སྡུག་ཚད་མེད་ཀྱི་ལོ་རྒྱུས་དེ་བརྗེད་མེད་རུས་རྐང་ལ་ཐིམ་པར་བྱེད་པ་ཡིན།


བདུན་པ། ཡ་ཧུ་དཱ་པའི་མིས་བདག་གཉེར་གྱི་ཐབས་ལམ་ཤེས་པ་ཡིན། མི་ཕལ་ཆེ་བས་ཡ་ཧུ་དཱ་པའི་མི་ནི་དངུལ་གསོག་པར་ཤིན་ཏུ་མཁས་སྙམ་གྱིན་ཡོད། དོན་ངོ་མར་ཁོ་རང་ཚོས་འབད་བརྩོན་ལྷོད་མེེད་སྒོ་ནས་རང་ཉིད་ཀྱི་བྱ་བའི་ཉམས་མྱོང་དང་ཤེས་ཡོན་ཕུན་སུམ་ཚོགས་པར་བྱེད་ཀྱིན་ཡོད་དེ། གོམ་པ་རེ་རེ་བཞིན་ཁྱད་དུ་འཕགས་པའི་འབྱོར་ཕྱུག་གི་ལམ་ལ་བསྐྱོད་པ་རེད། གོ་རིམ་འདིའི་ཁྲོད་དུ། ལས་ལ་བརྩོན་པ་དང་བཟོད་བསྲན་ཆེ་བ། བློ་སྤོབས་ལྡན་པ། ཤེས་རབ་ཡོད་པ་བཅས་ནི་ཁོ་ཚོའི་བདག་གཉེར་གྱི་ཐབས་ལམ་ཡིན་ལ། གཞན་ཡང་དག་པའི་སློབ་གསོ་ནི"ལམ"གྱི་གཞི་རྩ་ཡིན་པར་དོགས་གནས་གང་ཡང་མེད་དོ།།


བརྒྱད་པ། ཡ་ཧུ་དཱ་པའི་མི་ལ་ཧ་ཅང་ལེགས་པའི་མི་རིགས་ཀྱི་གཤིས་རྒྱུད་མངའ། ཐོག་མར་ཁོ་རང་ཚོ་མི་རིགས་ཀྱི་དཀའ་སྡུག་མནར་གཅོད་ཁྲོད་ཡ་ང་བའི་དམར་གསོད་ཐེབས་ཡོད་མོད། འོན་ཀྱང་སྙིང་སྟོབས་ལ་ནམ་ཡང་ཞུམ་པ་མེད་པ་དང་ཡིད་ཆེས་ཀྱི་སྤོབས་པ་ལ་ཉམས་པ་མེད། གཞན་ཡང་དཀའ་སྡུག་མནར་གཅོད་འོག་ཏུ། ཡ་ཧུ་དཱ་པའི་མི་རྣམས་ལ་ཁྱད་དུ་འཕགས་པའི་སེམས་ཁམས་ཀྱི་རང་གཤིས་ཤིག་ཆགས་པར་བྱས་ཡོད་པ་དང་གཞན་ལས་འཕགས་པའི་བཟོད་བསྲན་དང་མཉེན་ཆ་ཡོད་པ་ཡིན། མཐར། ཡ་ཧུ་དཱ་པའི་མི་ནི་ནན་ཏན་གྱིས་རང་གཅུན་བྱེད་ཐུབ་པ་དང་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་པའི་མི་རིགས་ཤིག་ཡིན། ཁོང་ཚོར་མངའ་བའི་གཤིས་རྒྱུད་འདི་གསུམ་པོ་ནི་མི་རིགས་འདིའི་སྲོལ་རྒྱུན་རིག་གནས་དང་སློབ་གསོ་ལས་བྱུང་བ་ཡིན་ནོ།།

