དགུང་ལོ་བརྒྱ་ལྷག་ལ་སླེབས་པའི་རྨོ་མོ་ཞིག
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 18 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» ནུབ་གླིང་རི་མོ། »དགུང་ལོ་བརྒྱ་ལྷག་ལ་སླེབས་པའི་རྨོ་མོ་ཞིག
དགུང་ལོ་བརྒྱ་ལྷག་ལ་སླེབས་པའི་རྨོ་མོ་ཞིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2017-01-20ལྟ་ཀློག (2504)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགུང་ལོ་བརྒྱ་ལྷག་ལ་སླེབས་པའི་རྨོ་མོ་ཞིག
  2016/02/05     14:46


རྨོ་མོ་མཱོ་ཞེ།

ཁོ་མོས་རང་གི་མི་ཚེ་གཅིག་གིས་ནམ་ཡང་འགོ་རྩོམ་པ་འཕྱི་དྲགས་པ་མེད་པ་བདེན་དཔང་བྱས་ཡོད། ཨ་རིའི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་འཚོ་གཞེས་གནང་བའི་རྨོ་མོ་ལོ་ལོན་ཞིག་ཡོད་པ་དང་། ཐམས་ཅད་ཀྱིས་སྙིང་ཉེ་བའི་ངང་ཁོ་མོའི་མཚན་ལ་རྨོ་མོ་མཱོ་ཞེ་ཞེས་འབོད་པ་རེད། ཁོ་མོ་ནི་ཁྱིམ་ལས་ལ་འབད་པའི་སྤྱིར་བཏང་གི་ཁྱིམ་བདག་མ་ཕལ་བ་ཞིག་ལས་མ་འདས་པ་དང་། བུ་ཕྲུག་བཅུ་གསོ་སྐྱོང་གནང་བ་རེད། ཡིན་ནའང་དུས་ཚོད་ནི་བཤད་མི་ཤེས་པ་ཞིག་སྟེ། དེ་ལ་ཇི་ཙམ་གཅེས་སྤྲས་དང་དམ་འཛིན་བྱས་ན། དེ་ཙམ་གྱིས་ཕངས་སེམས་མེད་པ་ལྟ་བུ་ཞིག་རེད། ལས་ལ་བྲེལ་བའི་རྨོ་མོ་མཱོ་ཞེ་རང་བྱུང་ཁམས་ཆེན་མོར་དགའ་ཞེན་ཆེ། ཁོ་མོ་གཙགས་དྲུབ་ལ་དགའ་མོས་བྱུང་ནས་དགུང་ལོ་དོན་དྲུག་བར་དུ་རྒྱུན་འཁྱོངས་བྱས་ནའང་། རང་ལོ་དོན་དྲུག་ནས་བཟུང་གྲུམ་ནད་ཀྱི་དབང་གིས་ལས་ཀ་དེ་མཚམས་འཇོག་མི་བྱེད་ག་མེད་བྱུང་བ་དང་ཡང་རི་མོ་འབྲི་བའི་འགོ་བརྩམས་པ་རེད།


1940ལོར་དགུང་ལོ་བརྒྱད་ཅུར་སོན་པའི་ཁོ་མོས་ཉིའུ་ཡོ་རུ་རང་གི་བརྩམས་ཆོས་རི་མོ་འགྲེམས་སྟོན་བྱས་པ་དེས་སྐད་གྲགས་ཆོད་པར་གྱུར། 1960ལོར་རྨོ་མོ་ཁོང་དགུང་ལོ་བརྒྱ་ལ་སླེབས་པ་དང་། ཉི་ཧོང་གི་ཁྲིན་ཧྲེ་ཧྲང་ཞིན་ཟེར་བའི་ན་གཞོན་ཞིག་གིས་ཁོ་མོར་འཕྲིན་ཡིག་ཅིག་བཏང་ནས་བཤད་དོན། ཁོ་རང་གིས་ཞེན་ལོག་སུན་སྣང་བཟོ་ནའང་ཡོང་འབབ་བརྟན་པོ་ཡིན་པའི་ལས་ཀ་འདི་དོར་ནས་རང་ཉིད་དགའ་མོས་ཡོད་པའི་རྩོམ་འབྲི་བྱ་བར་ཞུགས་ན་འགྲིག་མི་འགྲིག་ཤེས་མ་བྱུང་ཟེར། རྨོ་མོ་མཱོ་ཞེ་ནས་རང་གིས་དངོས་སུ་ཕྱག་བྲིས་གནང་ནས་ཁོ་ལ་འཕྲིན་ལན་སྐུར་དོན། ཁྱེད་ཉིད་རང་ལོ་བརྒྱད་ཅུ་ཡིན་པའི་དབང་དུ་བཏང་ནའང་། རང་ཉིད་དགའ་མོས་ཡོད་པའི་ལས་ཀ་དེ་སྒྲུབས་ཤིག  སྐྱབས་མགོན་གྱིས་ཐུགས་དགྱེས་པའི་ངང་ནས་ཁྱེད་ལ་རྒྱལ་ཁའི་སྒོ་ཆེན་འབྱེད་རོགས་བྱེད་ངེས་རེད་ཅེས་བྲིས་པ་རེད། ན་གཞོན་དེ་ནི་སྐད་གྲགས་ཆེ་བའི་རྩོམ་པ་བོ་ཏུ་པེན་ཁྲོན་ཡེ་(渡边淳一)ཡིན།

རྨོ་མོ་མཱོ་ཞེ་ལ་མི་ཚེ་གང་བོར་ཚད་ལྡན་གྱི་སྒྱུ་རྩལ་སྦྱོང་བརྡར་གང་ཡང་ཐོབ་མྱོང་མེད་ནའང་། མཛེས་དཔྱོད་ཀྱི་དགའ་ཞེན་དེས་མི་རྣམས་ཧང་སངས་པར་བྱེད་པའི་གསར་གཏོད་ཀྱི་ནུས་པའི་བློ་སྒོ་ཕྱེས་པ་དང་ང་ཚོར་བརྩམས་ཆོས་རི་མོ་1600ལྷག་ཙམ་བཞག་ཡོད་ལ། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་གང་སར་རི་མོ་འགྲེམས་སྟོན་ཐེངས་བཅུ་ཕྲག་འགའ་ལ་སྤེལ་བ་རེད། དུས་རབས་ཕྱེད་ཀ་ཞིག་གི་རིང་། ཁོ་མོའི་རི་མོ་བརྩམས་ཆོས་རྒྱལ་མཚམས་ལས་བརྒལ་ཞིང་། མི་ལ་སེམས་འགུལ་ཐེབས་པའི་སྙིང་སྟོབས་དེ་ཨ་རི་ནས་འཛམ་གླིང་ཡོངས་ཀྱི་ཕྱོགས་ཀུན་ཁྱབ་པ་རེད།

གཤམ་གསལ་གྱི་རྩོམ་ཡིག་འདི་ནི་ཁོ་མོས་བྱིས་པ་ཚོར་བཤད་པའི་རང་ཉིད་ལོ་བརྒྱ་ལ་སླེབས་པའི་སེམས་ཚོར་གྱི་གཏམ་ཡིན་ལ། ང་ཚོས་མཉམ་དུ་དགུང་ལོ་བརྒྱ་ཐམ་པ་ཡིན་པའི་རྨོ་མོ་འདི་ཉིད་ཀྱི་བརྩེ་བ་དྲོན་མོ་དང་སྙིང་སྟོབས་ཀྱི་སྒུལ་ཤུགས་ལ་སེམས་ཀྱིས་རོལ་མྱོང་ཐེངས་ཤིག་བྱ།
ངའི་སྙིང་ནས་བརྩེ་བའི་བུ་ཕྲུག་ཚོ།