དགུ་བ། ཡ་ཧུ་དཱ་པའི་མིའི་ཁྲོད་དུ་འཛམ་གླིང་ཤེས་རིག་དཔལ་ཡོན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པར་བྱས་པའི་མི་སྣ་ཧ་ཅང་བོ་ཡོད་པ་དང་། མི་འདི་དག་ཚང་མའི་ལུས་སྟེང་དུ་གཤིས་རྒྱུད་གཙོ་བོ་གསུམ་ཡོད་དེ། གཅིག་ནི་ཁོ་རང་ཚོའི་ལེགས་འགྲུབ་དང་གཞན་དང་མི་མཚུངས་པའི་བྱ་བཞག་གི་མཛད་རྗེས་དག་ནི་ཡ་ཧུ་དཱ་པའི་སྲོལ་རྒྱུན་གྱི་སློབ་གསོ་དང་འབྲེལ་བ་ཟབ་མོ་ཡོད་ལ། ཁོང་ཚོའི་མི་ཚེ་གཅིག་ལ་འབད་བརྩོན་ལྷོད་མེད་དང་མཛད་རྗེས་དག་གིས་རྨང་གཞི་བྱས་པ་ལས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཡོད། གཉིས་ནི་ཁོང་ཚོའི་བྱ་བཞག་གི་ལེགས་འགྲུབ་དང་ཡ་ཧུ་དཱ་པའི་ཁྱིམ་ཚང་ནང་གི་རྒན་གཞོན་ཕྱོགས་གཉིས་སློབ་གསོ་དང་། སྔ་མོ་ནས་བློ་སྒོ་འབྱེད་པ། ཚོགས་སྡེ་སློབ་གསོའི་ཁྲོད་ནས་བུ་ཕྲུག་ཚོ་སློབ་སྦྱོང་ལ་དོན་གཉེར་ཡོད་པ་དང་དཀའ་གནད་འདྲི་བ། བསམ་གཞིགས་གཏོང་བ་བཅས་བསྐྱེད་བསྲིང་བྱེད་པའི་སློབ་གསོའི་ཐབས་ལམ་དང་འབྲེལ་བ་དམ་ཟབ་ཡོད། གསུམ་ནི་ཁོ་ཚོ་ཚང་མར་མིའི་རིགས་ཡོངས་ལ་བཅངས་པའི་བརྩེ་བ་ཡོད་པ་དང་སློབ་སྦྱོང་སྐབས་སུ་ཁེངས་སྐྱུང་ལྡན་ཞིང་མཐའ་སྐྱེལ་བྱེད་པ། དཀའ་སྡུག་ལ་མི་སྐྲག་པ། ཧུར་བརྩོན་ལྷོད་མེད་བྱེད་པ། མཚམས་མི་འཇོག་པར་རང་ཉིད་དང་རིག་གཞུང་གི་གཏན་ཚིགས་ལ་འགྲན་རྩོད་བྱེད་པ། གཞན་གསར་གཏོད་བྱེད་སྤོབས་པ་བཅས་སོ།།

བཅུ་བ། དབྱི་སི་རལ་སྲིད་གཞུང་གིས་སློབ་གསོའི་ཐད་གཏོང་བའི་གྲོན་དངུལ་ནི་རྒྱལ་ཁབ་གཞན་པས་བསྡུར་ཐབས་བྲལ། དབྱི་སི་རལ་དུ་ཆབ་སྲིད་པ་དང་ཤེས་ཡོན་པའི་སྡེ་གཉིས་ཀྱིས་བལྟས་ན། སློབ་གསོའི་ཐད་མ་དངུལ་གཏོང་བ་ནི་རྒྱལ་ཁབ་ཀྱི་ཁུར་བོ་ཞིག་གཏན་ནས་མ་ཡིན་པར་དེ་ནི་ནུས་པ་ཐོན་པའི་རྒྱལ་ཁབ་ཀྱི་ཐོན་ཁུངས་ཤིག་ཡིན་པ་རེད། ཐོན་ཁུངས་དང་རྒྱུ་ནོར་མེད་ན་སྐྱོན་མེད་དེ། དགེ་རྒན་གྱིས་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་ཐུབ་པ་ཡིན་ན་ད་གཟོད་དབྱི་སི་རལ་རྒྱལ་ཁབ་ལ་ཡོད་ཚད་ཡོད་པ་ཡིན།

བཅུ་གཅིག དབྱི་སི་རལ་གྱི་ངོ་མཚར་བའི་སློབ་གསོའི་བྱས་རྗེས་ནི་ཞི་པོ་ལེ་སྐད་ཡིག་གི་ཉམས་པ་སོར་ཆུད་ཀྱི་བསྐྱར་དར་བྱས་པ་དེ་ཡིན། སྐད་ཡིག་ནི་མི་རིགས་ཤིག་གི་མཐུན་སྒྲིལ་དང་བསྐྱར་དར་བྱེད་པའི་སྐྱོབ་ཐག་ཡིན་པ་སྨོས་མ་དགོས། ཞི་པོ་ལེ་སྐད་ཡིག་ནི་གནའ་བོའི་དུས་སུ་ཡ་ཧུ་དཱ་པའི་སྐད་ཡིག་ཡིན་ལ། <<གསུང་རབ་རྙིང་མ>>ཡང་ཞི་པོ་ལེའི་ཡི་གེས་བྲིས་ཡོད་པ་རེད། ཡིན་ནའང་ཡ་ཧུ་དཱ་པའི་མི་རྣམས་འཛམ་གླིང་གི་ཡུལ་གྲུ་གང་སར་འཐོར་རྗེས། ཁོ་རང་ཚོས་ཉིན་རྒྱུན་འཚོ་བའི་ཁྲོད་རིམ་གྱིས་རང་ཉིད་སྡོད་སའི་རྒྱལ་ཁབ་དེའི་སྐད་ཡིག་དང་ལེན་བྱས་པ་དང་ཞི་པོ་ལེ་སྐད་ཡིག་ཀྱང་རིམ་གྱིས་ཉམས་པར་གྱུར། དུས་རབས19བའི་ནང་ཡ་ཧུ་དཱ་པའི་རྒྱལ་ཁབ་བསྐྱར་འཛུགས་ཀྱི་ལས་འགུལ་དྲག་ཏུ་སྤེལ་རྗེས། "མི་རིགས་གཅིག་ལ་སྐད་རིགས་གཅིག"ཅེས་པའི་འབོད་ཚིག་བསྒྲགས་པ་དང་། ལོ་ངོ100ལྷག་རིང་སྔོན་ན་མེད་པའི་དབྱི་སི་རལ་གྱིས་སློབ་གསོའི་ཐབས་ལམ་བརྒྱུད་དེ་ཞི་པོ་ལེའི་སྐད་ཡིག་དེ་ནི་བརྡ་སྤྲོད་ཀྱི་ནུས་པ་གསལ་ཞིང་ཐ་སྙད་ཕུན་སུམ་ཚོགས་པའི"སྐད་ཡིག་གསོན་པོ"དང་གཞུང་ཕྱོགས་ཀྱིས་སྤྱོད་པའི་སྐད་ཡིག་ཅིག་ཏུ་བཏང་བ་རེད། འདི་ནི་ངོ་མཚར་བའི་བྱས་རྗེས་ཤིག་ཅི་ལ་མིན་ཨང་།


གོང་དུ་དོན་ཚན་བཅུ་གཅིག་ཙམ་གྱིས་ཡ་ཧུ་དཱ་པའི་སློབ་གསོ་དང་འབྲེལ་བའི་ལྟ་ཚུལ་འགའ་བརྗོད་ཡོད། ཡིན་ནའང་ལྟ་ཚུལ་འདི་ཙམ་གྱིས་ལེགས་འགྲུབ་ཀྱི་ཡ་ཧུ་དཱ་པའི་སློབ་གསོའི་ངོ་གདོང་ཆ་ཚང་མཐོང་ག་ལ་ཐུབ། མི་རིགས་ཤིག་གི་དར་རྒྱས་དང་རྒྱལ་ཁབ་ཅིག་གི་བསྐྱར་དར་ལ་ཐབས་ལམ་མང་བོ་ཞིག་ཡོད་པ་དང་། སློབ་གསོ་ལ་བརྟེན་ནས་མི་རིགས་ཀྱི་རྒྱུན་བསྲིངས་ཤིང་རྒྱལ་ཁབ་སྟོབས་འབྱོར་དང་ལྡན་པར་བྱས་པ་འདིར་ང་ཚོས་བསམ་གཞིགས་ནན་མོ་གཏོང་དགོས་སོ།།

ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5914204
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号