ད་ལོ་ང་རང་ལོ་བརྒྱ་ཐམ་པར་སླེབས་པ་དང་། མི་ཚེའི་མཐའ་ལ་སླེབས་པ་རེད། ང་རང་གི་མི་ཚེ་ལ་ཕྱིར་དྲན་བྱས་ན། ལོ་བརྒྱད་ཅུའི་སྔོན་ལ་མིང་དང་སྐད་གྲགས་གང་ཡང་མེད་པར་སྤྱིར་བཏང་གི་ཕལ་བའི་འཚོ་བ་རོལ། རང་ལོ་བརྒྱད་ཅུའི་རྗེས་སུ། སྔོན་དཔག་ཅི་ཡང་མེད་པའི་སྟེས་དབང་གི་ལས་སྐལ་ཞིག་གིས། བདག་གི་རི་མོའི་བྱ་བཞག་དེ་དམིགས་འདུན་གྱི་རི་བོའི་ཡང་རྩེ་རུ་བགྲོད་པར་བྱས། དེ་དང་བསྟུན་ནས་ང་རང་ཨ་རིའི་མི་ཐམས་ཅད་ཀྱིས་རྣ་བར་འཇགས་ཤིང་ངག་ནས་བཟློ་ཞིང་གཞོན་སྐྱེས་རྣམས་རེ་བས་ཁེངས་པར་བྱེད་པའི་རི་མོ་བ་ཞིག་ཏུ་གྱུར་བ་རེད།  མི་ཚེ་ནི་དངོས་གནས་ངོ་མཚར་བསམ་ཡུལ་ལས་འདས་པ་ཞིག་རེད།
བདག་གི་ཚེ་གྲོགས་འཇིག་རྟེན་དང་བྲལ་ནས་ལོ་ངོ་མང་བོ་ཞིག་འགོར་སོང་བ་དང་། བུ་ཕྲུག་དག་ཀྱང་རིམ་པ་བཞིན་ང་རང་གིས་རེ་རེ་བཞིན་སྐྱེལ་མ་བྱེད་དགོས་བྱུང་ཡོད། ང་དང་ལོ་ཚོད་མཉམ་པའི་མི་བུ་དག་ཀྱང་རེ་རེ་བཞིན་ང་དང་ཁ་བྲལ་སོང་། ང་རང་འདི་ལྟར་འཚོ་བཞིན་རང་ཉིད་ཀྱི་ན་ཚོད་ཀྱང་ཇེ་ཆུང་ལ་འགྲོ་བ་ལྟ་བུའི་ཚོར་སྣང་འབྱུང་གི་འདུག་ལ། ལོ་ན་ཆུང་བའི་ཚ་བོ་དང་ཡང་ཚའི་རབས་ཀྱི་བྱིས་པ་དག་དང་མཉམ་དུ་རྩེད་འདོད་ཀྱི་སྤྲོ་སྣང་ཡང་ཇེ་ཆེ་རེད། ཁོ་ཚོ་ཐང་ཆད་དེ་ངལ་ཞིང་དུབ་པའི་དུས་སུ་བདག་གི་མཐའ་སྐོར་ནས་སྡོད་པར་དགའ་བ་དང་། རྨོ་མོས་སྡིགས་མོ་བྱེད་པར་འཛེམ་དོགས་དང་སྐྲག་སྣང་ཡེ་ནས་བྲལ་ཞིང་། ཁོ་ཚོ་ཁ་རུ་སོ་མུ་ཏིག་ཙམ་ཡང་མེད་པའི་བདག་གི་མི་ཚེའི་རྟོགས་སད་ལ་ཉན་པར་སྤྲོ།

མི་ཁ་ཤས་ཀྱིས་འདྲི་རྒྱུར། ཁྱེད་ཀྱིས་ཅིའི་ཕྱིར་ལོ་ན་རྒས་དུས་ད་གཟོད་རི་མོ་འབྲི་བའི་བྱ་བ་འདི་གདམས་པ་ཡིན་ནམ། འདིའི་ཕྱོགས་ནས་ལེགས་འགྲུབ་འོང་ངེས་རེད་བསམ་པ་ཡིན་ནམ་ཞེས་དྲི་བ་འདོན་མྱོང་། བདག་གི་འཚོ་བ་ནམ་ཡང་ཞིང་ཁ་དང་ཁ་བྲལ་མྱོང་མེད་ལ། སྔོན་ཆད་ང་རང་ནི་སྤྱི་ཚོགས་ཀྱི་བལྟ་རྒྱ་དང་མཐོང་རྒྱ་གང་ཡང་མེད་པ་དང་དབུལ་ཞིང་ཕོངས་པའི་ཞིང་བའི་བུ་མོ་དང་ཞིང་རའི་བཟོ་བའི་ཆུང་མ་ཡིན། རི་མོ་འབྲི་བའི་ཡར་སྔོན་དུ། ངས་གཙོ་བོ་གཙགས་དྲུབ་ལས་ཀ་བྱས་པ་ཡིན། རྗེས་སུ་གྲུམ་ནད་ཀྱི་དབང་གིས་དེ་མི་སྐྱུར་ཐབས་མེད་བྱུང་བ་དང་རི་མོ་འབྲི་བྱེད་ཀྱི་སྨྱུ་གུ་ལག་ཏུ་བཟུང་འགོ་བརྩམས་པ་ཡིན། གལ་སྲིད་བདག་གིས་རི་མོ་མ་བྲིས་པ་ཡིན་ན་ངས་ཁྱིམ་བྱ་གསོའང་སྲིད། རི་མོ་འབྲི་བ་ནི་གཙོ་བོ་མ་ཡིན་ལ། གཙོ་བོ་ནི་འཐུས་སྒོ་ཚང་བར་གཏོང་བ་རྒྱུན་འཛིན་བྱེད་རྒྱུ་དེ་རེད། དེ་ཡང་ངས་རི་མོ་འབྲི་རྒྱུ་གདམས་པ་མ་ཡིན་པར་རི་མོས་ང་རང་འདེམས་པ་རེད། གལ་སྲིད་ད་ལྟའི་བར་དུ་རི་མོ་བྲིས་ནའང་ང་རང་སྔར་བཞིན་སྐད་གྲགས་ཅི་ཡང་མེད་པ་ཡིན། ངས་བསམ་ན་ད་ལྟའི་ང་རང་གིས་སྔར་བཞིན་རི་མོ་འབྲི་བའི་སྤྱིར་བཏང་གི་ཕལ་བའི་འཚོ་བ་རོལ་ན་འདོད། ཐོག་མར་རི་མོ་འབྲི་དུས། ངས་རང་ཉིད་ལེགས་འགྲུབ་འབྱུང་སྲིད་སྙམ་པའི་སྟོང་བསམ་བཅངས་མ་མྱོང་། སྐབས་དེར་ང་རང་ལེགས་འགྲུབ་ཀྱི་རྒྱལ་ཁ་དང་གདོང་ཐུག་བརྒྱབ་སྟེ་འཕྲད་པ་རེད། ཡིན་ནའང་བདག་གིས་སྔར་བཞིན་རི་མོ་འབྲི་བའི་སྤྱིར་བཏང་གི་ཕལ་བའི་འཚོ་བ་རོལ་བཞིན་ཡོད། ཚ་བོ་དང་ཡང་ཚ་དག་གི་མིག་ལམ་དུ། ཏག་ཏག་ད་ལྟའི་ང་རང་ནི་སྔར་བཞིན་དགའ་མོས་བྱེད་སའི་རྨོ་མོ་ལོ་ལོན་ཞིག་ཡིན།
ལོ་གཞོན་ཞིག་གིས་འཕྲིན་ཡིག་བསྐུར་ཏེ། རང་ཉིད་མགོ་རྨོངས་ནས་བསྡད་ཡོད་པ་དང་། རང་གི་བརྟན་འཇགས་ཀྱི་བྱ་བ་བསྐྱུར་ནས་རང་ཉིད་དགའ་མོས་ཡོད་སའི་བྱ་བ་ཞིག་སྒྲུབ་ན་ལེགས་མི་ལེགས་མི་ཤེས་ཟེར། བདག་གིས་སྒྲུབ་ཐུབ་པ་ནི་འཚོ་བས་ང་ལ་གནང་བ་མཐའ་དག་གང་ནུས་ཀྱིས་བསྡུ་ལེན་ཅི་ཐུབ་བྱེད་རྒྱུ་དེ་ཡིན་ལ། ཡོད་ཚད་དེ་འཕྲལ་འཐུས་ཚང་བྱེད་རྒྱུ་དེ་ཡིན།


ལོ་བདུན་ཅན་གྱི་བུ་མོ་ཆུང་ཆུང་ཞིག་གིས་མགོ་བོ་ཡར་ལ་བཏེགས་ཏེ་ང་ལ་འདྲི་དོན། བདག་གིས་ཀྱང་རྨོ་མོ་ཁྱེད་ནང་བཞིན་རི་མོ་འབྲི་བའི་འགོ་བརྩམས་ན་ཆོག་གམ། ད་ལྟ་ནས་འགོ་བརྩམས་ན་རྗེས་ཆོད་དམ་ཟེར། ངས་ཁོ་མོ་པང་དུ་བཟུང་ནས་སྐྲ་ལོར་བྱིལ་བྱིལ་བྱས་ཤིང་ལག་པར་འཇུས་ཏེ། ཁོ་མོའི་གདོང་ལ་བལྟས་ནས་གཟབ་ནན་གྱིས་བཤད་དོན། མི་སུ་ཞིག་ཡིན་ནའང་རི་མོ་འབྲི་ཆོག་སྟེ། ལོ་ཚོད་ག་འདྲ་ཞིག་ཡིན་ནའང་རི་མོ་འབྲི་ཆོག་ལ། མི་ཐམས་ཅད་ཀྱིས་སྐད་ཆ་བཤད་ཆོག་པ་ནང་བཞིན། མི་ཐམས་ཅད་ཀྱིས་རི་མོ་འབྲི་བའི་ལས་ཀ་སྟེ་འཇིག་རྟེན་གྱི་བྱ་དངོས་མཚོན་པར་བྱེད་པ་དང་རྟོགས་སད་བྱེད་པའི་ཐབས་ལམ་འདི་ལྟ་བུ་གདམས་ཆོག  ཡང་རི་མོ་འབྲི་བར་མི་དགའ་མཁན་དག་གིས་རྩོམ་ཡིག་འབྲི་བ་དང་གཞས་གཏོང་བ། བྲོ་གར་འཁྲབ་པ་སོགས་གདམས་ཀྱང་ཆོག  གལ་ཆེ་ཤོས་ནི་རང་ཉིད་དང་འཚམ་པའི་མདུན་ལམ་འཚོལ་རྒྱུ་དེ་ཡིན་ཞིང་། རང་ཉིད་བློ་མོས་ཡིད་མཐུན་གྱི་སྒོ་ནས་དུས་ཚོད་དང་ནུས་ཤུགས་ཕུལ་འདོད་ཡོད་པ་དང་། ཚེ་གང་བོར་དགའ་མོས་ཡོད་ཅིང་འགྱོད་པ་མེད་པར་མཐའ་འཁྱོལ་བར་བྱེད་འདོད་ཡོད་པའི་ལས་རིགས་བཙལ་དགོས།
མི་ཚེ་ནི་སྐད་ཅིག་སྐད་ཅིག་གིས་ཚར་ནས་འགྲོ་བཞིན་ཡོད། ཕྱིར་དྲན་རེ་བྱས་ན། ལོ་ཟླ་ནི་ང་རང་ཚོས་བསམ་པ་ལས་ཀྱང་མགྱོགས། ལོ་ན་ཆུང་དུས། སེམས་ཀྱི་རྒྱ་ལས་གྲོལ་ཏེ་མ་འོངས་པའི་ཐད་བསམ་བློ་གཏོང་བར་དགའ་ཞིང་། མ་འོངས་འཚོལ་སླད་རྒྱང་རིང་གི་གནས་སུ་བསྐྱོད་པ་དང་། ནུས་ཤུགས་དང་ཧུར་བརྩོན་ལ་བརྟེན་ནས་ཡོད་ཚད་ལེགས་བསྒྱུར་བྱས་ནས་རང་ཉིད་ལ་མཁོ་བ་དེ་འཐོབ་པར་འདོད་པ་རེད། ལོ་འགའ་ལས་མ་འགོར་བར། ལོ་ཚོད་ཀྱི་བྲེལ་འཚབ་ཆེ་བའི་འདུ་ཤེས་དང་འཚོ་བའི་གནོན་ཤུགས་མདུན་དུ་ལྷགས་པས། ང་ཚོ་སུ་ཡིན་ནའང་སྟབས་ལེགས་ནས་ཡ་ང་བའི་འཚོ་བའི་རྦ་རླབས་ལ་གཡོལ་ཐུབ་སོང་བའི་མི་གཅིག་ཀྱང་མེད་ལ། ཆར་རླུང་ཡོད་ཚད་གདོང་གིས་བསུས་པ་རེད། ད་ལོ་ང་རང་ལོ་བརྒྱ་ཐམ་པ་ཡིན། བདག་གི་གཅེས་ཕྲུག་ཚོ། བདག་གིས་ཁྱེད་ཅག་གི་ཚེ་གང་གི་བརྟན་བརླིང་གི་བདེ་སྐྱིད་དང་ལྷིང་འཇགས་ཀྱི་ལོ་ཟླ་ལ་ཇི་འདྲའི་སྲུང་སྐྱོབ་བྱེད་འདོད་པ་ལ་ཨང་། ཡིན་ནའང་ཁྱེད་ཚོས་དེ་སྒྲུབ་ནུས་པ་ངས་ཤེས་ཡོད། བདག་གི་རེ་སྨོན་ནི་ཁྱེད་ཅག་གིས་དངོས་གནས་རང་ཉིད་དགའ་སའི་བྱ་བ་འཚོལ་ཐུབ་པ་དང་མི་ཚེ་འདུན་མ་གཅིག་པའི་ཚེ་གྲོགས་བཙལ་ནས་ཚེ་སྲོག་གི་རིགས་ཀྱི་མྱུ་གུ་བསྐྱེད་པ། ཞི་འཇགས་དང་བློ་ཁོག་ཡངས་པོའི་སྒོ་ནས་འཚོ་བའི་ཉི་མ་རེ་རེ་བསྐྱལ་རྒྱུ་དེ་ཡིན།

ངའི་གཅེས་ཕྲུག་ཚོ། རང་ཉིད་དངོས་གནས་དགའ་སའི་བྱ་བཞག་གི་ལེགས་འགྲུབ་ལ་བློ་སེམས་རྩེ་གཅིག་གིས་གཞོལ་བ་ཡིན་ན། ཚྭ་སྒོག་གཡེར་གསུམ་དང་ཤ་མར་ཇ་གསུམ་སོགས་ཉིན་རྒྱུན་འཚོ་བའི་སུན་སྣང་དང་སྤྲོ་སྣང་མེད་པ་དག་རྦད་དེ་བཅོས་སྒྱུར་བྱས་ཆོག་ལ། ཁྱེད་རང་ཁྱིམ་ཚང་གི་འཚོ་བར་ཐལ་དྲགས་པར་མི་བརྟེན་པའང་རྦད་དེ་བྱས་ནས་རང་ཉིད་ལ་དབང་བའི་མངའ་ཐང་ཆུང་ཆུང་ཞིག་བཟུང་ཆོག  ཁྱེད་རང་ལ་རྒྱུས་མངའ་ཡོད་ཅིང་བརྩེ་བ་ལྡན་པའི་གཏན་གྲོགས་ཤིག་བཙལ་ནས་མི་གཉིས་དང་འཚམ་པའི་འཇིག་རྟེན་ཆུང་ཆུང་ཞིག་བསྐྲུན་ནས་དཀའ་སྡུག་ཡོད་ཚད་ལ་གདོང་ལེན་བྱས་ཆོག   འཚོ་བའི་དཀའ་སྡུག་ལ་འཕྲད་སྐབས་ཁེར་རྐྱང་དང་སྡུག་བསྔལ་ཡོད་མི་སྲིད། ཚེ་སྲོག་སྦྲུམ་པའི་གོ་རིམ་ཁྲོད་ཚེ་སྲོག་གི་ངོ་མཚར་བའི་གསང་བ་རྟོགས་འོང་སྲིད་པ་དང་སྔོན་མེད་ཀྱི་སྟོབས་ཤུགས་འཐོབ་ཡོང་། ལག་ཟུང་ཆུང་ཆུང་གཉིས་ཀྱིས་ཁྱེད་ལ་རེག་སྐབས། ཡིད་རྟོན་དང་གཞན་རྟེན་གྱིས་རྦད་དེ་ཁྱེད་ཀྱིས་རང་ཉིད་ཀྱི་འཇོན་ནུས་དང་སྟོབས་ཤུགས་མཐོང་བར་བྱེད་ཐུབ་ལ། རང་ཉིད་འཚར་ལོངས་འབྱུང་བ་མངོན་འགྱུར་བྱེད་ཐུབ།


མི་ཚེ་ནི་ལས་སླ་མོ་ཞིག་གཏན་ནས་མ་ཡིན་པར། ལང་ཚོའི་མེ་ཏོག་གི་འདབ་མ་རིམ་གྱིས་རྒྱས་འོངས་པ་དང་ཡང་དེ་ནས་རིམ་གྱིས་རྙིད་དེ་རྒས་འགྲོ། ངའི་གཅེས་ཕྲུག་ཚོ། ཁྱེད་ཚོས་རང་ཉིད་ཀྱི་མི་ཚེ་ལ་ཕྱིར་རྟོག་བྱེད་པ་བདག་གི་རེ་བ་ཡིན་ལ།རང་ཉིད་ནི་བརྩེ་འདང་རྣལ་མ་ཞིག་གི་སྒོ་ནས་འཚོ་བའི་དབང་གིས་སེམས་ཁྲལ་མེད་པ་ཡིན།ཞི་འཇགས་དང་བློ་གཤོག་ཡངས་པོས་འཚོ་རོགས། མ་ཤི་བར་དུ།ནམ་ཡང་ཁྱེད་ཅག་ལ་སྙིང་ནས་དགའ་བའི་རྨོ་མཱོ་ཞེ་ནས།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5931096
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号